འོས་སྦྱོར་བ། ཁྲོ་གཏུམ།
༼ཀ་སྐྱེས་འཇིགས་མེད་རང་གྲོལ་གྱིས་བརྩམས་གནང་བའི་<<སྐྱབས་རྗེ་བླ་མ་ངག་བློའི་རྣམ་ཐར།>>གྱི་ཚན་པ་ཉེར་དགུ་བ་འདྲེན་བཀོད་བྱས་པ་ཞིག༽
རེབ་གོང་དུ་ཕྱི་ལོ་༡༩༥༨ ལོར་གུང་ཁྲན་དབང་བསྒྱུར་གྱི། བསྒྱུར་བཀོད་མཉམ་ལས་ཁང་གི་སྲིད་ཇུས་ལག་བསྟར་བྱས་པ་རེད། ལམ་ཕྱོགས་དེའི་ངོ་བོ་ནི། གང་ལ་དབང་བསྒྱུར་གྱི་ཕྱོགས་ཐམས་ཅད་དུ། མ་རྩ་རིང་ལུགས་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་དང་། ཕྱུག་བྲན། རྨོངས་དད་བཤུ་གཞོག་ལམ་ལུགས་སོགས་བཅིང་འགྲོལ་དང་ཡོ་བསྲིངས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ལམ་ལུགས་གསར་བའི་གསར་བརྗེ་མངོན་འགྱུར་བྱེད་རྒྱུ་དེ་རེད།
རྣམ་པ་ནི། རྒྱ་ཆེའི་མང་ཚོགས་ཐམས་ཅད་རྨོངས་གཉིད་ལས་བསླངས་ཏེ། རང་རང་གི་མགོ་ཐོག་ཏུ་མནན་པའི་ཞིང་ཕྱུགས་བདག་པོའི་གྲལ་རིམ་མགོ་རྟིང་བསློག་སྟེ། དབང་བསྒྱུར་གྲལ་རིམ་གྱི་ནག་ཉེས་ཐེར་འདོན་སྒོས་དམངས་གཙོ་ཡང་དག་དང་། ཞིང་ཕྱུགས་སོགས་ཐོན་སྐྱེད་ཀྱི་རྒྱུ་ཆ་སྤྱི་ཚོགས་ལ་དབང་བར་བྱེད་པའི་ཐོག་མའི་གྲལ་རིམ་འཐབ་རྩོད་བརྒྱུད་ནས། དམངས་གཙོ་བཅོས་བསྒྱུར་གྱི་ལམ་ཕྱོགས་ཡངས་པོ་བྱེད་པ་ལ། དམངས་ཚོགས་སྐུལ་སློང་གིས་སློབ་གསོ་དང་ལག་ལེན་དུ་བསྟར་བ་རེད། འོན་ཀྱང་ས་གནས་ལག་བསྟར་བས་གཡོན་ལྷུང་གི་བསམ་སྤྱོད་ཐལ་ཆེ་ནས། དངོས་ཐོག་དོན་འཁྱོལ་གྱི་བྱ་བ་ནི། ཞིང་ལས་ས་ཁུལ་དུ་ས་ཞིང་བཀས་བཀོད་རྒྱུད་འཛིན་གྱི་བདག་པོ་ལ། ཞིང་བྲན་དམངས་ཚོགས་བེད་སྤྱད་ནས་རྨག་མེད་དུ་བཏང་ཞིང་། དེ་ལ་བརྟེན་ནས་དབྱེ་ཞིབ་མེད་པའི་ཞིང་བ་མང་པོ་ལ་མནར་གཅོད་བྱས་ཤིང