རྩོམ་པ་བོ། ཐུབ་བསྟན་ཕུན་ཚོགས། (ཨེ་མ་ཧོས་འོས་སྦྱོར་བྱས།)
ཕྱི་སྣོད་འཇིག་རྟེན་གཟའ་སྐར་འབྱུང་བཞིའི་རྩིས། །
ནང་བཅུད་ཟུག་རྔུ་འཇོམས་བྱེད་གསོ་རིག་ཐབས། །
གསང་བ་ཡང་གསང་རྫོགས་ཆེན་སྙན་རྒྱུད་གཞུང་། །
གཅིག་བསྡུས་གདམས་པའི་མཛོད་འཛིན་གཤེན་རབ་རྗེ། །
ཞང་བོད་རིག་གནས་གངས་རིའི་དཔལ་དུ་བརྗིད། །
སྨན་རྩིས་རྣམ་བཤད་བོད་ཀྱི་མཁས་པས་སྤེལ། །
འབྱུང་རྩིས་ཉིན་ཞག་བཟང་ངན་རྩོད་པ་ལ། །
ཨེ་ཝཾ་སྟོང་པའི་ཆོས་སྐད་ངལ་བའི་རྒྱུ། །
ཕྱོགས་བརྒྱ་འདུས་པའི་བླ་རུང་ཆོས་སྒར་ནས། །
སྔགས་བརྒྱས་བསྒྲུབས་པའི་ཨར་གཏད་ནུས་མཐུ་རྡུགས། །
དཔུང་བརྒྱ་བསྒྲིགས་པའི་དཔའ་སྐད་དབྱིངས་སུ་ཡལ། །
ལྕེ་བརྒྱ་འདུས་པའི་ལུང་རིགས་དེ་རིང་མཐོང་། །
རྩོད་གཞི་ངན་དགུ་ཉི་ནག་ཡན་ཀྭོང་སོགས། །
འབྱུང་ཁུངས་རྒྱ་ནས་ཡིན་མིན་མ་བཤད་པར། །
འབྲེལ་མེད་ལོ་རྒྱུས་ཡིག་སྐྱོན་རྩོད་གླེང་འདི། །
ཕ་ཞྭ་འབོད་ཚེ་མ་ལྷམ་ཁྱེར་དང་མཚུངས། །
སྙིང་རྗེ་ཁར་ཁྱེར་ཉམ་ཆུང་སྐྱབས་འོག་ཕུད། །
རིས་མེད་དྲིལ་བསྒྲགས་རིས་གཅིག་རྒྱལ་མཚན་འཕྱར། །
གཞན་ཕན་ཟེར་ཞིང་གཞན་སྡེ་ཁྲག་ལྟར་དཀྲུགས། །
སྙིགས་མའི་ཆོས་པས་སྙིང་པོ་སྲིད་དོན་བསྒོམས། །
ཆོས་བརྒྱད་རེ་བ་སྟོང་པའི་དབྱིངས་སུ་བསྐྱལ། །
མི་བསྲུན་འགྲོ་བ་མཆན་གྱི་བུ་ལྟར་བསྐྱང་། །
སྡེ་འབངས་གང་དགོས་རེ་འདོད་བསྐང་ནུས་ན། །
རབ་བྱུང་ངུར་སྨྲིག་འཆང་བ་དོན་དང་ལྡན། །
ད་ལན་གསེར་རྟ་བླ་རུང་གི་མཁན་དགེ་དཔལ་ལགས་ཀྱིས་ཁོ་བོ་ལ་གནང་བའི་གསལ་འདེབས་དེ་ནི་གཏམ་ཉོག་མང་དྲགས་ནས་སྔ་གསུང་ཆ་ཚང་ལ་ལན་ཕུལ་བའི་དགོས་གལ་མ་མཐོང་། དེ་ལས་གནད་ཡོད་འགའ་ཞིག་ལ་གསལ་བཤད་ཞུ་བར། མཁན་ཆེན་ལགས་ཀྱི་གསུང་རྣམས་ཡིག་གཟུགས་སྔོ་ལ་ཆེ་བ་དང་། ཕྲན་གྱིས་ཕུལ་བའི་ལན་རྣམས་ཡིག་གཟུགས་ཆུང་ལ་ནག་པར་བྱས་ཡོད་པ་ནི་ཁོང་ལ་གུས་ཞབས་མཚོན་བྱེད་ཡིན་ནོ། །
༡༽ གསལ་བཤད་དང་པོ། སླད་ཕྱིན་སྐབས་ཐོབ་ཀྱི་བརྗོད་བྱ་ངན་པ་དགུ་འཛོམས་དང་། ཉི་ནག ཡན་ཀྭོང་སོགས་འབྱུང་ཁུངས་རྒྱ་བོད་གང་ནས་ཡིན་པའི་དོན་དང་མི་འབྲེལ་བ། ཡིག་སྐྱོན་དང་ཚིག་སྐྱོན་སོགས་ལ་རྩོད་པ་ནི་ནམ་ཡང་རྫོགས་རྒྱུ་མེད་སྟབས་འདི་ལྟ་བུ་ལ་རྩོད་ལན་ཕུལ་རྒྱུ་མིན་པས་དེ་ལུགས་ཐུགས་འཇགས་འཚལ། གལ་སྲིད་ལུང་རིགས་གནམ་ལྕགས་འཁོར་ལོ་བསྐོར་མཁན་བྱུང་ན། དེ་ལ་གང་ཅི་ཐུབ་ཀྱིས་བཀའ་ལན་ཕུལ་ཐུབ་རྒྱུའི་འབད་བརྩོན་བྱ་ཆོག །
༢༽ གསལ་བཤད་གཉིས་པ། གསེར་རྟའི་མཁན་དགེ་དཔལ་གྱིས་ཁོ་བོ་ལ་གནང་བའི་ལན་དང་པོ། རིགས་ལམ་དུ་བཀོད་པར།
“ངག་སྦྱོར་དུ་བཀོད་ན། ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་རྒྱ་རྩིས་བོད་འགྱུར་ཡོད་པ་ཙམ་གྱིས་སྐུ་ཉིད་ལ་ཅི་ཡང་མི་ཕན་པར་ཐལ། ཉིད་ཀྱིས། ངན་པ་དགུ་འཛོམས་ཞེས་པ་དེ་ཏག་ཏག་རྒྱ་རྩིས་བོད་འགྱུར་གྱི་ཡིག་ཆའི་ནང་དུ་རྙེད་བྱུང་། དེ་ནི་སྔ་ཤོས་དུས་རབས་བཅུ་བདུན་པ་དང་། བཅོ་བརྒྱད་པའི་རྒྱ་རྩིས་བོད་འགྱུར་གྱི་རྩིས་ལུགས་ནང་མཐོང་རྒྱུ་ཡོད་པ་ཞིག་རེད་ཅེས་སྨྲས་འདུག་པས་སོ། རྟགས་ཁས། འདོད་ན། ཁྲི་སྲོང་ལྡེའུ་བཙན་སྐབས་སུ་རྒྱ་རྩིས་བོད་དུ་འགྱུར་བ་ཡོངས་གྲགས་ཀྱི་བཤད་སྲོལ་ཡོད་པ་མ་མཁྱེན་ནམ་ཞེས་པའི་དྲི་བ་དེ་དོན་མེད་དུ་ཐལ་ལོ། །མ་ཁྱབ་ཟེར་ན། ཉི་ནག་ཅེས་པ་དེ་ནི་སྔ་ཤོས་དུས་རབས་བཅུ་བདུན་པ་དང་། བཅོ་བརྒྱད་པའི་རྩིས་བོད་འགྱུར་གྱི་རྩིས་ལུགས་ནང་མཐོང་རྒྱུ་ཡོད་པ་ཞིག་རེད་ཅེས་སྨྲས་པ་དེ་མི་འཐད་པར་ཐལ། ཁྲི་སྲོང་ལྡེའུ་བཙན་སྐབས་སུ་རྒྱ་རྩིས་བོད་དུ་འགྱུར་ཡོད་པ་དག་གི་ནང་དུ་མཐོང་རྒྱུ་ཡོད་དགོས་པ་གང་ཞིག ཁྲི་སྲོང་ལྡེའུ་བཙན་དུས་རབས་བརྒྱད་པའི་ནང་དུ་བྱོན་པ་ཡིན་པའི་ཕྱིར་རོ། འཁོར་གསུམ་ལ་ལན་མེད་དོ།” ཞེས་གསུངས།
གོང་གསལ་གྲོང་སྔགས་རྣམས་ཀྱི་གླུད་ཆོག་གི་ངག་སྦྱོར་ལྟ་བུ་འདི་ཡིས་བདག་ལ་འཁོར་གསུམ་ལྟ་ཅི། ཚར་སྐད་ཙམ་གྱི་གནོད་པའང་བྱུང་མི་འདུག་གོ རིགས་ལམ་ཚུལ་མཐུན་ཞིག་འགོད་འདོད་ན་འདི་ལྟར་ཏེ། ཐུབ་བསྟན་ཕུན་ཚོགས་ན་རེ། བོད་འགྱུར་གྱི་རྒྱ་རྩིས་རྙིང་མ་ཡིན་ན་ཁྲི་སྲོང་སྐབས་སུ་བྱུང་བའི་བོད་འགྱུར་ཡིན་པས་ཁྱབ་ཟེར་ན། ངན་དགུ་དང་། ཉི་ནག་གཉིས་བརྩི་སྲོལ་འདི་ཆོས་ཅན། ཕྱི་འགྱུར་གྱི་རྒྱ་རྩིས་ཡིན་པར་ཐལ། དུས་རབས་བཅོ་བརྒྱད་པར་བོད་དུ་འགྱུར་བའི་རྒྱ་རྩིས་ཡིན་པའི་ཕྱིར། རྟག་ཁས། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། དུས་རབས་བདུན་པར་འགྱུར་བའི་རྒྱ་རྩིས་ཡིན་ན་སྔ་འགྱུར་ཡིན་པའི་ཕྱིར། རྟགས་་ཁྱབ་ཁས།
རྩ་བ་འདོད་ན། དེ་ཆོས་ཅན། ཕྱིར་འགྱུར་གྱི་རྒྱ་རྩིས་མ་ཡིན་པར་ཐལ། སྔ་འགྱུར་གྱི་རྒྱ་རྩིས་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། སྔ་འགྱུར་གྱི་རྒྱ་རྩིས་ཡིན་པར་ཐལ། ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བོད་དུ་འགྱུར་བའི་རྒྱ་རྩིས་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། ཁྲི་སྲོང་ལྡེའུ་བཙན་སྐབས་ཀྱི་བོད་འགྱུར་གྱི་རྒྱ་རྩིས་ནང་དུ་མཐོང་རྒྱུ་ཡོད་པའི་རྒྱ་རྩིས་ཡིན་པའི་ཕྱིར། ཞེས་བཀོད་འོས་སོ། །
སྤྱིར་གོང་གི་སྐད་ཆ་དེའང་། ཁྱོད་རང་ལ་སྤྲིངས་པའི་བརྒལ་ལན་དུ། 《བཻ་དཀར་》 ལེའུ་ཉི་ཤུ་པའི་ཤོག་ངོས་ ༢༤༣པའི་ངོས་སུ། རྒྱ་རྩིས་སྔ་འགྱུར་གབ་ཙེ་བཅོ་ལྔ་བསྒྱུར་བའི་དཀར་ཆག་བཀོད་འདུག་པ་དེར་གཟིགས་པས་འཐུས། རྨོངས་དད་དང་འབྲེལ་བའི་རྒྱ་རྩིས་སྐོར་འདི་དག་བོད་ཀྱི་ལོ་ཐོ་ནང་དུ་བཀོད་སྲོལ་མང་ཆེ་བ་དེ་དགའ་ལྡན་ཕོ་བྲང་གི་རྗེས་སུ་དུས་རབས་བཅོ་བརྒྱད་མཇུག་ཙམ་ན་མཐོང་རྒྱུ་འདུག ཅེས་བཀོད་ཡོད་པས་ཡང་བསྐྱར་གཅིག་གཟིགས་པར་ཞུ། མདོར་བསྡུས་ན་རྒྱ་རྩིས་རྙིང་མ་རྣམས་ཁྲི་སྲོང་སྐབས་སུ་བོད་དུ་བསྒྱུར་བར་གྲགས་ཀྱང་། དོན་དུ་ལོ་ཐོ་ནང་དུ་བཀོད་རྒྱུ་མང་ཤོས་དགའ་ལྡན་ཕོ་བྲང་རྗེས་སུ་མཐོང་རྒྱུ་འདུག་ཅེས་གསལ་པོར་བཀོད་ཡོད། །
