འོས་སྦྱོར་བ། ཁྲོ་གཏུམ།
༼ཀ་སྐྱེས་འཇིགས་མེད་རང་གྲོལ་གྱིས་བརྩམས་གནང་བའི་<<སྐྱབས་རྗེ་བླ་མ་ངག་བློའི་རྣམ་ཐར།>>གྱི་ཚན་པ་ཉེར་བདུན་པ་འདྲེན་བཀོད་བྱས་པ་ཞིག༽
ཕྱི་ལོ་༡༩༥༤ལོའི་སྟོན་ཁའི་དགུ་བའི་བཅོ་ལྔའི་ནངས་མོར། དགོན་ལ་ཁར་མཚམས་ཁང་དུ་ཁོང་ཡབ་ཡུམ་གཉིས་ཀྱིས་ནངས་ཇ་བཞེས་ནས་ཡོད་སྐབས་ཤིག་ཏུ། རྒྱ་མི་རྟ་ཞོན་ཞིག་ཁོང་ཚང་གི་མཚམས་ཁང་དུ་ཐོན་བྱུང། དེ་ནི་རེབ་གོང་རྫོང་གིས་མངགས་པའི་བང་མི་ཞིག་རེད། ཁོས་བཤད་ན་སང་ཉིན་ནས་བླ་མ་དཔོན་པོ་རྣམས་རྒྱ་ནང་དུ་མཚམས་གོན་༼ལྟ་སྐོར།༽ལ་ཁྲིད་རྒྱུ་ཡིན་པས་ལམ་ཆས་ཀྱིས་ཟེར། དེ་ཉིན་ཁོང་གིས་ལམ་ཆས་འོས་མཚམས་ཤིག་བྱས། རྒྱ་ནང་གི་ས་དམའ་ས་ལ་སོང་ན་ས་མི་འཕྲོད་ན་ཐང་བསམ་ནས་རང་སའི་ས་ཞིག་ཀྱང་ཁྱེར་ནས་རེབ་གོང་དུ་སོང་པས། མི་བཅུ་ཁ་ཞིག་མ་གཏོགས་མི་འདུག
དེ་ནས་གཉིས་གསུམ་ཞིག་སྒུག་དགོས་བྱུང་བས་མི་ཁ་ཚང་འཛོམས་བྱུང་། དགོང་མོ་འབྲུག་རྒྱལ་ཞན་ཀྲང་༼རྫོང་དཔོན།༽གིས་རྒྱ་ནང་དུ་འགྲོ་བའི་སྐོར་གྱི་བརྒྱུད་རིམ་ཤེས་བྱ་ཞིག་ངོ་སྤྲོད་བྱས། ཁོ་ཚོའི་ནང་ན་ཁོང་གིས་ངོ་ཤེས་པ་སྒོ་དམར་དཔོན་པོ་དང་། ཧོར་དཔོན་པོའི་སྤུན་བ་རྒྱལ་སོགས་ལས་མང་པོ་ཞིག་མི་འདུག དེའི་ནང་ན་ཨ་བུར་ཐེ་བུར་ནས་ཡིན་པའི་རྒན་པོ་རྩག་རྒན་༼སློག་པ།༽གྱོན་པ། གློ་ཐག་༼མཛོ་གཡག་ལ་སྒ་སྟོད་དུས་ཀྱི་གློ་ནས་སྡོམ་བྱེད་ཀྱི་ཐག་པ་སྤོམ་པོ་ཞིག༽སོ་མ་ཞིག་གི་སྐེ་རགས་བཅིངས་ནས། མགོ་ལ་འང་སྐྱི་པགས་ཀྱི་ཞྭ་ཞིག་གྱོན་པའི་འབྲོག་པ་ཞིག་ཀྱང་འདུག དེ་ནི་རྒན་པོ་ལྷུན་ནེ་ཟེར་བ་དེ་རེད། ཕྱིའི་ནངས་མོ་རྒན་པོ་དེས་སྔ་ཉིན་ཁོས་གྱོན་ཡོད་པའི་རྩག་རྒན་དེ། ཁོས་སྔ་ཉིན་སྐེ་རགས་བྱས་པའི་གློ་ཐག་གིས་བསྡམས་ནས་ཡུལ་ལ་བསྐུར་སོང་།