་། འབྲོག་ཁུལ་ལ་མཚོན་ནའང་། ལག་བསྟར་བས་སློབ་གསོའི་རྩ་དོན་བརྒྱུད་འགྱུར་གྱིས་འབྲོག་བདག་ལ་ཁྲིམས་མཐུན་ཁེ་ཕན་གྱི་དམིགས་གསལ་མེད་པར་མ་ཟད། ཕྱུག་བདག་གྲལ་རིམ་དང་གྲལ་རིམ་མིན་པའི་འབྲོག་དམངས་ལའང་། འབྲོག་བྲན་སྐུལ་སློང་གིས་ཁྲིམས་མཐུན་མིན་པའི་བྱ་བ། འོས་མིན་གྱི་འཐབ་རྩོད་མང་པོ། དཔེར་ན་ཕ་མགོ་བུ་ལ་བརྡུངས་དུ་བཅུགས་པའི་བྱ་བ་བྱས་པའི་ཚད་དུ་ལྷུང་།
དགོན་སྡེའི་བཅོས་བསྒྱུར་ཐད་དུའང་། བདག་བྲན་ལམ་ལུགས་དང་། གཉའ་གནོན་བཤུ་གཞོག་ལམ་ལུགས་སོགས་དམིགས་གསལ་གྱི་བསྒྱུར་བཅོས་དང་། གྲྭ་བཙུན་རྒྱུ་སྤུས་དག་པས་ཆོས་ལུགས་བྱེད་སྒོ་སྤེལ་རྒྱུ་དང་། དེར་བརྟེན་མང་ཚོགས་ཆོས་དད་རང་དབང་དང་། རྒྱུ་སྤུས་ཞན་པའི་གྲྭ་བཙུན་རྣམས་ཀྱིས། མི་དང་དངོས་པོའི་ཐོན་སྐྱེད་འཕར་སྣོན་བྱ་དགོས་པའི། ཏང་གི་ཆོས་ལུགས་བྱ་བའི་རྩ་དོན་ཡག་པོ་དེའང་། ལག་བསྟར་བས་སྣང་མེད་བྱས་ཏེ་རྨོངས་དད་ལ་དག་གཙང་ཞེས། ཆོས་དང་། ཆོས་ལུགས་ཀྱི་ལམ་ཕྱོགས་འཛིན་པའི་མི་ཡོངས་ལ་ངོ་རྒོལ་བཏང་སྟེ། དགོན་པའི་རིན་ཐང་ཅན་གྱི་དངོས་ཟོག་དང་། དོ་དམ་མི་སྣ་དང་། ཆོས་ལམ་དྲང་པོའི་མི་ཡོངས་སུ་འཐབ་རྩོད་དང་། གཏོར་བཤིག་གིས་ཡོད་ཚད་མེད་པར་བཟོས་ནས་གཡོན་ལྷུང་བྱུང་བ་རེད།
ཕྱི་ལོ༡༩༥༨ ལོའི་ལོ་འགོ་ནས་བཟུང་། རིམ་བཞིན་བསྒྱུར་བཀོད་ཀྱི་སློབ་གསོའི་ཚོགས་འདུ་ཐེངས་མང་པོ་ཡང་ཡང་དུ་འཚོགས་དགོས། སེམས་གཙོ་དང་དངོས་གཙོ། འབྱོར་ལྡན་དང་འབྱོར་མེད་ཀྱི་གྲལ་རིམ་ལ་ཐེ་གཏོགས་བྱེད་ཅིང་། དེ་ལས་སེམས་གཙོ་རིང་ལུགས་པ་དང་། བཤུ་གཞོག་གྲལ་རིམ་པ་སོགས་ཀྱི་ཐ་སྙད་སྦྱར་བའི་དགག་རྒྱག་དང་། ཉེས་པ་བསྒྲགས་ཀྱི་འདུག དེ་དུས་ཨ་ལགས་ངག་ལོ་ཡང་ཐེངས་མང་པོར་ཚོགས་འདུ་ལ་ཞུགས་དགོས། དེའི་སྐབས་སུ་དགོན་པའི་ཨ་ཁུ་ཕྲིན་ལས་དར་རྒྱས་ཡང་བཟུང་སོང་།