གང་ཉིད་རིགས་ལམ་གྱི་སྒོ་ནས་ཁོ་བོ་དང་རྩོད་པ་འདོད་ན། ཐོག་མར་སེ་འབྲས་ལ་སོགས་རི་བོ་དགེ་ལྡན་པའི་གདན་ས་ཞིག་ཏུ་ཕེབས་ནས་ལོ་ཤས་ཤིག་རིགས་ལམ་ལ་སློབ་གཉེར་གནང་སྟེ་ཕྱིར་ཕེབས་དང་། ཁོ་བོས་དར་དཀར་པོ་སྲིད་ན་རིང་བ་ཞིག་གིས་སྣེ་དྲངས་ཏེ་རྩོད་པ་དང་ལེན་ཞུ་ཆོག །
༣༽ གསལ་བཤད་གསུམ་པ། མཁན་ཆེན་དགེ་དཔལ་གྱིས་ལན་གཉིས་པར། ཁོ་བོས་བྲིས་པའི་《ལོ་རྒྱུས་པདྨ་རཱ་གའི་ལྡེའུ་མིག་》ཏུ། ཁྲི་སྲོང་རྒྱ་བཟའི་སྲས་མིན་ཚུལ་བཤད་པ་དང་། རྩིས་གཞུང་《ཉེར་བུམ་》གྱི་ལུང་དུ། རྒྱ་བཟའི་སྲས་འཕྲོག་པས་ཡིད་ཕམ་གྱིས་བོད་ཀྱི་རྩིས་འགོ་འཆུག་བཅུག་པའི་སྐོར་བཤད་པ་གཉིས་ནང་འགལ་འདུག་གསུངས་པའང་འབྲེལ་མེད་ཀྱི་གཏམ་དུ་ཟད་དེ། དབོན་སྤྲུལ་གྱིས་《ཉེར་བུམ་》ནང་དུ་རྒྱ་རྩིས་རྙིང་མ་བོད་འགྱུར་མ་དག་པ་ཡོད་ཚུལ་བཤད་པའི་ཡིག་རྙིང་ལུང་དྲངས་བ་ལ་ཁོ་བོའི་དེབ་དང་འབྲེལ་བ་གང་འདུག འདིའི་སྐོར་གསལ་བཤད་འདི་ཙམ་གྱིས་འཐུས་སོ། །
༤༽ གསལ་བཤད་བཞི་པ། མཁན་དགེ་དཔལ་གྱིས་རྙོག་བཤད་དེའི་ལན་མདོར་བསྡུས་ནས་བཀོད་པ། ཁོང་གིས་ཉི་ནག་རྒྱ་རྩིས་ཡིན་ན་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་དང་། མཁས་གྲུབ་ཀརྨ་ཆགས་མེད། གནམ་ཆོས་མི་འགྱུར་རྡོ་རྗེ་སོགས་ཀྱིས་མཛད་པ་དང་ཕྱོགས་བསྒྲིགས་གནང་བའི་གཏོ་མདོས་ཀྱི་ཡིག་ཆ་ཐམས་ཅད་རྒྱ་ནས་བྱུང་དགོས་པའི་སྐྱོན་འཛུགས་པ་ནི་སྨྱོན་པའི་ལབ་རྡོལ་ཏེ། ཉི་ནག་རྒྱ་ལུགས་ཡིན་ན་འབྱུང་རྩིས་རྒྱ་ལུགས་ཡིན་པས་ཁྱབ་དགོས་ཟེར་མཁན་སུ་འདུག ཐུགས་བསམ་ལེགས་པོར་བཞེས་ནས་བཀའ་མོལ་གནང་བར་འཚལ། འབྱུང་རྩིས་ཀྱི་རིག་པ་འདི་ནི་བོད་ཀྱི་རིག་གནས་རྙིང་ཤོས་ཞིག་ཡིན་པ་དང་། དེའི་རིག་གཞུང་བརྒྱ་ཆ་གོ་དགུ་བོན་ལུགས་ཡིན་པ་དང་། དེ་ལས་རྒྱ་མཚོའི་ནང་དུ་ཆུ་ཐིགས་ཙམ་ཞིག་ཕྱིར་འདྲེན་རིག་པ་སྟེ། དཔེར་ན། ངན་དགུ། ཉི་ནག གྱོ་ཁང་། གླང་རྩིས་སོགས་རྒྱ་ནག་ནས་བྱུང་བའི་རྩིས་འགའ་ཞིག་ཡོད་ཚུལ་བཤད་པ་ཙམ་མོ། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་དང་། མཁས་གྲུབ་ཀརྨ་ཆགས་མེད་རྣམ་གཉིས་ནི་བན་བོན་གཉིས་ཀ་ལ་མཁས་ཤིང་དད་པའི་གང་ཟག་ཡིན་སྟབས། བོན་གྱི་གཏོ་ཆོག་རྣམས་ཕྱོགས་བསྒྲིགས་དང་། ལེགས་བཅོས་གནང་སྟེ་ནང་ཆོས་ལུགས་སུ་ཕྱག་ལེན་གནང་བའི་སྐོར་ཡིག་ཆ་མང་པོ་ཡོད་པར་མཁྱེན་པར་མཛོད་ཅིག གཞན་ཡང་སྐབས་འདིར་སོག་བཟློག་པའི་ལུང་སོགས་དྲངས་ནས་ས་བདག་ཤོག་ཁྲའི་སྐོར་ལ་ཉ་ཉོག་མང་ཙམ་གསུངས་འདུག་པ་དེ་ལ་ལན་གྱིས་ངལ་བ་མི་བྱ་སྟེ། ས་བདག་ཡིན་ན་རྒྱ་ནག་ནས་བྱུང་བ་ཡིན་པས་ཁྱབ་ཟེར་མཁན་སུ་ཡང་མེད་པའི་ཕྱིར་རོ། །
༥༽ གསལ་བཤད་ལྔ་པ། མཁན་ཆེན་དགེ་དཔལ་ལ་སྙིང་སྟོབས་བསྐུལ་བ། དགེ་དཔལ་གྱིས།
“ཁ་བ་ཅན་པའི་རྩིས་གཞུང་ནོར་བུའི་གན་མཛོད་ལ་སྣོན་འཕྲི་སྤོར་གཅོག་བྱེད་རྒྱུ་དེ་ནི། ཁྱེད་དང་ང་ལྟ་བུའི་རིག་གཞུང་ཉི་ཚེ་བ་ཙམ་ཞིག་བློ་ཡི་བཅུད་དུ་བརླམས་པའི་གང་ཟག་རེ་ཟུང་གི་ཐོབ་འོས་མིན་པས་བག་ཡོད་པར་བྱས་ན་ལེགས་པར་སེམས་སོ།”
ཞེས་པའི་ལན་དུ། མཁན་ཆེན་ལགས། མི་ལོ་བཞི་སྟོང་ཙམ་གྱི་སྔོན་དུ་རང་རེའི་མེས་པོ་རྣམས་ཀྱི་བློ་ཡུལ་དུ་འདི་ལྟ་བུའི་ཚན་རིག་གི་རྨང་གཞི་ཞིག་བྱུང་ཡོད་པ་ནི་ཧ་ཅང་སྤོབས་པ་འོས་པ་ཞིག་རེད། འོན་ཀྱང་དེང་དུས་ཚན་རིག་དབྱར་མཚོ་ལྟར་རྒྱས་པའི་སྐབས་འདིར། བོད་ཀྱི་སྐར་རྩིས་རིག་པ་ལ་སྦྱང་དགོས་ན་སློབ་ཆུང་ལོ་རིམ་དྲུག་པ་ནས་ཐོན་པའི་སློབ་མའི་རྩིས་རིག་གི་ཡོན་ཚད་ཀྱིས་འདང་ངེས་ཞིག་རེད། དེས་ན་ང་ཚོའི་སྐར་རྩིས་རིག་པ་འདི་དེང་རབས་གནམ་རིག་སྐར་རྩིས་དང་བསྡུར་ན། གནམ་སའི་མཐོ་དམན་ལྟ་བུའི་ཧེ་བག་ཕྱིན་ཟིན་སྟབས། བོད་ཀྱི་སྐར་རྩིས་ལ་ལེགས་བཅོས་དང་། ཁ་སྣོན་དགོས་པ་ནི་ཁ་ཚར་དགོས་གཏུགས་ཀྱི་ལས་ཀ་ཞིག་རེད། ཁྱེད་རང་ལ་ཡར་རྒྱས་གཏོང་བའི་བློ་སྤོབས་མེད་ནའང་། བོད་རིགས་གཞོན་ནུ་རྣམས་ཀྱི་བློ་གྲོས་ཀྱི་སྒོ་མོ་མི་འགོག་པའི་རེ་བ་ཞུ། སྲོལ་རྒྱུན་རིག་གནས་ཀྱི་ལེགས་ཆ་རྒྱུན་འཛིན་དང་། སྔར་མེད་ཡར་རྒྱས་གཏོང་རྒྱུ་ནི་དེང་རབས་གཞོན་ནུ་མཁས་པ་རྣམས་ཀྱི་འོས་འགན་ཡིན་ནོ། །
༦༽ གསལ་བཤད་དྲུག་པ། མཁན་ཆེན་དགེ་དཔལ་གྱིས་ཁོ་བོས་བྲིས་པའི་ལོ་རྒྱུས་《པདྨ་ར་གའི་ལྡེའུ་མིག་》 ལ་བཀའ་བཀྱོན་གནང་བ། མཁན་དགེ་དཔལ་གྱིས།
“དེ་བས་ཉིད་ཀྱི་རང་རྩོམ་ལ་རང་བདག་བརྒྱབ་སྟེ། བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེའུ་མིག་ཏུ། རང་གི་མི་རིགས་དང་རིག་གཞུང་ལ་གནོད་ཚབ་ཧ་ཅང་ཆེ་བ་མ་མང་ན་མི་ཉུང་བའི་ཚོད་དུ་སྣང་བ་དེ་རྣམས་སྣོན་འཕྲི་ཡང་དག་རེ་བྱེད་རྒྱུ་དེ་ནི། སྐུ་ཉིད་རྐྱང་པ་ལ་རག་ལས་ཡོད་པའི་འོས་འགན་ཉག་གཅིག་ཡིན་པས། དངོས་ཡོད་བོད་ཀྱི་ལོ་རྒྱུས་ལ་དུང་བ་མཚོ་ལྟར་ཟབ་པའི་སྤུན་ཟླ་རྣམས་ལ་དགོངས་དག་ཅིག་གི་དོད་དུ་སྣོན་འཕྲི་གང་དག་རེ་བྱེད་པར་རེ་བ་ལན་བརྒྱར་ཞུའོ།” ཞེས་གསུངས། །
ལོ་རྒྱུས་ནི་དོན་བཟང་ངན་གང་ཞིག་བྱུང་ཡོད་པ་དེ་དག་སྒྲོ་སྐུར་དང་བྲལ་བ་ཡི་གེ་འགོད་དགོས་པ་ལས། གྲུབ་མཐའི་ཕྱོགས་ཞེན་དང་ཆབ་སྲིད་ཀྱི་དགོས་མཁོ་ལ་བརྟེན་ནས་འཕྲི་སྣོན་བྱས་ན་ལོ་རྒྱུས་དངོས་གཙོ་སྨྲ་བའི་རྩ་དོན་དང་འགལ་བ་ཞིག་རེད། འོན་ཀྱང་ཆོས་དང་ཆབ་སྲིད་ལ་ལྷག་བསམ་ཚད་ལས་བརྒལ་བ་ཅན་རྣམས་ཀྱིས་ལོ་རྒྱུས་ལ་འཕྲི་སྣོན་དགོས་པའི་རེ་བ་བཏོན་པ་ནི་རྒྱུན་མཐོང་ཞིག་རེད། ཁོ་བོའི་ལོ་རྒྱུས་དེབ་ཐེར་《པདྨ་རཱ་གའི་ལྡེའུ་མིག་》འདི། ཆོས་ལུགས་དང་ལྷ་སྒྲུང་གི་རྫོབ་བཤད་མེད་པ། བོད་ཀྱི་སྲིད་དོན་དང་རིག་གནས་ལོ་རྒྱུས་གཙོར་བྱས་པའི་རྒྱལ་རབས་མ་ལག་ཆ་ཚང་བ། ལོ་རྒྱུས་ཁ་གསལ་ཞིང་གོ་བདེ་བའི་རྒྱལ་རབས་ཡིག་ཚང་ཡག་ཤོས་ཤིག་རེད་འདུག