རང་དབང་།
སྐྱ་མདའ་བཀྱགས་མ་ཐག་ང་གཉིད་ལས་སད་སོང་། ཕྱི་རོལ་དུ་ཁྱིམ་མཚེས་རྒྱ་གར་ཚང་གི་བྱ་ཕོའི་སྐད་སྒྲོག་བཞིན་འདུག ཉལ་ཁྲིའི་སྟེང་དུ་ཡུན་རིང་སྐུམ་བཙོག་བྱས་ཏེ་མདང་དགོང་གི་གྲོགས་པོའི་ཁ་བརྡ་དག་ལ་ཕྱི་དྲན་བྱས་པ་ཡིན། ད་ལོར་ན་ནིང་ལས་གནམ་གཤིས་ཇེ་འཁྱགས་སུ་ཕྱིན་འདུག སྒེའུ་ཁུང་དུ་ཆུ་བད་ཞིག་ཀྱང་བཞག་འདུག་པས་ཕྱི་རོལ་མཐོང་མི་ཐུབ། ཡིན་ཡང་། ད་ནི་ཟླ་བཅུ་བ་ཚེས་སོང་རུང་། རི་ལུང་ཐམས་ཅད་ད་དུང་སྔོ་ཡུག་ཡུག་ཏུ་འདུག ལྷག་པར་དུ་ཚ་བ་ནི་ཕ་ཡུལ་གྱི་དབྱར་ཟླ་དྲུག་པ་ལས་ཀྱང་མཐུ་པས། མཚམས་ལན་རེར། གནས་འདིའི་གནམ་གཤིས་ནི་མི་སེམས་ཉོབ་པའི་ཁ་སྣོན་ཞིག་རེད་ཨང་སྙམ་ཡོང་།
ངས་ཁྲུས་ཁང་གི་མེ་ལོང་དུ་བལྟས་ནས་གཟའ་འཁོར་འདིའི་གཙུབ་བརྡར་བར་ནས་སྐྱེས་པའི་ཁ་སྤུ་དག་གཞར་ཞོར། དེ་རིང་གཟའ་ཉི་མ་འདི་ཇི་ལྟར་འཁྱོལ་བའི་ཕྱོགས་སུ་བསམ་བློ་བཏང་བ་ཡིན། དེ་དུས་ཉི་འོད་སྒེའུ་ཁུང་གི་ངོས་སུ་འཕྲོས་སོང་།
མི་རྐྱང་ཞིག་གི་ལ་མཚོན་ན། དངོས་ནས་གཟའ་ཉི་མ་ནི་འཁྱོལ་དཀའ་བ་ཞིག་ཡིན་ཡང་། ང་ནི་གསར་འགོད་པ་ཞིག་ཡིན་པས་རྒྱུན་དུ་གཟའ་ཉི་མར་རི་གྲོང་འདིའི་མི་དག་ལ་བཅའ་འདྲི་བྱེད་དུ་འགྲོ་བཞིན་ཡོད། དེ་ལྟར་བྱས་ན་ཉི་མ་ཡང་འཁྱོལ་འགྲོ་ལ། སྟབས་ལེགས་ན་གསར་འགྱུར་གལ་ཆེན་རེ་ཡང་འབྲི་ཐུབ། མདང་དགོང་གྲོགས་པོའི་གླེང་བའི་མི་དེ་ནི་ངོས་སུ་མཐོང་མྱོང་མེད་ཀྱང་། ཁོང་ལ་བཅར་འདྲི་ཞིག་བྱེད་དགོས་བསམ་པའི་བློ་ཞིག་སྔོན་ནས་ཡོད་ཀྱང་སྐབས་བབ་ཀྱི་གསར་འགྱུར་དག་གིས་ཅིས་ཀྱང་མ་བཏང་བས། མིག་ལྡེབ་དབང་ཙམ་གྱིས་ལོ་གཅིག་ཕྱིན་སོང་། མདང་དགོང་གྲོགས་པོ་དང་ལྷན་དུ་རྩོམ་རིག་སྐོར་གྱི་ཁ་བརྡ་ལ་ལྷོད་སྐབས། “གྲོགས་པོས་ཡང་ཡང་གལ་ཏེ་ཁོང་བྱོན་མེད་ན། ས་འདིར་རྩོམ་རིག་གི་བསྟན་པ་འདི་ཅིས་ཀྱང་དར་དཀའ་ཨ་ཟེར།”