དེ་དུས་ཁོས་གཡོགས་ལྭ་ཁུ་ལང་ཤུར་མོ་ཅན་གྱི་ཚ་རུ་ཁ་ན་སྲམ་སོར་དོ་བརྒྱབས་ཡོད་པ་ཅན་ཞིག་དང་། རྡོ་རྡོང་གི་སྐེ་རགས་སོ་མ་ཞིག ཞྭ་ལྷམ་ཡང་སོ་མ་ཞིག་བཅས་གྱོན་འདུག་པ་ནི། ཁོ་ལ་རྒྱལ་ཁབ་ཀྱིས་བྱིན་པ་ཡིན་ཟེར། དེ་ནས་ཁོ་ཚོ་ལམ་ལ་ཆས་ནས་ཟི་ལང་དུ་སོང་བས་ཁོ་ཚོའི་སྐོར་ན་མི་བརྒྱ་ཤོག་ཅིག་འདུག
དེ་དུས་ཀྱི་ལྟ་སྐོར་ཚན་ཁག་དེ་ལ་ཚན་གཙོ་མི་གསུམ་འདུག གཅིག་ཨ་ལགས་ཚེ་ཏན་ཞབས་དྲུང་དང་། གཅིག་ལབ་ཨ་བརྟན་ཟེར་བའི་གསར་བུ་ཤོམ་ཅན་ཅིག་ཡོད། ཤེལ་མིག་ནག་པོ་གྱོན་པ། ལྭ་བ་ཐོག་ལྭ་ཅན་ཞིག་ལ་སྐེ་རགས་སེར་པོ་སྣེ་ན་ཙོར་ལོ་ཅན་ཞིག་ཤོབ་ཤོབ་ཀྱིས་བཅིངས། སྐེད་ལ་ཕུར་བུ་ཞིག་དྲངས་ནས་ཕུར་བའི་སྣེ་ན་གོས་ལང་སྣ་ལྔ་ཐུར་དུ་དཕྱངས་པ། གསེར་གྱི་པ་ཏྲ་འཐེན་ཡོད་པའི་དངུལ་གྱི་གའུ་ཞིག་སེ་རལ་དུ་བཅིངས་པ། བ་སོའི་དུ་བ་འཐེན་སྤྱད་ཅིག་འགྲམ་ཡུས་ལ་བཙུགས་ནས་ཡོད་པ་ཞིག་རེད།
གཅིག་ཟི་ལང་གི་རྒྱ་མི་ཞིག་རེད། དེ་དུས་ཁོ་ཚོས་ཁ་འགོ་བྱས་ཏེ་བླ་མ་ཡིན་ན་འདིར་ཕེབས་དང་། དཔོན་པོ་ཡིན་ན་འདིར་ཕེབས་ཞེས་ཟེར་གྱི་འདུག དེ་ནས་ཡང་ཕྱོགས་ཕྱོགས་ཀྱི་མི་རྣམས་ལ་བསྒུགས་ནས་ཉིན་བཅུ་ཁ་ཞིག་འགོར། དེ་དུས་ཉིན་ཞིག་ལ་རྒན་པོ་ལྷུན་ནེས་ཡང་། ཚ་རུ་དེ་རྡོ་རྡོང་གི་སྐེ་རགས་ཀྱིས་སྡོམ་གྱིན་འདུག དེ་ནས་ཁོ་ཚོས་ཁྱེད་ཀྱིས་ཅི་བྱེད་དྲིས་པས། ཁོས་བཤད་རྒྱུར་ད་ཐེངས་ང་ལ་རྒྱལ་ཁབ་ཀྱིས་འདི་ལྟ་བུའི་ཚ་རུ་ཞིག་བྱིན་ནས་ངས་ཚ་རུ་གྱོན་ཐུབ་སོང་། ང་ནི་གནའ་ནས་བཟུང་མེད་པོ་ཅང་མེད་ཅིག་ཡིན་པས་ལོ་ད་རག་བར་དུ་ཚ་རུ་ཞིག་རྒྱབ་ལ་གྱོན་མ་མྱོང་། ད་ངས་བསམ་ན་འདི་གྱོན་རྒྱུར་ངའི་བསོད་ནམས་ཀྱིས་ཀྱང་རུང་རྒྱུ་མ་རེད། ངས་འདི་ནས་རྒྱལ་ཁབ་ལ་ཕྱིར་སྟེར་རྒྱུ་ཡིན། ང་ལ་སྒོར་མོ་ཡང་ཉིས་བརྒྱ་སུམ་བརྒྱ་ཞིག་བྱིན་ཡོད་པས། ངས་རང་ལ་འཚམས་པའི་སྦག་རྡི་༼ནུབ་ལྭ་འཐུག་པོ།༽ཞིག་ཉོས་ནས་གྱོན་ན་ཆོག་ཟེར།
དེ་ནས་མི་ཚང་མས་ཁོ་ལ་ཁྱེད་ཀྱིས་ཚ་རུ་མ་གྱོན་པ་ཙམ་གྱིས་རྒྱལ་ཁབ་ལ་ཕན་གནོད་ཅི་ཡང་མེད། ཁྱེད་རང་གིས་མ་གྱོན་ན་སྡུག་གྱོང་རེད་ཟེར་ནས་ཚང་མས་ཁ་རུབ་བྱས་ཀྱང་། ཁོས་གང་ལྟར་ང་ཚ་རུ་གྱོན་པའི་མི་ཕྱུག་པོ་ཞིག་མིན་པས་ངས་ཕྱིར་སྟེར་རྒྱུ་ཡིན་ཟེར་ནས་ཚ་རུ་ཕྱིར་ལ་བྱིན་ཏེ། ཁོས་ཁོ་དང་འཚམས་པའི་རྒྱ་ལྭ་༼ཡིན་རྒྱུ་ནུབ་ལྭ་ཡིན།༽འཐུག་པོ་ཞིག་ཉོས་ནས་གྱོན་འདུག
དེ་ནས་པན་ཁྲེ་ལ་༼འགྲུལ་སྐྱེལ་རླངས་འཁོར།༽བསྡད་ནས་ཁོ་ཚོ་ལན་ཀྲོའུ་༼ཀན་སུའུ་ཞིང་ཆེན།༽ལ་སོང་། མུན་མ་རུབ་ཙམ་ལ་ཐོན། ནུབ་ཚ་འཐུང་རྗེས་མགྲོན་ཁང་ཐོག་སོ་དགུ་ཅན་ཞིག་ཏུ་སོང་། མི་གཉིས་རེ་ཉལ་ས་ཁང་བ་གཅིག་རེ་རེད། ཁང་བ་གྲ་དག་པ་ཁ་ལག་བཀྲུ་ས་དང་། ལུས་པོ་བཀྲུ་ས། སྤྱོད་ཁང་སོགས་ཡོད། ཁང་བའི་སྒོ་ཕྱི་ཀུན་ཏུ་ཁེ་བུ་སུ་ཡག་པོ་བཏིང་ནས་འདུག དེ་ནས་ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་ཁང་བ་རེ་རེའི་ནང་དུ་འོངས་ནས། ཁོ་ཚོ་ལ་ཁྱོད་ཚོའི་ནང་དུ་འབྲོག་པ་རྒྱ་ནང་དུ་ཡོང་མ་མྱོང་བ་འང་མང་པོ་ཡོད་རྒྱུ་རེད་ཟེར་ནས། མགྲོན་ཁང་གི་འགྲོ་འདུག་སྤྱོད་ལམ། ཉལ་ཐུལ་སོགས་ཅི་ལྟར་བེད་སྤྱོད་བྱེད་སྟངས། ཁ་ལག་བཀྲུ་ཚུལ། སྤྱོད་ཁང་དུ་འདུག་ཚུལ་སོགས་བསླབས།