ཅེས་རྒྱལ་ཕྱི་ནང་གཉིས་སུ་བསྟོད་བསྔགས་བྱེད་མཁན་མང་པོ་ཞིག་ཡོད་པ་རེད་ལ་། སྨད་པ་བྱེད་མཁན་ཀྱང་ཐོག་མ་སྐུ་ཉིད་ཙམ་མ་ཡིན་པ། དེབ་འདི་པར་སྐྲུན་ཐོག་མར་བྱུང་སྐབས། ཁྱེད་དང་ལྟ་བ་གཅིག་པའི་མེས་རྒྱལ་གཅིག་གྱུར་ལ་ལྷག་བསམ་ཆེ་བའི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་འདས་པོ་བགྲེས་སོང་ཞིག་གིས་ཀྱང་གོང་རིམ་ལ་དེབ་འདི་ལ་ཆབ་སྲིད་ཀྱི་ལྟ་བ་མ་དག་པ་དང་། བསྐལ་པ་ཆགས་ནས་བོད་རྒྱ་ཁོངས་ཡིན་པའི་སྒྲུབ་བྱེད་ཀྱི་བདེན་དཔང་མ་འདང་པའི་སྐྱོན་ཡོད་སྲིད་པས་དོ་དམ་དགོས་པའི་རེ་ཞུས་ལྟར། གོང་རིམ་ནས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་རྒྱ་རིགས་དགེ་རྒན་ཆེན་མོ་མཁས་དབང་ལི་པིང་ཆོན་ལ་ཆེད་མངགས་ཀྱིས་ཞུ་དག་གནང་བཅུག་པ་རེད། ཁོང་གིས་《བོད་ཀྱི་ལོ་རྒྱུས་པདྨ་ར་གའི་ལྡེའུ་མིག་》འདི་ནི་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་བ་གཙོར་གནད་དུ་འཛིན་ཞིང་། བསྐལ་པ་ཡ་ཐོག་ནས་ད་ལྟའི་བར་བརྒྱུད་རིམ་ལྡན་པའི་བོད་ཀྱི་ལོ་རྒྱུས་ཆ་ཚང་བ་ཐེངས་དང་པོ་ཞིག་ཡིན་ལ། དེབ་འདིར་གནའ་བོའི་བན་བོན་གཉིས་ཀའི་ཡིག་ཆ་ལ་ཁུངས་གཏུགས་ཤིང་ལྷག་པར་ཏུ་བོན་གྱི་ཡིག་ཆ་མང་པོ་དཔྱད་གཞི་བྱས་ཡོད་པ་ཞིག་རེད། མ་འདང་ས་གཙོ་བོར་རྒྱ་ཡིག་ཏུ་འཁོད་པའི་དཔྱད་གཞི་ཅུང་ཉུང་ཡང་། ལོ་རྒྱུས་དེབ་ཐེར་འདི་དཔར་སྐྲུན་དང་འགྲེམ་སྤེལ་བྱ་ཆོག་པའི་ཚད་གཞི་སླེབས་འདུག ཅེས་བསྡོམས་ཚིག་གནང་བའི་བཀའ་དྲིན་ལ་བརྟེན་ནས་འགྲེམ་སྤེལ་བྱ་ཆོག་པ་ཐག་ཆོད་པ་རེད། བསམ་ཡུལ་ལས་འདས་པ་ཞིག་ནི། ལོ་ངོ་ཉི་ཤུ་འདས་པའི་རྗེས་སུ་སླར་ཡང་མཁན་ཆེན་དགེ་དཔལ་ལགས་ཀྱིས་གོང་གསལ་གྱི་སྐྱོན་ཆ་འདི་དག་མཐོང་ཐུབ་པ་ནི། སྐུ་ཉིད་ཆབ་སྲིད་ཀྱི་གོ་རྟོགས་མཐོ་བ། མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ་ལ་ལྷག་བསམ་ཆེ་བའི་ཡོན་ཏན་ཏུ་མཐོང་བས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། སླད་ནས་ཁོ་བོས་རྒྱ་ཡིག་གི་དཔྱད་གཞི་མང་པོ་བལྟ་ཀློག་བྱེད་ཅིང་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ་ལ་ཕན་པའི་ལོ་རྒྱུས་གང་རྙེད་ཁ་གསབ་བྱ་ནས་ཉིད་ཀྱི་ཐུགས་འདོད་བསྐང་ཐུབ་ངེས་བྱ་རྒྱུ་ཡིན་ནོ། །
༧༽ གསལ་བཤད་བདུན་པ། མཁན་ཆེན་དགེ་དཔལ་གྱིས་ཨོ་རྒྱན་སངས་གླིང་པ་དང་། སྤྲུལ་སྐུ་ཨོ་རྒྱན་གླིང་པ་རྣམ་གཉིས་སྐོར་གྱི་འགྲེལ་བཤད་སྐོར་ལ། མདོར་བསྡུས་པའི་ལན། མཁན་དགེ་དཔལ་གྱིས། ཨོ་རྒྱན་སངས་རྒྱས་གླིང་པའི་གཏེར་བྱོན་དགོངས་འདུས་སྐར་མཛོད་ལས། ཞེས་གསུངས་པ་དེར་ཁོ་བོས་ཕྱིར་ལན་ཕུལ་སྐབས། གཟབ་ནན་མ་བྱས་པར་འབྲི་གུང་དཔལ་འཛིན་གྱི་གཏེར་སྟོན་རྫུན་མའི་གྲངས་འདྲེན་གྱི་ལུང་དེ་དྲངས་ནོར་བྱས་ཏེ། ཨོ་རྒྱན་སངས་རྒྱས་གླིང་པའམ་རིན་ཆེན་གླིང་པ་དང་། སྤྲུལ་སྐུ་ཨོ་རྒྱན་གླིང་པ་གཉིས་ལུང་དྲངས་ནོར་བྱས་འདུག་པས་དགོངས་དག་ཞུ། གང་གི་གཏེར་སྟོན་རྣམ་གཉིས་གཏེར་སྟོན་ཡང་དག་ཡིན་པའི་སྐོར་ལུང་རིགས་མང་པོ་ཞིག་གསུངས་འདུག་ཀྱང་དེ་ནི་གཙོ་བོ་རང་རེའི་དག་སྣང་ལ་རག་ལས་པ་ཞིག་རེད། དག་སྣང་གི་ངོས་ནས་བཤད་ན་གཏེར་དང་གཏེར་སྟོན་དེ་དག་ཡང་དག་པ་ཡིན་པ་ཁོ་བོས་ཀྱང་ཁས་ལེན། འོན་ཀྱང་ལོ་རྒྱུས་དངོས་གཙོ་སྨྲ་བའི་ངོས་ནས་བཤད་ན། ད་ལྟའི་ཡོངས་གྲགས་ཀྱི་བཤད་སྲོལ་ཡོད་པའི་གཏེར་དང་གཏེར་སྟོན་འདི་དག་ནི་ཧ་ཅང་བཤད་དཀའ་བ་ཞིག་རེད། སྤྱིར་གཏེར་དང་གཏེར་སྟོན་ཟེར་བ་དེ་ཐོག་མར་བོན་གྱི་ལོ་རྒྱུས་ལས་བྱུང་བ་ཞིག་ཡིན་འདུག་སྟེ། བོད་རྒྱལ་གྲི་གུམ་བཙན་པོས་བོད་བསྣུབས་པའི་སྐོར། 《དབང་ཆེན་》ལས། “གཤེན་པོ་རྣམས་ལྷོ་བལ་མོན་གྱི་ཡུལ་དུ་བསྟན་པ་གཟུགས་པར་དགོངས་ནས་གཙང་སྟོད་བྱི་བ་མཁར་ནས་ཆས་ཏེ་གཤེགས་སོ། བསྟན་པ་མི་ཚུགས་པའི་རྟགས་བྱུང་སྟེ་ནམ་མཁའ་ལས་སྒྲ་མི་སྙན་པ་དང༌། ཁ་བ་བུ་ཡུག་རླུང་དམར་ལ་སོགས་བྱུང་ནས་རྣིལ་མཚོ་རྡེའུ་མགུལ་ནས་སླར་ལོག་སྟེ། བོན་ཐམས་ཅད་གཏེར་དུ་སྦས་ཏེ་ས་རྟགས་མཚན་དང་ལྡན་པ་འབྲི་མཚམས་མཐའ་དཀར་ལ་སྦས། དྲན་པ་དང་། ཡོ་ཕྱས་ཡར་ཀླུང་རམ་པོ་དཔལ་རི་ལ་སྦས། དམུ་ཙ་དང་། ར་སངས་ཁོད་རམ་གཉིས་ཀྱིས་བྱང་འབྲོག་ཏུ་བྱོན་ཏེ་ཟང་ཟང་ལྷ་བྲག་དང་ར་ཁྱུང་རྫོང༌། རྒྱུ་སྲུབ་གསང་བའི་བྲག་ལ་སྦས། ཞེས་དང་། གཡུང་དྲུང་བོན་གྱི་བསྟན་པ་གཉན་པར་གྱུར་ཅིག བསྟན་པ་གཏེར་དུ་སྦས་པ་རྣམས་ཀྱང་མེ་ཏོག་སྤང་ལ་བརྡོལ་བ་ལྟར་དུས་ལ་བབ་ཙ་ན་ལས་དང་སྐལ་པ་ལྡན་པའི་གཞོན་ནུ་དལ་འབྱོར་ཅན་ཁ་ཅིག་གིས་རྙེད་པར་གྱུར་ཅིག རྙེད་ནས་ཀྱང་བསྟན་པ་ཚུགས་ཤིང་བཀྲ་ཤིས་པར་གྱུར་ཅིག” ཅེས་སོགས་གསལ་བ་ལྟར་ན། གཏེར་དང་གཏེར་སྟོན་ཞེས་པ་ནི་དུས་འཁྲུགས་ཀྱི་སྐབས་སུ་དངོས་རྫས་རྣམས་རི་བྲག་སོགས་ལ་སྦས་ཤིང་། ཕྱིས་སུ་དུས་བདེའི་སྐབས་སུ་སླར་ཡང་ཕྱིར་བཏོན་པའི་ལོ་རྒྱུས་ཡིན་འདུག་པ། འདི་ནི་རིག་གནས་གསར་བརྗེའི་སྐབས་སུ་སྐུ་གསུང་ཐུགས་རྟེན་རྣམས་གནས་ངེས་མེད་དུ་སྦས་ཤིང་། གུ་ཡངས་ཀྱི་སྲིད་ཇུས་སྐབས་སུ་ཕྱིར་བཏོན་པ་དང་མཚུངས་པས། འདི་ལྟ་བུའི་གཏེར་དང་གཏེར་སྟོན་ནི་ལོ་རྒྱུས་ཡང་དག་ཡིན་པ་རྩོད་མེད་དུ་གྲུབ་བོ། །
༨༽ གསལ་བཤད་བརྒྱད་པ། མཁན་དགེ་དཔལ་གྱིས་ཁོ་བོས་དོ་སྣང་མ་བྱས་པར་འབྲི་ནོར་ཤོར་བའི་ཡིག་སྐྱོན་བསྡོམས་པས་བཅུ་བཞི་བཏོན་གནང་འདུག་པ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། རྒྱ་ཡིག་དཔྱད་རྩོམ་གཅིག་གི་ནང་ཡིག་ནོར་ལྔ་ཙམ་ཡོད་ན་དགེ་རྒན་རྣམས་ཀྱིས་དཔེ་མི་སྲིད་པ་ལྟ་བུའི་སྐྱོན་བརྗོད་གནང་ཅིང་ལེགས་བཅོས་མཛད་པ་སྨོས་མ་དགོས། བོད་ཡིག་ལ་དེང་སང་རང་གཞན་ཚང་མས་ཡི་གེ་ཤོག་ངོས་གང་ཙམ་ལའང་ཡིག་ནོར་བཅུ་ཕྲག་ཙམ་བྲིས་ཡོད་ཀྱང་། སུས་ཀྱང་དེ་ལ་དོ་སྣང་མེད་པ་རྒྱུན་ལྡན་ལྟ་བུ་ཞིག་ཆགས་འགྲོ་ཞིང་འདུག་པ་འདི་ནི་དོན་དངོས་བོད་ཀྱི་སྐད་ཡིག་ཉམ་གུད་འགྲོ་བའི་རྟགས་མཚན་ཆེ་ཤོས་ཤིག་ཡིན་སྟབས་རང་གཞན་ཚང་མས་ཡིག་ནོར་ལ་དོ་སྣང་གནང་རྒྱུའི་རེ་བ་སྙིང་ཐག་པ་ནས་ཞུ།