ངས་མདང་དགོང་གི་གྲོགས་པོ་ངེད་གཉིས་བར་གྱི་ཁ་བརྡ་དག་དྲན་བཞིན། དེ་རིང་མི་དེ་ལ་བཅར་འདྲི་ཞིག་བྱེད་དུ་འགྲོ་བར་སྟ་གོན་བྱས་པ་ཡིན། རེད་ཀྱང་མི་དེ་གང་ཞིག་ཏུ་བཅའ་སྡོད་བྱས་ཡོད་མེད་ངས་མི་ཤེས། མདང་དགོང་གྲོགས་པོ་ལ་ཡང་གསལ་བོ་ཞིག་བཤད་རྒྱུ་མི་འདུག
ད་ལྟ་ང་རི་གྲོང་འདིའི་ཐང་ཁྲོམ་དབུས་ཀྱི་འཚུག་ཇ་འཐུང་ས་དེ་ན་ཡོད། ང་རྒྱུན་དུ་འདིར་ཡོང་ནས་འཚིག་ཇ་དང་ལྷན་དུ་ཨ་མདོའི་གོ་རེ་བཟོས་པ་ཡིན། འདི་ནི་ཇ་ཁང་འདིའི་ཁྱད་ཆོས་ཤིག་ཀྱང་ཡིན་ལ། ངའི་ཞོགས་ཇ་ཡང་འདི་ཡིན། ཉི་མ་ད་ལྟ་ཐག་ཚད་ཅིག་གིས་ཡར་འཕག་འདུག ཐང་ཁྲོམ་ཚོང་བ་ཚོ་ཡང་རང་རང་གི་ས་ཐོག་ན་ཚོང་རྫས་འགྲེམས་པར་བྲེལ། གཟའ་འཁོར་སྔོན་མའི་གཟའ་ཉི་མར་ངས་འདི་གའི་ཐང་ཁྲོམ་ཚོང་པ་ཞིག་ལ་བཅར་འདྲི་བྱས་པ་ཡིན་ལ་། དེ་ཉིད་ཡིག་ཐོག་ཏུ་བཀོད་དེ་རྩོམ་སྒྲིག་པར་སྤྲད་ཟིན་ཡོད།
ངས་མུ་མཐུད་དུ་ཐང་ཁྲོམ་ཚོང་བ་ཚོར་མིག་གཡེང་བྱ་བཞིན་ཡང་བསྐྱར་འཚིག་ཇ་ཞིག་མངགས་པ་ཡིན། དེ་དུས་འཚུག་ཇ་ཁང་གི་གཡས་ཕྱོགས་ནས་’ཀ་པ་ལ་རུ་སྤུ་མེད་པའི’ཡར་གསེག་ཅིག་སླེབས་བྱུང་། ཁོས་གྱོན་འདུག་པའི་རྩལ་སྦྱོང་ལྭ་བ་དེ་ནི་ལུས་སུ་དེ་འདྲའི་འགྲིག་མོ་ཞིག་ཁྱོན་ནས་མ་རེད། ངས་དེ་ལྟར་སྙམ་བཞིན་རྒད་པོ་འདི་གང་ཞིག་ཏུ་ཞོགས་རྩལ་སྦྱང་དུ་སོང་བ་ཡིན་ནམ། ཁོ་བོས་རི་གྲོང་འདི་རུ་ལོ་ངོ་གཉིས་ལྷག་ལ་གསར་འགོད་པའི་བྱ་བ་སྒྲུབ་ཀྱང་། རི་གྲོང་འདི་གར་ཞོགས་རྩལ་སྦྱང་སའི་གནས་འོས་མོ་ཞིག་ཡོད་པ་མཐོང་མ་མྱོང་། རྒད་པོ་འདིའི་ཞོགས་རྩལ་སྦྱང་སའི་གསང་བའི་གནས་ཤིག་ཤེས་པ་འདྲ་བས། ཁོ་ལ་སྐད་ཆ་ཞིག་འདྲི་དགོས་སྙམ་ནས་ངོས་ཀྱི་གཡས་ཕྱོགས་སུ་བཙོག་འདུག་པའི་རྒད་པོ་ལ་འཛུམ་ཙམ་བྱས་ཏེ་སྐད་ཆའི་མགོ་གླེང་གྲབས་བྱས་དུས། རྒད་པོའི་ཚུར་ཁ་གྲགས་བྱུང་།
“ཁྱོད་གསར་འགོད་པ་དཔལ་ལྡན་ཡིན་ནམ།”
ངས་སེམས་སུ་རྒད་པོ་འདིའི་ང་ཇི་ལྟར་ངོ་ཤེས་པ་ཡིན་ནམ་སྙམ་བཞིན་ཡིན་ཞེས་ལན་བཏབ་པ་ཡིན།