ཕྱི་ཉིན་ནངས་ཇ་འཐུང་རྗེས་ཡང་ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གིས་ལག་པས་ཆབ་ལོ་བརྡབས་ནས་ཚང་མར་ཁ་རོགས་སྡོད་ཟེར། དེ་ནས་ཚང་མ་ཁ་རོགས་པར་བསྡད་དུས། ཁོང་གིས་ངས་འདང་དགོང་ཁྱོད་ཚོ་རེ་རེ་ལ་འགྲོ་འདུག་སོགས་མ་བསླབས་སམ། ཡང་ན་མ་གོ་བ་ཡིན་ནམ། འདང་དགོང་ཁྱེད་ཚོའི་ནང་གི་མི་ཞིག་གིས་ཙིག་ལང་༼བར་ཁྱམས།༽གི་ས་གདན་སྟེང་ལ་སྐྱག་རྒན་ཞིག་བཏང་འདུག དུད་འགྲོ་མ་རེད་མོ། དེ་འདྲ་མིག་རྩོད་ཅིག་ཅི་བྱུང་སོང་ཟེར་བས་ཁ་ཚང་བགད་ཤོར་སོང་། ད་དེ་རིང་ནས་འུ་ཚོ་ཧྭོ་ཁྲེ་༼མེ་འཁོར།༽ནང་ལ་བསྡད་ནས་པེ་ཅིན་ལ་འགྲོ་དགོས་པས། ཧྭོ་ཁྲེ་ནང་དུ་མལ་ཁྲི་རིམ་པ་གསུམ་བྱས་ནས་སུམ་བརྩེགས་བྱས་ནས་ཡོད་པས། ཡང་ཁྱེད་ཚོས་རྣམ་རྟོག་བྱས་ནས་རྣམ་འགྱུར་འདྲ་མིན་སྟོན་མི་ཉན་ཟེར།
དེ་ནས་ཕྱི་ཉིན་ཅིག་ལ་པེ་ཅན་དུ་ཐོན། དེ་དུས་རྡོ་ཡུས་ཤེས་རབ་རྒྱ་མཚོ་པེ་ཅིན་དུ་ཆོས་ལུགས་ཀྱི་གོ་གནས་ག་གེ་མོ་ཞིག་བཟུང་ནས་ཡོད་འདུག་པས། དེ་ལ་མཚམས་འདྲི་རུ། ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གཙོ་བྱས་པའི། མཚོ་སྔོན་ཕྱོགས་ཀྱི་བླ་སྤྲུལ་ཨ་ལགས་ཤར་ལྡོང་ཚང་། ཨ་ལགས་ཡོངས་འཛིན་ཚང་སོགས་མི་བཅོ་ལྔ་ཙམ་ཞིག མཚམས་གོན་པ་ཁ་ཚང་གི་ཚབ་བྱས་ནས་སོང་། ཨ་ལགས་ངག་ལོ་ཁོང་ཡང་དེའི་ནང་དུ་སོང་བས། ཤེལ་གྱི་ཁང་བ་ཞིག་གི་དྲ་ཡོལ་ཐམས་ཅད་སེར་པོ་བྱས་པའི་ནང་དུ། དགེ་བཤེས་ཤེས་རབ་རྒྱ་མཚོ་ཚང་མལ་ཁྲིའི་སྟེང་དུ་གཞོགས་གཡས་སུ་བསྙེས་ནས་འདུག ཁོའི་ཞབས་ཞུ་མི་བཅོ་ལྔ་ཉི་ཤུ་ཞིག་ཡོད་པ་ཐམས་ཅད་ཕར་བལྟས་ཚོད་ཀྱིས་རྒྱ་ཏག་ཏག་རེད་བསམ་ཡང་། སྲིད་ཇུས་དབང་གིས་གྲྭ་ལ་མ་གྱོན་པ་མ་གཏོགས་གྲྭ་བ་ཏག་ཏག་ཡིན་འདུག
ཨ་ལགས་ཚོ་དང་ཁོ་ཚོ་སྔོན་ནས་ངོ་ཤེས་སུ་འདུག ཁོས་ཞབས་དྲུང་ཁྱོད་ཐོན་དང་ནས། ཤ་ལྡོང་ཁྱོད་ར་ཐོན་དང་ནས། ཡོངས་འཛིན་ཁྱོད་ར་ཐོན་དང་ནས་ཞེས་ངོ་ཤེས་ཀྱི་རྣམ་འགྱུར་གྱིས་དེ་ལྟར་ཟེར་གྱི་འདུག