འདི་དག་གི་སྐབས་སུ་ཨ་ལགས་ངག་ལོ་ཁོང་གི་རྨི་ལམ་དུ། ནུབ་ཞིག་བུད་མེད་འཇིགས་སུ་རུང་བ་སློག་པ་སྐྱ་བོ་གྱོན་པ། གཟུགས་ཀྱི་མཐོ་ཚད་ན་མི་ཚད་གཉིས་ཙམ་ཡོད་པ་ཞིག་གིས། སྡུད་མ་༼ཕྱགས་མ།༽རིང་བོ་ཞིག་བཟུང་ནས། དགོན་པའི་ཆགས་གནས་དེ་གཡས་ཕྱགས་གཡོན་ཕྱགས་བྱས་ཏེ་དགོན་པ་ཁ་ཚང་མར་གྱི་ལུང་བའི་ནང་དུ་བྱབས་སོང་།༼ལྟེ་ཕུར་ནག་མོ་ཡིན་པར་སྣང་།༽དགོན་པའི་ཤུལ་དེ་འཇམ་ལྷན་ལྷན་དུ་སོང་འདུག་པའི་ཤུལ་ན་བླ་རྒན་ལོ་ལོན་ཞིག་གིས། ཁོའི་ཡར་ནང་ན་མེ་ལོང་ཞིག་བཤམས་ནས། སྦྱིན་པ་རྒྱ་ཆེར་གྱུར་བ་འདི་ཡི་མཐུས། ། སོགས་བཏོན་ནས་འདུག་པའི་རྨི་ལྟས་ངན་པ་ཞིག་རྨིས་སོང་།
ལོ་དེའི་གསུམ་པའི་ཕུར་བའི་སྒྲུབ་མཆོད་ཀྱི་ཁྲི་བ་སོ་ནག་རོང་གི་ཤ་བོ་ཨྱོན་ཡང་ཡིན་པས་སྒྲུབ་མཆོད་ཀྱི་ཉོ་ཆ་བརྒྱགས་པར་སོང་དུས་ཁོ་བཀག་ཉར་བྱས། ལོ་དེར་ཤ་བོ་ཨྱོན་དང་། ཨ་ཁུ་པདྨ་རྒྱལ་སོགས་ཁྲི་བ་གསུམ་གྱི་ཁས་ལེན་བྱས་ཡོད་པས་སྒྲུབ་མཆོད་ཀྱི་སྦྱིན་བདག་གི་དངོས་གཞི་དེ་ལེགས་འགྲུབ་ཙམ་བྱུང་།
སྒྲུབ་མཆོད་གྲོལ་ཉིན་གྱི་ཕྱིའི་ནངས་མོ་སྔ་ཞོགས་ནམ་ས་མ་ས་ཞིག་ལ། ཁང་བའི་ཀླད་དང་ལོགས་སོགས་ནས་མི་ཞིག་འགྲོ་བའི་སེག་སྒྲའམ་སེང་སྒྲ་ཞིག་གྲག་གིན་འདུག དེའི་སྔ་ཉིན་ཀྲོའུ་སྡེ་བ་ནས་ཡིན་པའི་ནོར་བུ་རྒྱལ་གྱིས་རོགས་བྱས་ཏེ། ཁོང་གི་གཟིམ་ཁང་གི་གཡས་ཕྱོགས་གྱེན་དུ་རྐང་ལམ་ཞིག་ལས་ནས། ལས་འཕྲོ་ཞིག་འཚགས་མེད་པས། ཁོང་ཡབ་ཡུམ་ནས། གྲག་པའི་སྒྲ་དེ་ནོར་བུ་རྒྱལ་སྔ་མོར་ལངས་ནས་ཁ་སང་གི་ལས་ཀ་འཕྲོ་མ་ལས་ནི་ཡིན་རྒྱུ་རེད་བསམ།