“ཁྱོད་ཚོའི་གསར་འགོད་ཁང་དཀའ་ངལ་དེ་ལས་བཟློག་ཐུབ་སོང་ངམ་ཟེར།” ངས་རྒད་པོ་འདིའི་བཤད་པའི་དཀའ་ངལ་ཟེར་བ་དེའི་དོན་མ་གོ་བར་རེ་ཞིག་ལྷག དེ་མུར་གཟའ་འཁོར་སྔོན་མར་བཅར་འདྲིའི་ལེ་ཚན་གྱི་’ཤེས་ཡོན་སྲིད་བྱུས་ཐད་དུ་གཞི་རིམ་དགེ་རྒན་ལ་བཅར་འདྲི་བྱས་པ་དེ་། ཚགས་པར་དུ་དཔར་ནས་བཀྲམ་པའི་ཕྱི་ཉིན་སྒྲིག་འཛུགས་ནས་ཉེན་བརྡའི་བཟོ་འདྲ་བའི་ཡི་གེ་ཡིག་ནོར་གྱིས་ཁེངས་པ་ཞིག་ངེད་གསར་འགོད་ཁང་ལ་བརྒྱུད་བསྐུར་བྱས་ཡོང་། ཡིན་ཡང་དེ་ནི་ངེད་གསར་བཀོད་ཁང་དང་སྒྲིག་འཛུགས་གཉིས་ཀྱི་བར་གྱི་གསང་བའི་གཡུལ་འཁྲུག་ཅིག་ཡིན་པའི་མི་ཚད། ངེད་ཚང་གིས་ད་བར་་དོན་དེ་ཕྱིར་བསྒྲགས་བྱས་མ་མྱོང་། རྒད་པོ་འདིའི་འདྲི་བའི་དཀལ་ངལ་་ཟེར་བ་འདི་ཡིན་མི་སྲིད། འོ་ན། དོན་ཅི་ཞིག་ཟེར་བ་ཡིན་ནམ་སྙམ་ནས།
“དཀའ་ངལ་ཅི་ཞིག་”ཅེས་ལྡོག་འདྲི་ཞིག་བྱས་པ་ཡིན།
“སྒྲིག་འཛུགས་ནས་བསྐུར་བའི་ཡི་གེ་དེ། ཁྱོད་ཚོས་ཇི་ལྟར་ཐག་གིས་བཅད་ཟིན་ནམ།”
ང་གློ་བུར་དུ་རང་གི་གམ་གྱི་རྒད་པོ་འདི་སུ་ཡིན་ལ་དོགས་པ་ཞིག་སྐྱེས། སྒྲིག་འཛུགས་ཀྱི་ལས་བྱེད་ཉིས་བརྒྱ་བོ་དེའི་ཁྲོད་ཀྱི་ནི་མ་རེད། གལ་ཏེ་ཡིན་ན་ནི། ངས་མཐོང་མྱོང་མེད་པ་ནི་དཔེ་མི་སྲིད། སྒྲིག་འཛུགས་ཀྱི་ལས་ཁུངས་དེ་དག་ཏུ་ང་རང་ཉིན་གཅིག་ལ་རེབ་རེ་འགྲོ་བཞིན་ཡོད་ཟེར་ན་ཆོག་པས། ངས་རྒད་པོ་འདི་རྩ་ནས་མཐོང་མ་མྱོང་། དེ་ན་ཁོ་ནི་སུ་ཡིན་ནམ།
ངས་ནི་དགོས་རྒྱུའི་ལན་མི་འདེབས་པར་རང་དབང་མེད་པར་ཁ་ནས་”ཁྱོད་སུ་ཡིན’་ཞེས་ཐལ། རྒད་པོ་འཛུམ་ཙམ་བྱ་བཞིན། ང་ཁྱོད་ཚོའི་གྲོགས་པོ་ཞིག་ཡིན་ཟེར།
ངས་སླར་ཡང་རྒད་པོ་དེའི་སྐད་ཆའི་དོན་ཅིས་ཀྱང་མ་གོ་ལ་ཅི་ཞིག་ཟེར་དགོས་མིན་ཡང་མ་ཤེས་པར། དོན་དག་དེ་ནི་ང་ཚོའི་ཡི་གེ་དེ་དང་ལྷན་དུ་གད་སྙིགས་སུ་གཡུགས་ཟིན། ངས་སྐད་ཆ་འདི་མདང་དགོང་གྲོགས་པོ་ལ་ཡང་བཤད་པ་ཡིན། དེ་དུས་ང་ལ་འཚེར་སྣང་འདྲ་ཅི་ཡང་མ་བྱུང་། གམ་གྱི་རྒད་པོ་འདི་ལ་གྲོགས་པོ་ལ་བཤད་པ་ལྟར་བཤད་པས་རང་ཉིད་ཅུང་དོགས་མི་བདེ་བ་ཞིག་ཏུ་བཏང་། དེ་བས་ག་ལེར་རྒད་པོའི་ངོ་ལ་གཅིག་བལྟས་དུས། རྒད་པོ་དེས་ཅི་ཡང་མི་ཟེར་བར་མཛུམ་ཞིག་བསྟན་ནས་འདུག
