སྤྱན་ཆེན་པོ།
མི་རྣམས་ཀྱིས་ཤོག་བུའི་གསེབ་ཀྱི་ཡིག་འབྲུ་དག་ཀློག་བཞིན་འདུག
ངས་ཀྱང་ཤོག་བུའི་གསེབ་ཀྱི་ཡིག་འབྲུ་དག་བཀླགས་པ་ཡིན
རྙིང་ཧྲལ་དུ་གྱུར་བའི་ཤོག་བུའི་ངོས་ཀྱི་ཡིག་འབྲུ་རེ་རེ་ནི
མཚན་མོ་ཞིག་གི་ལམ་སྒྲོན་རེ་རེར་གྱུར
ལམ་སྒྲོན་གྱི་འོད་སྣང་ལས་ངས་གདམས་ངག་ཅིག་རྙེད་པས
དེ་ནི་སུས་ཐོས་ཀྱང་མ་རྙེད་པའི་གདམས་ངག་ཅིག་རེད
རྒྱང་རིང་ལ་རྣ་བ་གཏོད་བཞིན་འཕུར་ལམ་བསྙེགས་པ་ན
ཤོག་བུས་མ་ཐེག་པའི་ཡིག་འབྲུ་དག་ངུ་བཞིན་འདུག
འགུལ་གྱིན་པའི་གདམས་ངག་ལ་ལག་སྙོབ་ཅིག་བྱེད་དུས
གདམས་ངག་གི་སྣེ་གཅིག་ན་ཁྲག་དམར་འཛག་གིན་འདུག་པས
ངས་སང་ཉིན་གྱི་ཉིན་ཐོ་ལ་མནོ་བསམ་བཏང་བ་ཡིན
༢༠༡༥-༢-༢ཉིན་གྱི་མཚན་མོར།