འོན་ཀྱང་ཉིད་ཀྱིས་བཅོས་ནོར་བྱས་པའང་འགའ་ཞིག་འདུག་པར།
༡ བཅོས་ནོར་དང་པོ། གདིང་དང་གདེང་ནི་ཡིག་རྙིང་ནང་དུ་གཉིས་ཀ་འབྲི་སྲོལ་ཡོད་པ་མ་ཟད། ལྟ་བའི་གདིང་ཐོབ་པ། སྙིང་ཁོང་རུས་པའི་གདིང་ནས། ཞེས་པ་གསོལ་འདེབས་དང་ཁྲིད་ཡིག་མང་པོའི་ནང་དུ་བྲིས་ཡོད་འདུག་པ་དེ་རིགས་བཅོས་དགོས་མི་འདུག །
༢ བཅོས་ནོར་གཉིས་པ། བཞག་དང་འཇོག ལས་ཚིག་གིས་གྲུབ་པའི་མིང་རྐྱང་ཡིན་ན་ངེས་པར་དུ་“སོར་བཞག་”ཅེས་ཐོབ། འོན་ཀྱང་རང་སོར་འཇོག་དང་། རང་སོར་བཞག་ཅེས་པ་དུས་ཁོ་ན་ཙམ་མ་ཡིན་པ། དངོས་པོ་བདག་གཞན་གང་ཡིན་སྐབས་ཐོབ་ཀྱི་བརྗོད་བྱ་དང་བསྟུན་དགོས་ཏེ། བྱ་ཚིག་ཡིན་ན་དུས་གསུམ་ཁོ་ན་སྟོན་བྱེད་ཡིན་པས་མ་ཁྱབ་སྟེ། བྱ་བྱེད་ཐ་དད་པའི་ལས་ཚིག་གང་ཞིག དངོས་པོ་བདག་གཞན་གྱི་དབྱེ་བ་ཡོད་པའི་ཕྱིར། དཔེར་ན། བཀྲ་ཤིས་ཀྱིས་སྔོན་གྱི་སློབ་ཁྲིད་རང་སོར་འཇོག་ནས་སྐད་ཡིག་བསླབས། ཞེས་པ་དུས་འདས་པའི་ལས་ཚིག་ཡིན་ཀྱང་རང་སོར་འཇོག་མཁན་བྱེད་པ་པོ་བཀྲ་ཤིས་ཡིན་སྟབས་དངོས་པོ་བདག་སྟོན་གྱི་བྱ་ཚིག་ཡིན་པ་ཤེས་པ་བྱ་དགོས། གཞན་ཡང་དཔེར་ན། 《ཉང་རལ་ཉི་མ་འོད་ཟེར་གྱི་ཆོས་འབྱུང་》ལས། “ མདོ་སྡེའི་རྒྱལ་པོ་འདི་མཆོད་རྟེན་གྱི་ནང་དུ་འཇོག་སྟེ། ལོ་བརྒྱར་བྱིན་རླབས་ཀྱི་མར་མེ་དང་བཅས། ” ཞེས་དང་། 《མི་ལ་རས་པའི་རྣམ་ཐར་》དུ། “བར་དུ་བུ་གཅིག་པོ་རང་ཞིག་བྱུང་བའི་ཕ་འཆི་བ་སྔས་པ་དང་། ཁ་ཆེམས་འཇོག་ལུགས་མ་བྱུང་བར། ཕ་ཤི་རྟིང་བུ་གཅིག་པོའི་ནོར་ཀུན་ཕ་ཚན་གྱིས་ཕྲོགས།” ཞེས་པ་དང་། 《མི་ལའི་མགུར་འབུམ་》དུ། “རྗེ་བཙུན་ཞབས་ས་ལ་མི་འཇོག་པར་ནམ་མཁའ་ལ་གཤེགས་པ་མཐོང་ནས། མི་ཕྱེད་པའི་དད་པ་ཐོབ་སྟེ།” ཞེས་པ་ལྟ་བུ་རྣམས་ནི་བརྗོད་དོན་དུས་འདས་པ་ཡིན་ཡང་། འདི་དངོས་པོ་བདག་སྟོན་གྱི་ལས་ཚིག་ཡིན་པ་ཤེས་དགོས་སོ། འདི་སྐོར་ལ་ཞིབ་པ་མཁྱེན་འདོད་ན་སི་ཏུ་ཆོས་འབྱུང་གིས་མཛད་པའི་《སུམ་རྟགས་འགྲེལ་ཆེན་》 དུ་གཟིགས་པར་ཞུ། ཞེས་ཞར་བྱུང་དུ་བོད་རིགས་གཞོན་ནུ་སྤྱི་ལ་ཞུ་འབོད་ལགས་སོ།།
༣ བཅོས་ནོར་གསུམ་པ། ཡིན་པ་སྒྲུབ་བྱེད། ཅེས་པ་ཡིན་པའི་སྒྲུབ་བྱེད་ཅེས་བཅོས་པ་ནོར། ཁ་སྐད་ཡིག་སྐད་གང་དུའང་ཡིན་པ་སྒྲུབ་ཅེས་པ་རྒྱུག་ཆེ། ཁ་སྐད་དུ། ཡིན་པ་ཤེས་བྱུང་། གསར་པ་ཉོས་ཡིན། ཡིན་པ་སྒྲུབ་དགོས་ལྟ་བུ་དང་། ཡིག་སྐད་དུའང་ཚད་མ་རིགས་གཏེར་ལས། ཡིན་པ་སྒྲུབ་ལ་ཚུལ་གསུམ་ཚང་། །ངོ་བོ་དབྱེར་མེད་རང་བཞིན་རྟགས། །དེ་དང་ཆ་མཐུན་ཁོངས་སུ་བསྡུ། །ཡོད་པ་སྒྲུབ་ལ་ཚུལ་གསུམ་ཚང་། །དེ་བྱུང་བ་ལ་འབྲས་བུའི་རྟགས། །ཞེས་གསུངས་པ་ལྟར་རོ།།
༤ བཅོས་ནོར་བཞི་པ། པེ་ཏུའུ། བརྒྱ་འདུ་ཞེས་བཅོས་པ་ནོར། པེ་ཏུའུ་ཞེས་པ་རྒྱ་སྐད་ཀྱི་མིང་ཐད་སྒྱུར་བྱས་པ་ཞིག་རེད། བོད་སྐད་དུ་བརྒྱ་འདུ། ཞེས་མིང་གསར་འོས་སྦྱོར་བྱས་ན་འགྲིགས། བརྡ་ཆད་གསར་པ་གཏན་འབེབ་བྱ་བ་ལ་བརྡ་ཆད་གསར་པའི་སྐད་ཡིག་ཨུ་ཡོན་ལྷན་ཁང་བརྒྱུད་ནས་གཏན་འབེབས་མ་བྱས་པའི་མིང་གསར་དུ་བཅོས་ན་སྒྲིགས་འགལ་གྱི་ལས་སུ་འགྲོའོ།།
༥ བཅོས་ནོར་ལྔ་པ། དྲྭ་རྒྱ། ཞེས་པར། དྲྭ་དང་རྒྱ་དོན་གཅིག་ཅེས་བཅོས་པ་ནོར། གནའ་བོའི་བོད་ཀྱི་ཆོས་སྲིད་ཀྱི་ལྟེ་བ་ལྷ་ས་དང་སྡེ་དགེ་ལྟ་བུ་ཡུལ་དབུས་པ་རྣམས་ལ་དྲྭ་རྒྱ་ཞེས་ཡོངས་གྲགས་ཀྱི་བོད་བརྡ་རྙིང་པ་ཞིག་ཡིན་པ་མ་ཟད། ཁྲིད་ཡིག་རྣམས་སུ་འཁོར་བའི་དྲྭ་རྒྱར་ཚུད་པའི་རིགས་དྲུག་གི་སེམས་ཅན་ཞེས་ཡང་ཡང་གསུང་པ་དེ་དག་ཀྱང་མ་མཐོང་ངམ། དྲྭ་ཞེས་པ་ཐིག་གུ་ཕན་ཚུན་སྤྲེལ་ནས་བཟོས་པའི་དྲ་བ་དང་། རྒྱ་ཞེས་པ་སྐབས་འདིར་འཛིན་བྱེད་ཀྱི་དོན་ཡིན། འོན་ཀྱང་དེང་སྔ་བླ་རུང་སྒར་ནས་ཕ་མེས་བརྒྱུད་པའི་བརྡ་ཆད་རྙིང་པ་འགའ་ཞིག་རྒྱ་སྐད་ཀྱི་འགྲོས་དང་བསྟུན་ནས་བཟོ་བཅོས་བྱས་པའང་སྣང་སྟེ། དཔེར་ན། བོད་སྐད་ཡང་དག་ལ་ཁྱད་གཞིའི་མིང་སྔོན་དང་ཁྱད་ཆོས་ཀྱི་མིང་རྗེས་སུ་བརྗོད་སྲོལ་ཡོད་པ། ཤ་འཁེང་། ཀོ་རྒོག མར་དཀར་ལྟ་བུ་རྣམས་རེད། འོན་ཀྱང་དེང་དུས་བླ་རུང་མིང་མཛོད་གསར་པའི་ནང་དུ། རྒྱ་སྐད་ཀྱི་འགྲོས་ལྟར་བོད་སྐད་རྙིང་པ་ལ་བཟོ་བཅོས་གནང་ནས་ཁྱད་ཆོས་ཀྱི་མིང་སྔོན་དང་ཁྱད་གཞི་རྗེས་སུ་སྦྱར་བ། ཤ་འཁེང་ལ་འཁེང་ཤ་ཞེས་བཅོས་པ་ནི་རྒྱ་སྐད་ཀྱི་ལུགས་ཏེ་冻肉 ཞེས་པ་ཐད་སྒྱུར་བྱས་པ་ཞིག་རེད། །
༦ བཅོས་ནོར་དྲུག་པ། སྐྱ་སེར་ཁྱད་པའི། ཞེས་པར། ཁྱད་པས་ཞེས་བཅོས་པ་ནོར། འབྲེལ་སྒྲ་སྦྱར་བ་ནི་རང་རེ་སྐྱ་སེར་ཙམ་གྱི་དབྱེ་བ་ཡིན་པ་ལས་ཁྱད་པ་གཞན་ཆེར་མེད་པའི་དོན་དང་། རྒྱུ་མཚན་སྟོན་པའི་བྱེད་སྒྲ་སྦྱར་ན་ངེས་པར་དུ་མཆོག་དམན་གྱི་དབྱེ་བ་སྟོན་བྱེད་ཡིན་པས། རང་རེའི་བར་ན་མཆོག་དམན་གྱི་དབྱེ་བ་ཡོད་པའི་ལྟ་བ་ནམ་ཡང་འཛིན་མེད། །
གཞན་ཡང་ཁྱེད་རང་གི་རྩོམ་ཡིག་ནང་དུ་ཡུལ་སྐད་ཀྱིས་རྐྱེན་པའི་ཡིག་ནོར་པ་ཡིག་ཕལ་ཆེར་བ་ཡིག་ཏུ་བཅོས་ནས་བྲིས་འདུག་པ་འདི་ལ་དོ་སྣང་ཞིག་མ་གནང་ན། སླད་ཕྱིན་ཁྱེད་ལ་གསལ་བྱེད་ཉེར་དགུ་ལས་མི་དགོས་པ་ཐལ་བའི་སྐྱོན་བཟློག་མེད་དུ་འབབས་ངེས་སོ། །
༩༽ གསལ་བཤད་དགུ་པ། གྲུབ་མཐའ་ཕྱོགས་རིས་མི་རུང་བའི་སྐོར་ལ་གསལ་བཤད། མཁན་དགེ་དཔལ་གྱིས།
“གཞན་ཡང་ཉིད་ཀྱིས། ས་ཕྱོགས་དང་། ཆོས་བརྒྱུད་སོགས་ལ་དམའ་འབེབས་དང་། ཟུར་ཟའི་ཚིག་མཚོན་དང་། འབྲེལ་མེད་ཀྱི་སྐྱོན་བརྗོད་སོགས་སྔོན་གྱི་དཔེ་མཚོན་དང་འདྲ་བ་མང་ཡང་། དེ་ནི་ང་ཚོ་བོད་གངས་ཅན་པའི་མ་འོངས་པའི་གཞོན་སྐྱེས་ཚོ་ལ་བག་ཆགས་ངན་པ་འཇོག་བྱེད་ཙམ་ལས་མེད་པས། རང་གཞན་ཀུན་གྱིས་ནམ་ཡང་ཕྱོགས་རིས་དང་། ཕྲག་དོག གྲུབ་མཐའི་ཆགས་སྡང་སོགས་འདི་དང་ཕྱི་མར་བདག་གཞན་ཕུང་ལ་སྦྱོར་བའི་ལས་དེ་དག་གཞར་ཡང་བྱེད་པར་མ་གྱུར་ཅིག”