ད་དུང་མུ་མཐུད་དུ་བསྡད་ན་ཅི་ཞིག་བཤད་དགོས་མིན་མི་ཤེས་པས”ང་ལ་དོན་དག་ཅིག་ཡོད། འགྲོ་རྒྱུ་ཡིན་”ཞེས་ལམ་འཕྲད་རྒད་པོ་དེ་ལ་བདེ་མོ་སྟབས་བདེ་ཤིག་བཞག་ཏེ། འཚུག་ཇ་ཁང་གི་ཕྱི་རོལ་དུ་བུད་མ་ཐག རྒད་པོ་དེ་ལ་ལུས་རྩལ་སྦྱང་ས་གར་ཡོད་འདྲི་རྒྱུ་བརྗེད་སོང་ན་ཡང་། ཕྱིར་སོང་ནས་ནན་གྱིས་འདྲི་དགོས་པའི་དོན་དག་ཅིག་ནི་མིན་པས། ལམ་འགྲམ་གྱི་ཐང་ཁྲོམ་ཚོང་རྫས་ལ་མིག་གཡེང་བྱ་བཞིན་ཡོང་བ་ཡིན།
སྒོ་འདི་རྡུང་ན་ནང་དུ་ཡོད་པ་ནི་ངའི་བཅར་འདྲི་བྱ་སའི་མི་དེ་ཡིན། དེ་རིང་ཚ་བའི་ནང་དུ་ཡར་རྒྱུག་མར་རྒྱུག་བྱས་ནས་མི་བཅུ་ལྷག་ལ་མི་དེ་གར་ཡོད་དང་གར་སྡོད་དྲིས་རྗེས། ཐ་མར་ང་སྒོ་འགྲམ་འདི་རུ་འབྱོར་བྱུང་།
སྒོ་འགྲམ་ནས་ང་ཅུང་ཟད་ལངས་ཏེ་སེམས་སུ་འདྲི་བ་དག་ཚགས་སྒྲིག་པ་ཡིན། ངས་སྒོ་རྡུང་མ་ཐག་རྒད་པོ་ཞིག་གིས་སྒོ་ཕྱེ་བྱུང་། སྒོ་ཕྱེ་མཁན་ནི། ད་ནངས་ང་འཚིག་ཇ་ཁང་ནས་ཐུག་པའི་རྒད་པོ་’ཀ་པ་ལ་རུ་སྤུ་མེད་པ’་ཁོ་རེད།
དེ་རིང་གཟའ་ཉི་མ་རེད་ཡིན་ནའང་ཟླ་བ་བཅུ་པ་གང་ཡང་མ་རེད་་་གསར་འགོད་པ་འདི་ཡིས་ཡིག་ནོར་དང་འབྲི་ནོར་མང་ཙམ་འདུག་པས་དེ་རིང་གཟའ་ཉི་མར་གྲོགས་མོ་དང་ལྷན་དུ་གང་འཚམས་བཏུང་བ་འདྲ་འདུག
འདིས་ཡག་པོ་ཞིག་བྲིས་འདུག དེང་སང་རྩོམ་ཅུང་ལེགས་པོ་འདི་འདྲ་ཞིག་ཀྱང་དྲ་ངོས་ནས་མཐོང་དཀའ།
བཀྱགས་མ་(ཐག)
ཡར་(གསེག།)
གསར་འགོད་པ་ཞིག་ཡིན་ན་བཟང་གི། བོད་སྐད་ཡག་པོ་ཞིག་འབྲི་མི་ཐུབ་ནོ་མི་མཟང་གི། གོང་གི་དེ་གཉིས་ལ་བོད་སྐད་མ་ཤེས་བའི་སྐྱོན་འདུག། བོད་སྐད་གཙང་མ་བོ། ཡིག་ཐོག་ལ་འདི་ལྟར་བྲིས་ན། ང་ངུ་རྒྱུ་དང་དགོད་རྒྱུ་གཉིས་ཀ་ཡོང་གི། བཅོས་རོགས་བྱོས། དྲིན་ཆེན་པོ།