དེ་དུས་སུ་སྟིག་དུར་ཆོམ་དུར་གྱིས་མི་མང་ཞིག་ཁོང་གི་གཟིམ་ཁང་གི་ཀླད་དུ་བུད་ནས། དམག་དུང་སང་སྒྲ་གྲགས་པ་ཞིག་བུས་བྱུང་། དེ་ནས་སྒོར་བུད་པས་ཁང་ཁ་སོགས་ནས་བོའུ་༼མེ་མདའ།༽མཆུ་ཁ་གྲི་ཅན་མང་པོ་སྟེང་དུ་བསྐོར་ནས་རྣམ་འགྱུར་དྲངས་མོའི་སྒོ་ནས་སྐས་ཚུགས་ཞེས་སྡིགས་དམོད་བྱས་པས། དེ་ནས་ཁོང་ཡབ་ཡུམ་གཉིས་སོང་ནས་སྒོ་ཕྱེས་པས། ཁོང་གི་སྤུན་ཆུང་བ་དོན་ལྡན་དང་། ཀྲོའུ་ནོར་བུ་རྒྱལ་གཉིས་ཀྱང་ཁོང་ཚང་ན་ཉལ་ཡོད་པས་དེ་གཉིས་ཀྱང་ཐོན་པས་ཁོང་མི་བཞི་བོའི་སྟེང་ལ། ལག་ཏུ་བོའུ་འཛིན་པའི་རྒྱ་དམག་མང་པོ་ཞིག་ནང་དུ་འཚང་གིས་འོངས་ནས་བོའུ་མཆུ་ཁ་གྲི་ཅན་མང་པོ་བཙུགས་ཏེ། ཕྱི་དེད་བྱས་ཏེ་གོང་གི་གྱང་རྩ་ལ་གཅུར་ནས། ད་ཁྱོད་རང་རང་གིས་བོའུ་དང་གྲི་སོགས་ལག་ཆ་ཅི་ཡོད་ངེས་ལེན་བྱས་ཏེ་སྤྲད་ན་བཟང་། དེ་ལྟར་མ་སྤྲད་པར་ང་ཚོས་ཁྱིམ་གློང་བརྒྱག་རྒྱུར་སོང་ན་ཡག་པོ་ཡོང་རྒྱུ་མ་རེད་ཟེར།
དེ་ནས་ཁོང་གིས་ལག་ཆ་མེད་ཚུལ་སོགས་བཤད་པས། ཐོག་མར་ཁོང་བཞི་བོའི་ལུས་ལ་ཞིབ་གློང་བྱས། དེ་དུས་ན་དགོན་པའི་ནང་ཆེན་གྱི་མི་དག་དང་། མཐའ་སྐོར་གྱི་མཚམས་པ་རྣམས་ཀྱང་གཅིག་འཕྲོ་གཅིག་བྱས་ནས་ཁ་ཚང་ཁོང་གི་གཟིམ་ཁང་ལ་དེད་ནས་བྱུང་། དེ་ནས་མི་གཅིག་རེ་གཅིག་རེ་བྱས་ཏེ་ལུས་ལ་ཞིབ་གློང་བྱས། དེ་ནས་དགོན་པའི་མི་ཡོད་ཚད་དེར་བཅུགས་བཞག་ནས། གཟིམ་ཤག་གི་ཕྱི་ནང་ཀུན་ཏུ་ཕྱི་གློང་ནང་གློང་བྱས་པས། དེ་སྐབས་སྟབས་མ་ལེགས་པར་ཉ་ལུང་གི་ཀུན་བཟང་ཚེ་རིང་གི་མེ་བོའུ་ཁོང་གི་ཨོང་ཁང་དུ་ཡོད་པ་དེ་རྙེད་ནས་ཁྱེར།