ཞེས་གསུངས་པའི་ལན་དུ། བླ་མ་རྣམ་པ་དང་། མཁན་ཆེན་རྣམ་པ། ཁ་བཤད་དང་ལག་ལེན་གཅིག་མཐུན་ཡིན་ན་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ཁོ་བོ་ནི་ས་ཕྱོགས་དང་། ཆོས་བརྒྱུད་དང་། གྲུབ་མཐའི་ཕྱོགས་རིས་དག་དང་རིང་དུ་བྲལ་བ་ཞིག་ཡིན་ཏེ། བདག་ནི་ཆོས་ལུགས་མེད། གྲུབ་མཐའ་མེད། ཕ་ཡུལ་མེད། ཕ་མ་མེད་པའི་རྒྱལ་ཁམས་པ་ཞིག་ཡིན་པའི་ཕྱིར་རོ།།
ལྷག་པར་དུ་གསེར་རྟའི་ལྔ་རིག་བླ་རུང་མ་ཆགས་པའི་གོང་དུ་ཁོ་བོའི་རྒྱུད་ལ་ཆོས་ལུགས་གྲུབ་མཐའ་ཀུན་ལ་རིས་མེད་ཀྱི་དང་བ་དགོས་པའི་སློབ་གསོ་ཟབ་མོ་འབྱོར་ཟིན་པ་ཡིན་ཏེ། ཁོ་བོའི་དགེ་རྒན་དང་ཕ་མ་རྣམས་ཀྱིས་ཞལ་ཏ་ལྟར་ན། སྤྱི་ལོའི་དུས་རབས་བཅུ་དགུ་པའི་དུས་དཀྱིལ་ཙམ་དུ། འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་གཙོ་བོར་གནང་བའི་མཁྱེན་ཀོང་མཆོག་གསུམ་གྱིས། ལོ་རྒྱུས་ཐོག་ཏུ་རྙིང་མས་བོན་པོ་བརྡུང་། ས་སྐྱས་འབྲི་གུང་བརྡུང་། དགེ་ལྡན་པས་ཇོ་བཀའ་རྣམ་གཉིས་བརྡུང་པ་སོགས་ཆོས་ཆོས་མིན་གྱི་ལག་ཆས་སུ་གྱུར་པའི་སྐྱོ་གར་གྱིས་བོད་སྤྱིར་ལ་གོད་ཆག་བྱུང་བའི་དོན་རྐྱེན་དག་ལ་དམིགས་ནས། འབྲི་ཆུའི་ཤར་ནུབ་གཉིས་སུ་རྟེན་གཞིས་བཟུང་བའི་གྲུབ་མཐའ་རིས་མེད་ཀྱི་གཞི་རྐང་བཙུགས། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་གཞུང་གདམས་ངག་དང་བཅས་པ་ཕྱོགས་བསྒྲིགས་མཛད་པ་ལ་《མཛོད་ཆེན་རྣམ་ལྔའི་》ཡ་གྱལ་《གདམས་ངག་མཛོད་》ཅེས་པ་དེ་བསྒྲིགས། དེའི་དབང་ལུང་གདམས་ངག་དང་བཅས་པ་ཐམས་ཅད་རང་གིས་ཞུས་ཤིང་། གཞན་ལ་སྤེལ་གནང་མཛད་པ་སོགས་རིས་མེད་གྲུབ་མཐའི་ཕྲིན་ལས་རྒྱ་ཆེར་སྤེལ་བ་ལ། རིས་མེད་བསྟན་འཛིན་འཇམ་མགོན་མཁྱེན་ཀོང་མཆོག་གསུམ་ཟེར་བ་དེ་བྱུང་བ་རེད། ཅེས་ཡང་ཡང་གསུང་གི་ཡོད། དེ་ལྟར་མཁྱེན་ཀོང་མཆོག་གསུམ་སོ་སོའི་ཐུན་མིན་གྱི་ཡོན་ཏན་དང་བསྟུན་པའི་གསོལ་འདེབས།
༡༽ འཇམ་དཔལ་བྱིན་བརླབ་བི་མའི་རྣམ་པ་འཕྲུལ། །རྒྱལ་སྲས་ལྷ་རྗེའི་ཡང་སྲིད་བཅུ་གསུམ་པ། །བཀའ་བབས་བདུན་ལྡན་པདྨ་མདོ་སྔགས་གླིང་། །འཇམ་དབྱངས་མཁྱེན་བརྩེའི་དབང་པོར་གསོལ་བ་འདེབས། །
༢༽ བཀའ་གཏེར་ལུང་ཟིན་བཻ་རོའི་རྣམ་པ་འཕྲུལ། །མཛོད་ཆེན་རྣམ་ལྔའི་ཤིང་རྟའི་ལམ་སྲོལ་འབྱེད། །རིས་མེད་བསྟན་འཛིན་ཡོན་ཏན་རྒྱ་མཚོའི་ཞལ། །བློ་གྲོས་མཐའ་ཡས་ཞབས་ལ་གསོལ་བ་འདེབས།
༣༽ དཀྱིལ་འཁོར་ཀུན་བདག་མཚོ་སྐྱེས་རྡོ་རྗེ་འཆང་། །མཆོག་གི་རིག་པ་འཛིན་པའི་སྐུ་བཞེས་པ། །གངས་ཅན་སྐྱེ་རྒུའི་སྐྱབས་གཅིག་གཏེར་ཆེན་རྗེ། །མཆོག་གྱུར་གླིང་པའི་ཞབས་ལ་གསོལ་བ་འདེབས། །
ཞེས་དུས་བབས་ཀྱི་གསོལ་འདེབས་འདི་ཉིད་མདོ་ཁམས་སྡེ་དགེའི་ཡུལ་ནས་རིམ་བཞིན་གངས་ལྗོངས་ཐ་གྲུ་ཀུན་ལ་ཁྱབ་ཡོད་པ་རེད། དེ་ལྟར་ཕ་མ་དང་སློབ་དཔོན་རྣམས་ཀྱི་སློབ་གསོའི་ཤུགས་རྐྱེན་གྱི་དབང་གིས་ཁོ་བོ་ཆུང་ངུའི་དུས་ནས་བན་བོན་གཉིས་ཀ་ལ་རིས་མེད་འཛིན་མཁན་ཞིག་ཡིན། །
རང་རེ་བགྲོ་གླེང་གི་ནང་དུ་དགེ་དཔལ་དང་། བླ་རུང་དང་། གསེར་རྟ་སོགས་གང་ཟག་བྱེ་བྲག་པ་དང་། དེར་བཞུགས་པའི་གནས་དང་། ཡུལ་བྱེ་བྲག་གི་མིང་ཙམ་སྨོས་པ་ལ་ས་ཕྱོགས་དང་། གྲུབ་མཐའི་སྡང་ཞེན་ཡིན་པ་འཛིན་པ་ནི་ཐུགས་བློ་ཧ་ཅང་གུ་དོག་པའི་སྐྱོན་ཏེ། བྱ་བའི་ཡུལ་གྱི་མིང་ཙམ་ཡང་སྨོས་མ་རུང་ན། མུན་པའི་སྨག་ཏུ་མདའ་འཕངས་པ་ལྟར། རང་རེའི་བགྲོ་གླེང་འདི་སུས་ཀྱང་གོ་མི་ཐུབ་པ་ཞིག་ཏུ་འགྱུར་བས། དེས་ན་བགྲོ་གླེང་བྱ་བ་ལ་སྙིང་པོ་ཅི་ཡོད། །
མཁན་ཆེན་དགེ་དཔལ་ཆོས་བརྒྱུད་ཚབ་མིན་ལ། །
བླ་རུང་ཟེར་བ་གྲུབ་མཐའི་མཚོན་བྱེད་མིན། །
རྩོད་པའི་ཡུལ་གྱི་མཚན་ཀྱང་མི་གསལ་ན། །
རང་རེའི་བགྲོ་གླེང་འདི་ལ་དགོས་པ་ཅི། །
རིས་མེད་དད་པ་འཇམ་མགོན་ཀོང་སྤྲུའི་དྲིན། །
ལུང་རིགས་སྤོབས་པ་བླ་མའི་ཞལ་རྒྱུན་ཉིད། །
ཆོས་དང་ཆོས་མིན་རྩོད་པའི་ངག་གིས་འབྱེད། །
དགོས་པའི་དོན་ནི་གཞོན་ནུའི་བློ་སྒོ་འབྱེད། །
ན་རྒས་དད་པས་ཅི་མཛད་ལེགས་པར་མཐོང་། །
འབྲོག་སྡེ་ཕལ་ཆེར་རྒྱ་བླའི་གཡོ་འོག་ཚུད། །
ཆོས་དང་སྲིད་ཀྱི་དབྱེ་བ་མ་འབྱེད་པས། །
མནར་གཅོད་གཏོང་ཡང་བདེ་བར་སྒོམ་འདིར་སྐྱོ། །
ཁ་ཆེས་རང་ལུགས་འགལ་ན་གསད་བྱ་དང་། །
ནང་པས་ཞིང་བཅུ་ཚང་ན་བསྒྲལ་བྱ་གཉིས། །
གཟུར་གནས་བློ་ལ་ཁྱད་པར་མ་མཐོང་བས། །
སླད་ནས་ཐབས་མཁས་གསུང་ལ་བག་ཡོད་མཛོད། །
ཅེས་གསལ་བཤད་དགེ་དཔལ་དགྱེས་པའི་གླིང་བུ་ཞེས་པ་འདི་ནི་རིས་མེད་བསྟན་པའི་སྲོལ་འབྱེད་འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་སྒྲུབ་གནས་ཙཱ་འདྲ་རིན་ཆེན་བྲག་གི་ཉེར་ཞོལ་དུ་སྐྱེས་ཤིང་མི་ཚེ་གྱི་ནར་འཁྱལ་བའི་རྒྱལ་ཁམས་པ་ཐུབ་བསྟན་ཕུན་ཚོགས་ཀྱིས་སྤྱི་ལོ་༢༠༡༥ལོའི་ཟླ་བ་གཉིས་པའི་ཚེས་༡ཉིན། རྒྱ་ནག་པེ་ཅིང་གྲོང་གི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་རང་ཤག་ནས་སྤྲིངས་སོ།
མཁས་པའི་ཚིག་གསུམ་བཤད་པའི་ལྕི་ཚོད་འདི།
གླང་ཆེན་སྟོང་གི་རྒྱབ་ཀྱི་ཁུར་པོ་རེད།
རྟོག་གེའི་གཤོག་རྩལ་རྒྱས་པའི་རྒྱལ་ཁམས་པས།
ཚུལ་གསུམ་རིག་པའི་མདའ་རྒོད་འཕེན་ནས་འདུག
མཁས་པའི་མཁས་ཚོད་མ་ཟིན་ན་ཉེ་འཁོར་ཚང་མ་དགྲ་རུ་འགྱུར་།
སྤྱང་པོའི་སྤྱང་ཚོད་མ་ཟིན་ན་སྤྱང་ནས་་ལྷག་པས་ཁྱེར་ཡོང་ངོ་།
མཁས་སྤྱང་རང་ཚུགས་མ་ཟིན་ན་འགྲོ་སའི་ལམ་ཁ་འགག་ཉེན་ཡོད་།
མཁས་པའི་ཡོན་ཏན་ཚོད་ཀྱི་གྲགས་།
སྤྱང་པོའི་ཡོན་ཏན་ཚོད་ཀྱི་འཛིན་།
ཚོད་བྱ་བ་རླུང་གི་འདྲེན་།
ནོར་བཅོས་་་་་ཚོད་མེད་བྱ་བ་རླུང་གི་འདྲེན་།
གཏེར་ཟེར་བ་འདི་ག་རེ་རེད་དམ། ཚིག་འདིའི་དོན་ཅི་རེད་དམ། རང་བྱུང་གི་དངོས་པོ་ཞིག་ལ་གཏེར་ཟེར་གྱི་རེད་དམ། ཡང་ན་་་དངོས་པོ་ཡིན་ན་གཏེར་ཡིན་པའི་ཁྱབ་ཟེར་དགོས་སམ།
ཞི་མི་ཡི་སྐྱག་པ་དེ་ཡང་གཏེར་ཡིན་ནམ། ཞི་མི་ཡིས་ཕར་འབྲུ་རིགས་ཀྱི་ནང་དུ་རང་གི་སྐྱག་པ་བསྐུངས། མི་ཡིས་ཚུར་བཏོན་ན་གཏེར་བཏོན་པ་ཨེ་ཡིན་ནམ། གཏེར་ཡིག་ཟེར་བ་དེ་དག་མི་ཡིས་བཟོས་པའི་དངོས་པོ་རེད་དམ། རང་བྱུང་གི་དངོས་པོ་ཞིག་རེད།