དེ་ནས་ཁོ་ཚོ་ལ་ཁ་བརྡ་ཉུང་ཉུང་ཞིག་བྱས་པ་ནི། ངས་ཁ་སང་ནས་ཁྱེད་ཚོ་ཡོང་གི་ཡོད་འདུག་ཟེར་ནས་གོ་ཡོད། ང་ཡོད་སར་ཡོང་རྒྱུ་ཡང་གོ་ཐལ། ད་སྔོན་ས་གནས་གཞན་ནས་མཚམས་གོན་པ་མང་པོ་ཡོང་ནས་གཙོ་འཛིན་མོ་ཀྲུའུ་ཞི་ལ་ལག་འཇུ་སོགས་བྱས་ནས་སོང་ནི་རེད། ངས་ཀྱང་མཚོ་སྔོན་ནས་ཁྱེད་ཚོ་ཡོང་རྒྱུ་གོ་ནས་ཁར་སྔོན་ནས་གོང་རིམ་ལ་མོ་ཀྲུའུ་ཞིར་མཇལ་ཐུབ་རྒྱུའི་རེ་བ་ཞུས་ཡོད། ཕལ་ཆེར་ཆོག་མཆན་ཡང་ཐོན་ཡོད་ཚད་ཡིན།
སང་ཉིན་གཙོ་འཛིན་མོ་ཀྲུའུ་ཞི་ལ་མཇལ་དུས་སྤྱོད་ལམ་ཡག་པོ་དང་གུས་ཡོད་བྱོས། དེ་མིན་ཁྱེད་ཚོ་ཞིང་ཆེན་གཞན་མང་པོ་ལ་འགྲོ་རྒྱུ་རེད། དེ་དུས་ཐོ་ལེན་སོགས་བྱེད་དུས་ཚིག་ཉུང་ཉུང་དང་། དོན་འདུ་འདུ་བྱོས། གློག་སྐས་སོགས་སུ་འགྲོ་དུས་ཀྱང་སེམས་ཆུང་བྱོས། ད་ང་སང་ཉིན་ལྷ་སར་དོན་དག་ཅིག་གི་ཆེད་དུ་འགྲོ་དགོས་པས་གནས་སྐབས་སུ་བདེ་མོ་བྱོས་ཟེར་ནས་ཁོ་ཚོ་ཕྱིར་མགྲོན་ཁང་དུ་ཡོང་།
དེ་ནས་ཉིན་ཁ་ཤས་སུ་པེ་ཅིན་གྲོང་ཁྱེར་དུ་ལྟ་སྐོར་ལ་ཁྲིད་ཅིང་། མོ་ཀྲུའུ་ཞི་ལ་མཇལ་རྒྱུའི་རེ་ཞུ་དང་། སློབ་སྦྱོང་བྱས་ནས་ཉིན་བཞི་ལྔ་ཞིག་གི་འཕྲོ་ནས་མོ་ཀྲུའུ་ཞི་ལ་མཇལ་རྒྱུའི་ཉི་མར་ཐོན། དེ་ནས་ཉིན་དེར་ར་སྐོར་ཆེ་བ་ཞིག་གི་ནང་དུ་མཇལ་འཕྲད་ཀྱི་མཛད་སྒོ་བྱས་འདུག ར་སྐོར་དེར་མེ་ཏོག་དང་། མེ་ཏོག་གི་སྡོང་བོ་སོགས་ཧ་ཅང་སྐྱིད་པོ་ཞིག་ཡིན་ཀྱང་སྟོན་འཇུག་ཡིན་པས་མེ་ཏོག་རྣམས་རྙིད་ཀི་འདུག་པའི་སྐབས་ཤིག་རེད། དེ་ན་འདུག་སྟེགས་མང་པོ་ཞིག་བསྒྲིགས་ནས་འདུག