དེ་ནས་དམག་མི་རྣམས་ནང་ཆེན་དང་། གཟིམ་ཁང་། འདུ་ཁང་། མཚམས་ཁང་སོགས་ཁ་ཚང་ལ་ཞིབ་གློང་བརྒྱབས། མགོན་ཁང་གི་བཙན་བོའུ་གཉིས་དང་། བཙན་གྲི་གཉིས་ཡོད་པ་དག་དང་། གཟིམ་ཁང་གི་མཚོ་གྲི་སྐལ་བཟང་ཀི་འཕུར་༼མཚོ་སྔོན་པོའི་གཉའ་སྡེ་བ་ཞེས་པར་གཉའ་སྐལ་བཟང་ཞེས་ཕྱུག་པོ་ཞིག་ཡོད་པ། ཉིན་ཞིག་མཚོ་སྔོན་པོ་ཁྲི་ཤོར་རྒྱལ་མོའི་ཁ་ན་རྟ་སྟོང་རྩ་ཞིག་གི་ལ་རྫི་ཡིན་དུས་མཚོ་རླབས་ཀྱིས་དེད་འོངས་པའི་དངོས་པོ་འོད་ལམ་ལམ་བྱེད་པ་ཞིག་མཐོང་། རིམ་བཞིན་རླབས་ཀྱིས་དེད་ནས་མཚོ་ཁར་འཕངས་པས་གྲི་རིང་བོ་ངོ་མཚར་བ་ཞིག་ཡིན་པས་ཁོ་ཧ་ལས་ཏེ། ཀི་ཞིག་བཏབས་ནས་ལག་ཏུ་བླངས་ནས་ཁྱེར་ཡོང་བས། གྲིའི་མིང་ལའང་མཚོ་གྲི་སྐལ་བཟང་ཀི་འཕུར་ཞེས་ཐོགས། རྗེས་སུ་གྲུབ་དབང་སྐུ་བར་ཚང་སྐུ་གེག་ལ་བཤོལ་ནས་དེ་ཕྱོགས་སུ་ཕེབས་དུས་ཁོས་གྲི་དེ་ཁོང་ལ་ཕུལ་བའི་ལོ་རྒྱུས་ཡོད་པ་རེད།༽ཞེས་ཁམས་ཆེན་ཞིག་ཡོད་པ་སོགས་ཀྱང་ཁྱེར་སོང་། དེ་དུས་ཁོང་གིས་གྲི་ཁྱེར་མཁན་གྱི་དམག་མི་དེ་ལ། ཁྱེད་ཀྱིས་གྲི་འདི་མ་ཁྱེར་བར་གྲི་ཤུབས་ལ་བཅུགས་ཏེ་སྟེང་དུ་ཐེལ་ཙེས་མནན་ནས་ཁ་འབྱེད་མི་ཐུབ་པ་བྱོས་ནས་ཞོགས་དང་། རྗེས་སུ་གྲི་དེ་ཤུབས་ནས་ཕྱུངས་ཡོད་ན་ངས་ཀུང་ཁྲན་ཏང་ལ་ངོ་རྒོལ་བྱས་པ་ཡིན། ཞེས་ཞུ་བ་ཡང་ཡང་བྱས་ཀྱང་གྲི་དེའང་མ་བསྐྱུར་བར་ཁྱེར་སོང་།
དེ་ཉིན་དགོན་པའི་མཐའ་སྐོར་ཀུན་ཏུ་དམག་ལྭ་གྱོན་པའི་རྒྱ་དམག་མང་པོ་ཞིག་གིས་བསྐོར་ནས། འགའ་ཞིག་གིས་དགོན་པའི་མཐའ་སྐོར་དུ་གད་ཁུང་སོགས་ན་འཐབ་ར་ལྟ་བུ་བཟུང་ཞིང་། འགའ་ཞིག་ནང་ཆེན་དང་མཚམས་ཁང་གི་སྒོ་ཁ་དང་། ཁང་ཀླད་སོགས་སུ་བུད་ནས་བསྐོར། ཁྱོན་དམག་མི་བརྒྱ་སྐོར་ཞིག་འདུག