བོད་པའི་ཆོས་ལུགས་པ་དེ་དག་གིས་བོད་མི་རིགས་མགོ་སྐོར་བྱས་སྟངས་འདི་དག་བསམ་བློ་འཁོར་དུས་སེམས་ཕམ་ཡ་དང་ཡིད་སྐྱོ་ཡ་ཞིག་རེད། རྫུན་སྒྲུང་འདི་འདྲ་ཞིག་བཤད་ཀྱི་རེད་མོད། གཏེར་སྟོན་བླ་མ་དེ་དག་གིས་གཏེར་བཏོན་དུས་སྒོ་ང་ལྟ་བུའི་གཏེར་རིགས་ཤིག་ཡོད་ཟེར། གཏེར་དངོས་དེའི་ནང་དུ་དམ་ཆོས་ཟབ་མོ་ཞིག་ཡོད་ཟེར། སྒོང་གཏེར་ཁ་ཕྱེས་པར་གསང་ཡུམ་གྱི་སྐྲ་དགོས་ཟེར། གསང་ཡུམ་གྱི་སྐྲ་མེད་ན་སྒོང་གཏེར་ཁ་ཕྱེས་མི་ཐུབ་ཟེར། གཏེར་སྟོན་བླ་མའི་གསང་ཡུམ་གྱི་སྐྲ་ཡིས་སྒོང་གཏེར་དཀྲིས་ན་རང་བཞིན་གྱི་ཁ་ཕྱེས་ཡོང་ཟེར། དེའི་ཕྱིར་དུ་་་གསང་ཡུམ་བཞེས་དགོས་པ་རེད་ཟེར།
ད་དུང་གནམ་ཡིག་ཟེར་བ་ཞིག་ཀྱང་ཡོད། ཚན་རིག་གྱི་ཐོག་ནས་དཔྱོད་རིན་མེད་ལ་ཚུལ་གསུམ་རིག་པའི་ཐོག་ནས་དཔྱོད་རིན་མེད་པའི་དངོས་པོ་རྩ་ཆེན་དེ་དག་ལ་རིན་ཐང་སྤྲད་མཁན་གྱི་མི་དམངས་དེ་སྨྱོན་པ་མིན་ན་འཛམ་གླིང་འདི་ལ་སྨྱོན་པ་ངོས་འཛིན་ཐུབ་ས་རེད་དམ། ཆོས་ལུགས་པས་བོད་མི་རིགས་མགོ་སྐོར་བྱས་བྱས་ཀྱིས་་་མི་དམངས་གཅིན་འཐུང་མཁན་གྱི་སྨྱོན་པ་ཞིག་ཆགས་སོང་བ་རེད་དོ།
འདི་ན་གཏེར་་ཞིག་ཡོད་།
རི་རྐང་རུས་འདྲ་བའི་འོག་རོལ་ན་།
ཁ་རང་གྲག་ཕུག་པའི་ཞལ་ཡས་ནང་།
ལྷ་ནོར་སྲུང་གཉེས་པའི་དམ་རྫས་ཡོད་།
དེ་འདོན་པའི་སྐལ་པ་དྲ་འབུར་བབས་།
གཏེར་སྟོན་ཧི་རུ་ཀས་་།
ཨོམ་སྦ་རྫ་ས་ཏོ་ཧུང་།
གངས་ཅན་ཁ་བ་རི་པའི་མི་རིགས་ཀྱིས།
ཡིད་ཆེས་སྐྱབས་གནས་བླ་མ་རྣམས་བྱས།
གཡོ་ཅན་བླ་མས་རང་གི་འཚོ་བའི་ཆེད།
ལྕེ་བརྒྱ་སྤྲུལ་ནས་རྫུན་གྱི་འཁོར་ལོ་བསྐོར།།
ཡིད་ཆེས་ཅན་རྣམས་མགོ་སྐོར་བྱས་སྟངས་འདིར།
བསམས་ན་མིག་ཆུ་ཤོར་བའི་ལས་དབང་ཞིག
དམ་ཚིག་ཅན་རྣམས་སྡུག་ལ་སྦྱར་བ་འདིར།
དྲན་ན་ཡིད་ཐང་ཆད་བའི་གནས་ལུགས་ཤིག
ཇུས་ཏོག་མཆོག་་་དྲ་འབུ་དང་དྲ་འབུ་ཟེར་ཅིག་ཡིན་མདོག་མདོག་བྱས་མ་སྡོད། དྲ་སྟག་དང་དྲ་སེང་ཡིན་ན་རང་ཉིད་ངོ་སྤྲོད་ཤིག་བྱོས།
རྣམ་དཔྱོད་ཡོད་མདོག་ཅན་གྱི་དགེ་ལུགས་པ་ཅོ་རི་ལགས། “སྒོང་གཏེར་ཁ་ཕྱེས་པ་གསང་ཡུམ་གྱི་སྐྲ་དགོས་”ཞེས་ཚད་ལྡན་གྱི་ཡིག་ཆ་ཞིག་སྟོན་རོགས། དེ་མེད་ན་ཁྱོད་ཀྱིས་བཤད་པ་དེ་ཁྱི་རྒན་གྱི་ཀུ་ཅོ་ལ་ངོས་འཛིན་རྒྱུ་ཡིན།
རྒན་ཐུབ་ཕུན་འདི་བསམ་ཕོད་པ་དང་བཤད་ཕོད་པའི་རྟོག་གེ་བ་གཞུང་དང་རིག་གནས་གང་ལའང་ལྟ་རྒྱ་ཅན་ཞིག་རེད། ཡིན་ནའང་དགེ་རྒན་ཆེན་མོ་བ་ཞིག་གི་ཚོད་ཀྱིས་ཡིག་ནོར་ཧ་ཅང་མང་གི རང་གི་ཡིག་ནོར་ཁས་མི་ལེན་པའི་ཨུ་ཚུགས་ཅན་ཞིག་ཀྱང་རེད་འདུག གང་ལྟར་ཁོང་རྣམ་པ་གཉིས་ཀྱི་དགག་སྒྲུབ་ཁྲོད་ནས་བློ་སྐྱེད་གང་འཚམ་རག་སོང་བས་མཁས་པ་རྣམ་གཉིས་ལ་ཐུགས་རྗེ་ཆེ་ཞུ།
ཕྱོགས་ཞེན་ཆེ་མདོག་ཅན་མེ་དཀར་ལགས། སྒོང་གཏེར་ཟེར་བ་ཡོད་པར་ཁུངས་ལྡན་གྱི་དཔང་རྟགས་དང་ཚད་ལྡན་གྱི་གཏན་ཚིགས་ཤིག་སྟོན་རོགས། དེ་མིན་ན་ཕག་པས་ཕག་ཚང་ལྷ་ཁང་དང་སྐྱག་པ་ཟས་སུ་འདོད་པ་ལྟར་ངོས་འཛིན་རྒྱུར་ཡིན།
བོད་གངས་ཅན་པའི་ཡུལ་དུ་གསེར་གཏེར་དང་དངུལ་གཏེར་སོགས་གཏེར་རིགས་མི་འདྲ་བརྒྱ་ཕྲག་ཡོད་རྣམས་པ་བཏོན་མ་ཤེས། མི་དགོས་པའི་གཏེར་ཡིག་ཡིན་ན་ཅིག་ཡོད་ཟེར་ནས་རྫུན་བཤད། སོ་སོས་ཕར་བསྐུངས། སོ་སོས་ཚུར་གཏོན་ནས་གཏེར་ཡིན་ཟེར་བའི་རྫུན་གཏམ་བཤད་མཁན་དེ་དག་གི་རྒྱུད་ལ་ཤཀྱའི་དགེ་སློང་གི་སྡོམ་པ་ཡོད་མི་སྲིད། མི་ཆོས་བླ་མའི་རྫུན་བཤད་པའི་ཕྱིར།།
དྲ་རྒྱའི་ནང་དྲ་འབུ་མ་རྟོགས་སྟག་དང་སེངྒ་་བཤོང་གི་མ་རེད་ཧ་ཧ་ཐུགས་དང་
འགལ་ན་དགོང་གསེལ་ཡོད་།
ཅོ་རི་ལགས་ཀྱིས་དངོས་གནས་གནས་ལུགས་ཅན་གྱི་བཀའ་མོལ་ཡག་པོ་ཞིག་བཤད་སོང་། དེ་ལ་རྒྱབ་སྐྱོར་དང་རྗེས་སུ་ཡི་རང་ཡོད།
ངས་ཀྱང་ཅོ་རི་ལགས་ཀྱིས་བསམ་འཆར་ལ་གསེར་གྱི་རྒྱབ་སྐྱོར་ཡོད། འོན་ཀྱང་རྨོངས་དད་རིང་ལུགས་པ་དེ་ཚོའི་སྣང་བར་འགྲོ་གི་མ་རེད། དེ་གནས་ཚུལ་ལོགས་ཁར་རེད། བོད་འདིར་ཅོ་རི་ལྟ་བུ་མི་ཁ་ཤས་ཞིག་ཡོད་ན་བོད་འདི་ལ་བསམ་བློ་གཏོང་གཞི་ཞིག་འདུག་དེ་མིན་སྔ་མའི་སྔར་ལུགས་ལས་ཡར་རྒྱས་འགྲོ་བཟོ་མི་འདུག
སྒོང་གཏེར་མ་རེད། དགོངས་གཏེར་རེད།
གཏེར་ལ།
བྲག་གཏེར།
ཀ་འོག་གཏེར།
ཆུ་གཏེར།
གནམ་གཏེར།
དགོངས་གཏེར།
ལ་སོགས་མང་།
གཏེར་ཆོསཡོད་ཙང་། གཏེར་སྲུང་ཡོད། དེ་ཡོད་པས། གཏེར་སྦས་པ་པོ་ཡོད། དེ་ཡོད་པས། གཏེར་བཏོན་པ་པོ། གཏེར་བཏོན་དང་གཏེར་ཆོས་ཡོད་དགོས།
གསང་སྔགས་དང་གཏེར་ཆོས་སོགས་མའོ་ཀླ་ཀློ་སོགས་ཀྱི་ཆེད་དུ་སྦས་པ་མིན་པར། ལས་དང་སྨོན་ལམ་དམ་ཚིག་ཅན་འབའ་ཞིག་གི་ཆེད་དུ་བཞག་པའི་དངོས་པོ་ཞིག་རེད་དོ། །ཅོ་ ཅོ་རི་ལགས།
གཏེར་ཆོས་དངོས་ནས་ཡོད་ཙང་། གཏེར་ཆོས་རྫུན་མ་ཡང་ཡོད་ཆོག དཔེར་ན། རྒྱལ་ནོར་པཎ་ཆེན་རྫུན་མ་དང་། མཐའ་ཡས་ཀརྨ་པ་རྫུན་མ་བཞིན་ནོ།།ཧཧཧ།། །།
མཐའ་ཡས་རྡོ་རྗེ་རྫུན་པའི་སྒྲུབ་བྱེད་མེད།
འཕྲིན་ལས་རྡོ་རྗེ་བདེན་པའི་དཔང་རྟགས་མེད།
གཅིག་བདེན་གཅིག་རྫུན་རྒྱབ་དཔུང་སུ་མཐོ་འདིར།
ཚན་རིག་རྒྱལ་པོས་དཔྱད་ན་ཁྲིསམ་ཆད་ཡོད།།
སྤྲུལ་སྐུ་བདེན་རྫུན་གསེར་འབུམ་ནང་ནས་བརྩད།
ཡིན་མིན་ཐག་གཅོད་དངོས་མེད་ལྷ་འདྲེས་བཅད།
འདི་བདེན་དེ་རྫུན་ཟེར་མཁན་དཀོར་བདག་ཚོས།
ཤཀྱའི་རྒྱལ་པོའི་རུས་རྐང་བཅག་ནས་ཡོད།།
ཉམ་ཆུང་གྲྭ་པས་བཏོན་ན་གཏེར་རྫུན་ཡིན།
དབང་ཆེན་བླ་མས་བཏོན་ན་གཏེར་དངོས་ཡིན།
བདེན་རྫུན་དབྱེ་བ་ཧམ་པས་འབྱེད་པ་འདིར།
ཚད་ལྡན་སྐྱེ་བོ་སུས་ཀྱང་བདེན་མི་འཛིན།།
ཕར་ཕྱོགས་གཏེར་ཆོས་རྫུན་མ་ཡིན་རབས་བཤད།
ཚུར་ཕྱོགས་སྤྲུལ་སྐུ་སྤྲུལ་རྫུན་ཡིན་རབས་བཤད།
ཡར་ཕྱོགས་སྲུང་མ་གདོན་འདྲེ་ཡིན་རབས་བཤད།
མི་བཤད་དགུ་བཤད་དཀོར་ཟན་འདི་ཚོས་བཤད།།
ལྕེ་བརྒྱ་སྤྲུལ་ནས་རྫུན་གྱི་འཁོར་ལོ་བསྐོར།
ཆོས་སྟོང་འཆད་ནས་མི་སེམས་དབང་སྒྱུར་བྱས།
བོད་མིའི་ཀླད་པ་རྨོངས་དད་ལྕགས་ཀྱིས་བསྡམས།
བདེ་སྐྱིད་རང་དབང་དམར་པོའི་མེ་ཡིས་བསྲེགས།།
མཐའ་ཡས་རྡོ་རྗེ་མཆོག་ལ་དད་པ་མེད། །
འཕྲིན་ལས་རྡོ་རྗེ་དཔལ་ལ་དད་མོས་ཡོད། །
གཅིག་བདེན་གཅིག་རྫུན་རང་གིས་སྟོན་ནས་འོངས། །
ཚན་རིག་རྒྱལ་པོས་དཔྱད་ཁྲིམས་འདི་ན་མེད། །
སྤྲུལ་སྐུ་བདེན་རྫུན་གསེར་འབུམ་རྒྱ་ཡི་ལས། །
ཡིན་མིན་ཐག་གཅོད་དངོས་བདེན་ལྷ་གྲོགས་མཛད། །
འདི་བདེན་དེ་རྫུན་ཟེར་མཁན་ཀུན་ལ་ཡོད། །
ཤཀྱའི་རྒྱལ་པོའི་བསྟན་པ་འདི་ནས་འཕེལ། །
དད་ཆུང་བླ་རྫུན་བཏོན་ན་གཏེར་རྫུན་རེད། །
དམ་ལྡན་བླ་མས་བཏོན་ན་གཏེར་དངོས་རེད། །
བདེན་རྫུན་དབྱེ་བ་ཧམ་པས་འབྱེད་དོན་མེད། །
ཚད་ལྡན་སྐྱེ་བོ་སུས་མཐོང་དད་པ་སྐྱེས། །
ཕར་ཕྱོགས་གཏེར་ཆོས་རྫུན་མ་ཡིན་རབས་དང་། །
ཚུར་ཕྱོགས་སྤྲུལ་སྐུ་སྤྲུལ་རྫུན་ཡིན་རབས་གཉིས། །
ཡར་ཕྱོགས་དཀོན་མཆོག་བདེན་འབྲས་མི་སླུ་བས། །
མི་བཤད་དགུ་བཤད་གོ་མཁན་ཅོ་རིའི་ཚོགས། །
ལྕེ་བརྒྱ་སྤྲུལ་ནུས་པ་ལ་རྫུན་དོན་མེད། །
ཆོས་སྟོང་གོ་ནས་ཅོ་རིར་དད་ལོག་སྐྱེས། །
ཅོ་རིའི་ཀླད་པ་གསར་དད་ལྕགས་ཀྱིས་བསྡམས། །
བདེ་སྐྱིད་རང་དབང་དད་མེད་རྨོངས་པས་བཅོམ། །
རིན་ཆེན་གསེར་གྱི་གཏེར་གཏོན་མ་ཤེས་བར།
གསེར་གྱི་སྟེང་དུ་སྤྲང་ལུས་ལེན་ནས་བསྡད།
རིན་ཆེན་གཏེར་རྫས་བེད་སྤྱོད་མ་ཤེས་ནས།
ལྕི་བའི་མེ་ཡིས་ལྟོ་ཆས་བཟོས་ནས་ཟོས།།
གཏེར་ཆུ་དྭངས་མར་བེད་སྤྱོད་མ་ཤེས་ནས།
མགོ་ལུས་ཡོངས་རྫོགས་དྲི་མས་ཁེངས་ནས་བསྡད།
རིན་ཆེན་གཏེར་རྫས་དཀྱུས་ཀྱི་བོད་མི་ཚོའི།
སྤྲང་ལུས་ཤིག་གིས་མནར་བ་ཡིད་རེ་སྐྱོ།།
རིན་ཆེན་གསེར་གྱི་གཏེར་གཏོན་ཤེས་པས་ན།
གསེར་གྱི་སྟེང་དུ་སྤྲང་ལུས་རྫུས་ནས་བསྡད།
རིན་ཆེན་གཏེར་རྫས་བེད་སྤྱོད་བྱེད་མཁས་པས།
ལྕི་བའི་མེ་ཡིས་ལྟོ་ཆས་བཟོས་ནའང་སྐྱིད།
གཏེར་ཆུ་དྭངས་མར་བེད་སྤྱོད་མ་བྱས་ཀྱང་།
མགོ་ལུས་ཡོངས་རྫོགས་དད་དྲི་དྲི་བསང་ཐུལ།
རིན་ཆེན་གཏེར་རྫས་དཀྱུས་ཀྱི་བོད་མི་ཚོའི།
སྤྲང་ལུས་ཤིག་ལའང་སྦྱིན་པ་ངོ་མཚར་ཆེ།
གསོན་ལུས་ཤིག་ལ་སྦྱིན་པ་དང་། །
ཤི་དུས་བྱ་རྒོད་སྦྱིན་པར་ཡི་རང་ངོ་། །
པདྨ་ཁྱོད་རང་གིས་ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་དང་ཁོང་གིས་ངོས་འཛིན་གནང་བའི་རྒྱལ་དབང་ཀརྨ་པ་གཉིས་ལ་དད་གུས་གཙིགས་མཐོང་གནང་བ་དེ་ལ་མོས་མཐུན་ཡོད་ང་ཡང་དེ་ག་རང་ཡིན། འོན་ཀྱང་ཀརྨ་ནག་རིལ་དང་སི་ཏི་རིན་པོ་ཆེར་བསམ་མི་ཕོད་པའི་སྐུར་འདེབས་བྱེད་སྟངས་དེ་ཚོར་མོས་མཐུན་མེད། ཁྱོད་རང་གིས་ཇི་ཙམ་གྱིས་དེ་ལྟར་སྐུར་བ་བཏབ་པ་ཡིས་ཁྱོད་ཀྱི་འདོད་དོན་འགྲུབ་རྒྱུའི་ཚབ་དུ་དེ་ལས་ལྡོག་པའི་ཁྱོད་རང་གི་བསམ་ཚུལ་ལ་དགག་པ་བྱེད་མཁན་མང་བར་ཡོང་སྲིད། གང་ལྟར་ཆོས་ལུགས་ཆོས་རྒྱུད་བླ་སྤྲུལ་དག་ལ་སྒྲོ་སྐུར་འདེབས་རྒྱུ་མཚམས་འཇོག་བྱེད་ན་ལེགས།
རྒན་ཐུབ་བསྟན་ཕུན་ཚོགས་ཀྱི་ཚིག་མཛོད་འདི་བོད་ཡིག་བཀོལ་མཁན་ལ་ཕན་པ་ཆེ་བས། ཐུགས་རྗེ་ཆེ།
སྐར་རྩིས་ནག་རྩིས་གཉིས་ཀ་ཕན་མེད་རེད། དེའི་ཕྱིར་བརྩོད་ན་ངལ་བའི་རྒྱུ།
རྩིས་ལ་ནུས་པ་ཡོད་ན་ཤུགས་ལྡན་རྙོག་ཕྲ་བྱུང་དོན་མེད། རྩིས་ཕན་མ་ཐོགས་ཙང་ལྷ་ཕབ་པ་མ་རེད་པས།
ངས་བལྟས་ན་སྐར་རྩིས་དེ་རིམ་བཞིན་ཨང་རྩིས་ལ་འགྱུར་ཐུབ་ན་བཟང་།
མི་ཤེས་ཤེས་རྫུས་རང་ཉིད་ནམ་ཀུན་ཕོངས། །
ཅོ་རི་ཡིན་ན་འདི་ག་དུས་ཡིན་ཡང་། མགོ་གཅིག་ཀྱང་མི་ཚོས་པར་ཉག་ཉོག་མང་པོ་བཤད་ནས་དྲ་རྒྱའི་རྩོམ་ཀློག་མཁན་ཚོར་སུན་པོ་རྐྱང་བཟོ་མཁན་ཞིག་འདུག རབ་ཡིན་ན་རིག་གཞུང་གི་གནད་དོན་བགྲོ་གླེང་བྱེད་དུས་ཅོ་རོ་ལྟ་བུ་ཅི་གང་མགོ་ཚོས་མཁན་ཚོས་ཐུགས་རྗེ་གཟིགས་བསམ་ཤེས་གནང་ནས་ཁ་ཚུམས་ནས་གཞན་ལ་སུན་པོ་མ་བཟོ་རོགས།
བཀའ་བརྒྱུད་བྱུས་གཏོགས་བཀའ་བརྒྱུད་གྱིས། །
རང་གི་བྱུས་གཏོགས་རང་གིས་གྱིས། །
རྒྱལ་ནོར་པཎ་རྫུན་ཕྱི་ཡི་སྐྱོན། །
མཐའ་ཡས་ཀར་རྫུན་ནང་གི་སྐྱོན། །
རྫུན་མ་གཉིས་པོ་རང་སར་ཞོགས། །
བདེན་པ་གཉིས་པོ་ཡར་ལ་སྟེགས། །
དྲང་གཏམ་རྣ་ལ་སུན་པའི་བློ་བཟང་བ།
རྫུན་གཏམ་ཡིད་ལ་ཐད་པའི་བློ་བཟང་བ།
བདེན་རྫུན་གོ་ལྡོག་ཅན་གྱི་རྣ་ལམ་དུ།
ཅོ་རིས་ཚིག་མདའ་མི་འཕེན་ཀ་མེད་རེད།།
རྫུན་གྱི་སྟེང་དུ་རྫུན་གྱི་ཆོས་ཤིག་འཆད།
རྫུན་གྱི་ལམ་ནས་རྫུན་གྱི་གཏེར་ཞིག་བཏོན།
རྫུན་དང་ཧམ་པས་དམངས་མགོ་སྐོར་དུས་སུ།
ཅོ་རིས་ལན་ཞིག་མི་སྤྲད་ཀ་མེད་རེད།།
ཐུབ་ཕུན་ལགས་ཀྱིས་དགག་ལན་རྒྱུ་མཚན་བཀོད་ནས་བྲིས་པ་དེར་མངོན་པར་བསྟོད་དོ།།
འདི་འདྲའི་རིག་གནས་བགྲོ་གླེང་ནི་ཡོད་ན་ཧ་ཅང་ལེགས། ལྷག་པར་དུ་བོད་ཕྱི་ནང་གཉིས་ན་ཁེ་ཕན་དང་སྙན་གྲགས་འབའ་ཞིག་གཉེར་ཞིང་། བོད་ཀྱི་རིག་གནས་མཁས་དབང་དང་སློབ་དཔོན་ཆེན་མོ་ལ་སོགས་པར་རློམ་པ་ཁ་ཅིག་གིས། དེང་རབས་ཚན་རིག་གམ་དེང་རབས་སློབ་གསོའི་ཕྱི་ཤུན་རེ་གྱོན་ཏེ་རང་མི་རིགས་ཀྱི་རིག་གནས་ལ་དམིགས་པ་ཅན་གྱི་བརྙས་བཤད་དང་ལོག་འགྲེལ་བྱེད་པས་ན། དེའི་རིགས་ལ་ངེས་པར་དུ་ལུང་རིགས་གཉིས་ཀྱིས་དགག་སྒྲུབ་གནད་དུ་འཁེལ་བ་བྱ་དགོས།
དགེ་ལུགས་པ་ཅོ་རི་ལགས། ཡང་བསྐྱར་དྲི་བ་ཞིག “སྒོང་གཏེར་སྟོན་པ་ལ་གསང་ཡུམ་གྱི་སྐྲ་དགོས”པའི་ཁུངས་ཡིག་ཆ་ཞིག་སྟོན་རོགས། མེད་ན་གོང་དུ་མཆན་ ༤ ནང་གཏེར་ལ་དགག་པ་རྒྱབ་ཡ་དེ་ལ་བཟོད་གསོལ་གནང་རོགས།
ཁྱོད་རིགས་པ་ཁས་ལེན་ཞིང་དྲང་པོ་མདའ་ནང་བཞིན་ཡོད་མདོག་བྱེད་གི་འདུག་ལ་ད་དུང་བློ་ཁོག་ཆེ་མདོག་བྱེད་གི་འདུག་ག
༼སྨད་པ་བྱེད་མཁན་ཀྱང་ཐོག་མ་སྐུ་ཉིད་ཙམ་མ་ཡིན་པ། དེབ་འདི་པར་སྐྲུན་ཐོག་མར་བྱུང་སྐབས། ཁྱེད་དང་ལྟ་བ་གཅིག་པའི་མེས་རྒྱལ་གཅིག་གྱུར་ལ་ལྷག་བསམ་ཆེ་བའི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་་་་་དགེ་རྒན་འདས་པོ་བགྲེས་སོང་་་་ཞིག་གིས་ཀྱང་གོང་རིམ་ལ་དེབ་འདི་ལ་ཆབ་སྲིད་ཀྱི་ལྟ་བ་མ་དག་པ་དང་། བསྐལ་པ་ཆགས་ནས་བོད་རྒྱ་ཁོངས་ཡིན་པའི་སྒྲུབ་བྱེད་ཀྱི་བདེན་དཔང་མ་འདང་པའི་སྐྱོན་ཡོད་སྲིད་པས་དོ་དམ་དགོས་པའི་རེ་ཞུས་ལྟར།༽
དགེ་རྒན་འདས་པོ་བགྲེས་སོང་་་དེ་བོད་རིགས་སྐྱག་ཤོར་ཞིག་ཡིན་ངེས་པས་ཁོ་སུ་ཡིན་ནམ་ཤེས་མཁན་ཡོད་ན་གསུངས་རོགས་གནོངས། །