མཚམས་པ་ཁ་ཚང་དགོན་པའི་སྟེང་གི་ཨ་ལགས་ངག་ལོའི་མཚམས་ཁང་གི་ར་སྐོར་དུ་བཅུགས་ནས་ཁེ་དཔེ་ལ་༼འཚོགས་འདུ།༽འཚོགས་ཏེ། མཉམ་ལས་སློབ་གསོའི་སྐོར་གྱི་སྐད་ཆ་མང་པོ་བཤད་ནས་འཚོགས་འདུ་གྲོལ། དམག་མི་རྣམས་འགྲོ་ཁར་དེ་རིང་མཚོན་ཆ་ཡོད་མེད་ལ་ཞིབ་བཤེར་བྱས་ཡོད་པས། གལ་ཏེ་རང་རང་གི་ཁྱིམ་ནང་དུ་དངོས་པོ་མི་ཚང་བ་ཡོད་ན་ཡར་ཞུ་བྱོས་ཟེར་བས། དེ་དུས་ཨ་ནེས་སྐྱིད་རིས་རྒྱལ་གྱི་དངུལ་སྒོར་ཉི་ཤུ་ཞིག་བཞག་ས་མ་ཤེས་ནས་མོ་འཚུབ་ཆ་ལངས་ཏེ། དམག་དཔོན་ལ་ཡར་ཞུ་བྱས་པས། དམག་དཔོན་གྱིས་དོན་དག་དེ་སང་ཉིན་ང་ཚོས་ཞིབ་བཤེར་བྱས་ནས་ཐག་གིས་གཅོད་ངེས་པས་ཁྱོད་ཚོས་སེམས་ཁུར་བྱེད་མི་དགོས་ཟེར་ནས་ཁོ་ཚོ་ཕྱིར་ལ་བུད་སོང་། ཕྱི་ཉིན་དམག་ཤོག་བརྒྱ་ཚོ་གཅིག་པོ་དེ་ཁ་ཚང་དོན་དག་དེའི་སླད་དུ་ཕྱིར་ཐོན་ཀྱང་། དོན་དངོས་སུ་ཨ་ནེ་དེས་སྒོར་མོ་བསྡུས་ས་མ་ཤེས་འདུག་ཟེར། དེའི་ཉིན་གྱི་གློ་བུར་བའི་འགུལ་སྐྱོད་དེ་ནི་མཚོན་ཆ་ཡོད་མེད་ཀྱི་ཞིབ་བཤེར་དང་མཉམ་ལས་སློབ་གསོར་དྲག་སྐུལ་བྱེད་སྟངས་ཤིག་རེད།
དེ་དུས་ཀྱི་ཉིན་དེར་ཉ་ལུང་སྡེ་བའང་དེ་ལྟར་གོང་དམག་གིས་བསྐོར་ཏེ་ཁེ་དཔེ་ལ་འཚོགས་ནས་མཉམ་ལས་སློབ་གསོའི་སྐོར་བཤད་ནས་སོང་། དེ་ནས་བཟུང་རིམ་པས་དགོན་པ་དང་སྡེ་བའི་མི་མང་པོ་ཞིག་འཛིན་བཟུང་བྱས། སྔོན་ལོ་ཞིག་ནས་བཟུང་རེབ་གོང་གི་སྡེ་བ་སོ་སོ་ལ་བོད་ཡིག་སློབ་པའི་རྒྱ་མི་རེ་གཉིས་ཡོང་ནས་བོད་ཡིག་འདྲ་ཆག་པོ་རེ་བསླབས་ནས་སོང་། ཉ་ལུང་སྡེ་བར་ཡང་རྒྱ་མི་གཅིག་གཉིས་ཤིག་བོད་ཡིག་སློབ་པར་ཁ་གཡར་ནས་ཁྱིམ་རེ་ནས་རེས་བསྐོར་ཏེ་ཞག་སྡོད་བྱས་ཏེ། སྡེ་བའི་རྒྱུས་ལོན་ཡག་པོ་ལོན་ནས་ཕྱིར་སོང་། ལོ་འདི་དག་ཏུ་སྡེ་བའི་འབྱོར་འབུལ་སོགས་དང་བསྟུན་ནས་འཛིན་བཟུང་བྱེད་རྒྱུ་སོགས་ལ་རྒྱུས་ལོན་ཐོབ་འདུག་ཟེར། སྒྲུབ་མཆོད་གྲོལ་ནས་སྔགས་མང་རྣམས་ཡུལ་དུ་འགྲོ་དུས་ཀྱང་ཐད་ཀར་འགྲོ་མི་ཆོག་པར་ལམ་ལོག་སོགས་བསྐོར་ནས་འགྲོ་དགོས་བྱུང་འདུག
ཟླ་ལྔ་བའི་ནང་ཨ་ལགས་ངག་ལོ་ཁོང་ཕ་ཡུལ་ཀ་རོང་གཞུང་དུ་ཕེབས་ནས། ཉིན་བཅོ་ལྔ་ཉི་ཤུ་ཞིག་ལ་ཕ་མ་སྤུན་སྲིང་དང་ལྷན་དུ་བསྡད་ནས། དེ་དུས་ཁོང་ལ་འབྲེལ་འདྲིས་ཀྱི་མི་རྣམས་ལ། འཇིག་རྟེན་གྱི་སྐྱིད་སྡུག་འབྱོར་རྒུད་དང་། འདུ་འབྲལ་སོགས་མི་རྟག་པའི་རང་བཞིན་དང་། སྐྱིད་སྡུག་ཅི་བྱུང་གི་དུས་སུ་ཡང་ལས་རྒྱུ་འབྲས་སྣོག་མི་ཉན་པའི་ཚུལ། བཀའ་གསུང་གཏམ་རྒྱུད་ཀྱི་ཚུལ་དུ་ཁ་བརྡ་སློབ་གསོ་མང་པོ་གནང་། དེ་ནས་ཕྱིར་དགོན་པར་སླེབས་པས། རྨོངས་དད་ཆོས་ལུགས་པ་དང་། ཕྱུག་པོ་འབྱོར་ལྡན་པ་ཞེས། དེ་རྣམས་ལ་ཉེས་ཁག་ཕོགས་ཏེ་མི་མང་པོ་ལ་འདྲི་རྟོག་དང་། བཙོན་བཟུང་བྱེད་ཀྱི་འདུག རང་འཐག་གླ་དེའུ་ཁྱི་ཕྲུག་ཐར་སོགས་བཟུང་ནས་ཁྲིད་སོང་། ཉ་ལུང་ནས་ཡང་མི་མང་པོ་འཛིན་གྱིན་འདུག
ཟླ་བ་དྲུག་པའི་ནང་དགོན་པའི་མདུན་རིའི་ནགས་སྐེད་ནས། ཡུ་ལེའི་ཕྱོགས་ཀྱི་ཞིང་ལ་ཆུ་འདྲེན་པའི་ཆུ་རྐ་བརྐོ་དགོས་པས། དགོན་པའི་མཚམས་པ་རྣམས་ཀྱང་དེའི་ལས་ཀར་འགྲོ་དགོས། ཨ་ལགས་ངག་ལོ་དེ་དུས་ཀྱི་རྐ་ཐིག་ལེན་མཁན་གྱི་མི་སྣའི་ནང་དུ་བསྐོས་ཏེ། ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་ལས་ཀ་ལས་དགོས། ལས་ཀ་དེའི་ངལ་གསོའི་སྐབས་དང་། སྐབས་རེར་ཇ་མཚམས་རྣམས་སུ་སློབ་མ་དང་བྲོ་རྩེ་སོགས་ཁྲིད་ཡོང་ནས་ལས་ཀ་བའི་སྣང་བ་སྤྲོ་ཆེད་གླུ་དང་བྲོ་རྩེ་རུ་འཇུག་དུས་ཀྱང་ཡོད།