༼གོང་རིམ་ནས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་རྒྱ་རིགས་དགེ་རྒན་ཆེན་མོ་མཁས་དབང་ལི་པིང་ཆོན་ལ་ཆེད་མངགས་ཀྱིས་ཞུ་དག་གནང་བཅུག་པ་རེད།༽
རྒྱ་རིགས་དགེ་རྒན་ཆེན་མོ་མཁས་དབང་ལི་པིང་ཆོན་ལ་དགའ་བསུའི་བཀྲ་ཤིས་བདེ་ལེགས་ཞུ། ཁྱེད་ལྟ་བུའི་མཁས་དབང་མངས་པོ་གླིང་འདིར་ཕེབས་པའི་སྨོན་ལམ་ཡང་ཡང་འདེབས་པར་སྤྲོ། །
ཅོ་རི་འདི་ལ་ཅིག་རེད་ཟེར་ནས་བསྟོད་ར་བཏང་དུས་ཚོད་ཟིན་གི་མི་འདུག གཏེར་དང་གཏེར་སྟོན་ལ་ཁ་གཏོང་གི་མ་བསྡད་ན་ཡག་གི་མི་འདུག་གམ། གཟས་སའི་ཁ་ལ་མི་ཕོག་མ་གཟས་སའི་སྣ་ལ་ཕོག་གི་རེད་ད། ཁྱེད་ཀྱིས་ཕ་མེས་ཀྱི་ཆོས་ཟེར་ནས་བསྟོད་པ་བྱ་ཡུལ་བོན་གྱི་འབྱུང་ཁུངས་ཡོད་ན་མེད་ན་ཚང་མ་གཏེར་ལ་ཐུག་ཡོད་པ་དང་། གཏེར་ཆོས་མང་ཤོས་ཡོད་ས་དེ་བོན་ལུགས་ཡིན་པ་དང་། སྟོན་པ་གཤེན་རབ་ཀྱི་རྣམ་ཐར་སྐད་གྲགས་ཅན་ཚོ་ཡང་གཏེར་ཆོས་ཡིན་པ་ཁྱེད་ཀྱིས་ཤེས་མེད་པ་ཨེ་ཡིན། ཡང་མིན་ན་བཤད་ས་བུ་མོ་ཡིན་ཡང་ཕོག་ས་མནའ་མ་བྱེད་འདོད་པ་ཡིན་ནམ། ཧཧཧཧསྐུ་རྩེད་ཡིན།
སྤོབས་མཐའ་ལགས། ཅོ་རི་བསྟོད་ནས་དགའ་དགོས་རྒྱུ་དང་སྨད་ནས་སྡུག་རྒྱུ་དགོས་ཅང་མེད། བོན་པོས་བོན་ཆོས་གཏེར་དུ་སྦས་དགོས་པའི་རྒྱུ་མཚན་ལུས་ཡོད། བན་དེ་ཚང་གིས་བོན་པོ་རྣམས་ལ་ཉི་མ་རྒྱ་ལམ་དབང་མི་བཅུག་པའི་སྐབས་སུ་བོན་པོའི་མི་གསོན་པོ་དུར་སྦས་བྱས་མྱངས་ཡོད་པ། བོན་པོ་དང་བོན་ཆོས་མེར་བསྲེགས་ཆུ་གཡུགས་བྱས་ཡོད་པ།
བོན་པོས་བོན་ཆོས་རི་ཆུ་བྲག་གསུམ་གྱི་ནང་དུ་མི་བསྐུངས་ཀ་མེད་རེད་བ། རྗེས་སུ་དུས་བདེ་ཞི་ཞོད་འཇགས་བྱུང་དུས་ཚུར་བཏོན་པ་ཡིན་གྱི་རེད་མ་གཏོགས་མི་དམངས་མགོ་སྐོར་གཏོང་ཆེད་དུ་མ་རེད་བ། བོན་པོའི་ཕར་བསྐུངས་པའི་བོན་ཆོས་རྣམས་བན་དེས་ཚུར་བཏོན་ནས་སོ་སོའི་ཡིན་མདོག་མདོག་བྱས་པ་ཨེ་རེད། རིགས་པས་དཔྱད་ན་བོན་པོ་སླ་བ་དེ་དག་གིས་ཟིང་འཁྲུག་སྐབས་སུ་བོན་ཆོས་རིག་ཆུ་བྲག་གསུམ་གྱི་ནང་དུ་བསྐུངས། བོན་པོར་དོར་ནས་བན་དེའི་ཆོས་ལ་ཞུགས། བསྐུངས་བཞག་ཡོད་པའི་བོན་ཆོས་ཚུར་བཏོན་ནས་གཏོར་སྟོན་པ་ཡིན་མདོག་མདོག་བྱས། བན་དེའི་གཏེར་ཆོས་ཡིན་མདོག་མདོག་བྱས། རྐུ་མ་ངོ་འཕྲད་འོང་བཞིན་འདུག་ག
ཁྱོད་ཚོས་བོན་པོ་ལ་རྐུ་མ་དང་རྐུ་མ་ཟེར་ནས་འབོད་བསྡད་ཀྱི་འདུག་ཀྱང་རྐུ་མ་དངོས་གནས་བན་དེ་རེད་འདུག་ག བོན་པོའི་བསྐུངས་བཞག་ཡོད་པའི་བོན་ཆོས་རྐུས་པ་མིན་ནམ།
བན་དེ་ཚང་གིས་བོད་ཆེན་པོའི་ཕ་མེས་ཀྱི་ཆོས་ལུགས་རྙིང་པར་རྩ་གཏོར་དང་ཤཀྱའི་ཆོས་ལུགས་གསར་པ་ནང་འདྲེན་བྱས་པའི་སྐབས་དང་། མའོ་ཀྲུང་ཞིའི་ཡིས་བོད་ཀྱི་རིག་གཞུང་རྙིང་པ་རྩ་གཏོར་དང་དམར་པོའི་ལྟ་གྲུབ་དར་སྤེལ་བཏང་ལུགས་གཉིས་ལ་འདྲ་མཚུངས་མང་པོ་ཡོད།
བན་དེ་ཚང་དང་མའོ་གཉིས་ཀྱི་སྐབས་སུ་བོད་ཆེན་པོའི་རིག་གནས་རྙིང་པ་རྣམས་བསྐུངས་ས་མི་རེག་པའི་དཀའ་ངལ་རེད། ང་ཆུང་དུས་བོད་ཀྱི་བྲག་ཕུགས་ཁག་གི་ནང་དུ་གསེར་དངུལ་གྱིས་བྲིས་པའི་ཆོས་དཔེ་བསྐུངས་བཞག་ཡོད་པར་མཐོང་མྱངས་ཡོད། ཕྱེད་ཙམ་ཆུ་དང་ཆར་པས་འཇིག་བསྡད་ཡོད་པ་དེ་འདྲ་བྲག་རི་སོགས་ཀྱི་ནང་དུ་མཐོང་ཡ་ཡོད་བ། རྒན་ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས་གསུངས་པའི་སྐད་ཆ་དེ་དག་དངོས་ཡོད་རེད་བ།
བོད་ཆེན་པོའི་ཡུལ་དུ་ཆོས་ལུགས་ཐོག་མ་དར་དུས་བོད་མི་ཡོངས་རྫོགས་བོན་པོ་ཡིན་པ། དེ་ནས་མགོ་སླ་བ་རྣམས་བན་དེ་བའི་ཆོས་ལ་ཞུགས། དེར་དུས་རྙིང་མ་མང་ཤོས། དེ་ནས་མགོ་སླ་བ་ཁག་གཅིག་བཀའ་རྒྱུད་དང་ས་སྐྱའི་ཆོས་ལ་ཞུགས། དེ་ནས་མགོ་སླ་བ་རྣམས་དགེ་ལུགས་ལ་ཞུགས། དགེ་ལུགས་པ་རྣམས་མགོ་སླ་ཤོས་རེད།
དགེ་ལུགས་པའི་ལྷ་སྡེ་མི་སྡེ་དེ་དག་དང་པོར་བོན་པོ། དེ་ནས་རྙིང་མ། དེ་ནས་ས་སྐྱ། དེ་ནས་བཀའ་རྒྱུད་དང་ཇོ་ནང་སོགས་རིམ་བཞིན་འགྱུར་ནས་ཡོང་བ་ཡིན་དགོས། དེང་སང་ཡོད་བསྡད་པའི་བོན་པོའི་ལྷ་སྡེ་མི་སྡེ་འདི་དག་རང་ཚུགས་བརྟན་ཤོས་རེད། རང་ཚུགས་བརྟན་པོ་འདི་འདྲ་སྲུང་ཐུབ་མཁན་གྱི་ཁྱིམ་ཚང་ཡ་རམས་ཤ་སྟག་རེད་འདོད།
མ་འོང་བོད་ཆེན་པོའི་ངོ་བོ་གཞན་དུ་འགྱུར་མི་ཉན་པ་ཡིན་ན་བོན་པོ་ཞིག་སྲུང་སྐྱོང་ལ་ཕེབས་ཐུབ་ན་བོད་རང་ཚུགས་ཟིན་པའི་རེ་བ་འདུག དགེ་ལུགས་པའི་བློ་བཟང་ལྟ་བུ་ཡིན་ན་མགོ་སླ་པོ་རེད་བ། རྒྱ་ལ་འགྱུར་འགྲོ་གི་རེད། རང་ཚུགས་ཟིན་ཐུབ་ཀྱི་མ་རེད། ལོ་རྒྱུས་ཀྱི་ཐོག་ནས་དཔང་རྟགས་ར་འཕྲོད་བྱས་འདུག་ག དགེ་ལུགས་པ་འགྱུར་འགྱུར་བྱེད་ན་བོད་རྒྱ་ལ་འགྱུར་འགྲོ་གི་རེད། ཁྱོད་རང་ཚོས་བསམ་བློ་ཞིག་ཐོངས་དང་། དགེ་ལུགས་པ་ཟེར་བ་འདི་འགྱུར་སླ་ཤོས་དང་འགྱུར་མང་ཤོས་རེད་དམ་མ་རེད། ཡང་བསྐྱར་ཆོས་ལུགས་གསར་པ་འདྲ་སླེབས་བྱུང་ན་ཐེངས་དང་པོར་དགེ་ལུགས་པ་དེ་དག་འགྱུར་ནས་ཆོས་གསར་དེ་ལ་ཞུགས་ཀྱི་རེད་དམ་མ་རེད།
བོན་ཆོས་བོད་ལ་ངེས་པར་དུ་དགོས་ཀྱང་། ཅོ་ཅོ་རིས་བཤད་པའི་བོན་ཆོས་དེ་བོད་ལ་དགོས་པ་འདུག
བོན་པོ་ཆོས་ཀྱི་རྙིང་མ་རེད་།
བོན་ཆོས་དར་མེད་ན་ས་རྙིང་བཀའ་དགེ་ལུགས་གང་་ནས་འཁྲུངས་།
འུར་རྡོ་མཚོན་གྱི་ཐོག་མ་རེད་།
འུར་རྡོ་མེད་ན་མཚོན་ཆ་ག་འདྲ་བཟོ་།
མེ་འདའ་ག་འདྲ་བཟོ་།
འབོམ་ག་འདྲ་བཟོ་།
ཧ་ཧ་ཧ་འཇིག་རྟེན་གཏམ་གྱི་དཔེ་དེ་མ་བདེན་ན་།
དམ་པ་ཆོས་ཀྱི་བཀའ་དེ་རྫུན་མ་ཡིན་ཟེར་བའི་དཔེ་དེ་བདེན་ངོ་ཆེ་མདའ་།
ཨ་རོགས་ཚོ་ཧ་གོ་ཨི་ཐི་ངོ་མའི་ཚེ་རིང་ལོ་བརྒྱ་ཐུབ་ཤོག་།
ཉིན་ཤད་རིང་དྲ་ནང་ལ་ཡོང་ཁོམ་མ་བྱུང་དྲ་གྲོགས་རྣམས་ལ་བཀྲིས་བདེ་ལེགས་ཞུ་
ཅོ་རི་འདིས་གཞུང་མང་གཉིས་བར་དཀྲུག་ཤིང་ཆོལ་ཁ་ཆོས་ལུགས་བརདང་བླ་སློབ་བར་དཀྲུག་ཤིང་དྲ་གྲོགས་བར་དཀྲུག་ཤིང་རྒྱབ་པས་མ་འགྲིག་པར་ད་ཆ་ཆོས་ལུགས་བར་དཀྲུག་ཤིང་དང་རི་བོ་དགེ་ལུགས་པར་མཚན་སྨད་ཞུ་བ་ནི་ཁོ་པ་དོད་འདྲེ་ཁོག་ཞུགས་བྱུང་བ་ཡིན་པས་ཁོའི་སྐད་ཆ་ལ་ཉན་རྒྱུ་མེད་དྲ་གྲོགས་འཚོ་