ཟླ་བདུན་པའི་ནང་གྲོང་དགོན་ཐམས་ཅད་མཉམ་ལས་ཁང་དུ་བསྒྱུར་ཏེ། དགོན་པའི་སྔགས་གྲྭ་ཡོད་ཚད་ཀྱང་ཉ་ལུང་དུ་གནས་སྤོར་དགོས་ནས། འགའ་ཞིག་གིས་རས་གུར་ཕུབས་ནས་ཉ་ལུང་མགོན་ཁང་གི་ཟུར་དེར་བསྡད། འགའ་ཞིག་གིས་ཁང་བ་རེ་གཡར་ནས་བསྡད། ཨ་ལགས་ངག་ལོ་ཚང་གིས་ལྷ་རྩེ་བྱམས་ཚང་གི་ཁང་བའི་ཐོག་སོ་ན། རྩྭ་ཁང་ལྟ་བུ་ཁང་ཆུང་ཞིག་ཡོད་པ་གཡར་ནས་ཁོང་ཡབ་ཡུམ་གཉིས་དེར་བསྡད། དེ་དུས་ཉིན་བཞིན་དགོན་པའི་མཚམས་པ་ཚོའང་། སྐྱེས་པ་གཞན་ཚོ་དང་འདྲ་བར་ཆུ་རྐ་ལས་བར་འགྲོ་བ་དང་། ཨ་ནེ་སྔགས་མ་རྣམས་ཀྱང་། སྡེ་བའི་བུད་མེད་ཚོ་དང་ལྷན་དུ་ཞིང་ལས་བྱེད་དུ་འགྲོ་དགོས། ཟ་འཐུང་བྱེད་ས་གཞུང་ནས་ཧྲི་ཐང་༼ཟ་འཐུང་གཞུང་ནས་བྱེད་པའི་ལམ་ལུགས་ཤིག༽ཟེར་བ་ཞིག་བཙུགས་ཏེ། སླ་ང་ཆེན་པོ་ཞིག་གི་ནང་དུ་བསྐོལ་ནས་གཞུང་ནས་ལྷན་དུ་འཐུང་དགོས།
དགོང་ཇ་འཐུང་རྗེས་དགོང་མ་རེ་རེ་བཞིན་འཚོགས་འདུ་འཚོགས་ནས། མ་རྩ་རིང་ལུགས། སྲིད་དབང་སྒེར་འཛིན། དམངས་རྒྱུའི་བཤུ་གཞོག་སོགས་ཀྱི། གྲལ་རིམ་ལ་གཙང་གཤེར་དང་། མཉམ་ལས་སློབ་གསོ། བཅིང་འགྲོལ་ངལ་རྩོལ། ཀུང་ཁྲན་རིང་ལུགས་ལ་ཁ་གཡང་བཅས་ཀྱི་སློབ་སྦྱོང་དང་། རྨོངས་དད་དང་། གྲལ་རིམ་ལ་འཐབ་རྩོད་ཅེས། གྲལ་རིམ་པ་ལ་འབྱོར་མེད་དང་སྔོན་ཐོན་པས་ངོ་རྒོལ་དང་། རང་སྐྱོན་རང་རྗོད་ཡང་ནན་མོ་བྱེད་དགོས། དེ་ལྟར་ཐམས་ཅད་སྐྲག་སྐྲག་འདར་འདར་གྱི་ངང་ན་ཅི་བྱུང་གང་འབྱུང་གི་ཧ་མ་གོ་བར་ཡོད་པའི་དུས་ཚིགས་ཡ་ང་བ་ཞིག་ཡིན།།
འདི་འདྲ་ཡག་པོ་ཞིག་བྲིས་འདུག
འདི་ཡང་ཆ་ཚང་བཀླགས་པ་ཡིན།ཁྲོ་གཏུམ་ལགས་མུ་མཐུད་ནས་འགོད་རོགས།