ཨ་ལགས་ངག་ལོ་ཁོང་གྲལ་འཇུག་ཙམ་ཞིག་ཏུ་བསྡད་པས། དེ་ནས་ཡར་བརྩིས་པས་འདུག་སྟེགས་བདུན་པ་དེའི་ཐད་ནས་ཡར་བརྩིས་པའི་འདུག་སྟེགས་ལྔའི་སྟེང་ན་མྱི་བསྡད་མེད་པས། དེ་ནི་མོ་ཀྲུའུ་ཞི་སོགས་ཀྱི་འདུག་སྟེགས་ཡིན་འདུག དེ་ནས་ཁོ་ཚོས་བསྒུགས་ནས་ཅུང་ཞིག་བསྡད་པས། འགོ་ཁྲིད་རེ་རེ་བཞིན་ཡོང་གི་འདུག དེ་དུས་ཚང་མ་ཡར་ལངས་ནས་དགའ་བསུའི་ཐལ་མོ་བརྡེབ་དགོས།
དེ་ལྟར་འགོ་ཁྲིད་འགའ་ཞིག་ཡོང་མཚམས་དེར་པར་རྒྱག་མཁན་ཞིག་གིས་ཕྱི་ཀྱེད་བྱས་དེ་པར་རྒྱག་ཞོར་དུ་ཡོང་བའི་རྗེས་སུ་མོ་ཀྲུའུ་ཞི་ཕེབས་བྱུང་། ཁོས་ཞྭ་ཕུད་དེ་མཆན་དུ་བཅུགས་ནས་ལག་པས་ཐལ་མོ་ཡང་མོར་རྡེབ་བཞིན་དལ་མོ་བྱས་ཏེ་ཡོང་། མི་རེ་རེའི་ཁ་རྒྱབ་མགོ་རྔ་ཁ་ཚང་ལ་བལྟ་ཡག་རེ་བྱས་ཏེ་ཡོང་གི་འདུག སྔོན་ཆད་ཡིན་ན་ལྟ་སྐོར་བ་རྣམས་ལ་ལག་འཇུ་བྱེད་སྲོལ་ཡོད་ཀྱང་། སྔོན་ལོ་ཞིག་ལ་འབྲོག་པ་རྒན་པོ་ཞིག་གིས་མོ་ཀྲུའུ་ཞིའི་ལག་མགོར་འཇུས་ནས་གཏོང་ཁ་མ་ཉན་པས། དེ་ནས་བཟུང་ལག་འཇུ་མི་བྱེད་པར་བྱས་ཟེར།
དེ་ལྟར་ཨ་ལགས་ངག་ལོ་ཁོང་གི་ཐད་དུ་ཐོན་དུས་ཁོང་གིས་ཀྱང་མོ་ཀྲུའུ་ཞི་ལ་ལྟ་ཡག་ཅིག་བྱས་པས། ཏ་ཁྲུང་༼ནུབ་ལྭ་རིང་བོ།༽རྙིང་བ་བཀྲུས་མ་འབུར་ཁ་རྣམས་ཟད་ནས་སྐྱ་ཐ་ལེར་འདུག་པ་ཞིག་གྱོན་ཅིང་། གོ་ལྷམ་དམར་མདོག་ཅན་རྙིང་ཧྲུལ་དུ་གྱུར་བ་ཞིག་དང་། རྐང་བསྣམས་མདོག་སྔོན་པོ་ཧ་ཅང་གི་ཡག་པོ་ཞིག་དང་། ཁོག་སྟོད་ན་ཅི་ཞིག་གྱོན་ཡོད་པ་གསལ་བོ་ཞིག་མི་མཐོང་། ཞྭ་ཡང་རྐང་བསྣམས་དང་རྒྱུ་གཅིག་ལོས་ཡིན་བསམ་ནི་ཞིག་གྱོན་ཡོད་ཅིང་། ཁོང་ལོ་དྲུག་བཅུ་རེ་གཉིས་སྟེང་ཡིན་པས་སྐྲ་སེ་མོག་ཅིག་ཏུ་འདུག གདོང་གི་སྨེ་བ་ནི་མདོག་དཀར་ཤས་ཆེ་བ་ཞིག་རེད་ལ་སྟེང་ན་སྤུ་ཚོམ་ཞིག་ཀྱང་འདུག་ཟེར།
དེ་ནས་འགོ་ཁྲིད་ཅིག་གིས་ལག་པས་བཞུགས་བརྡ་ཞིག་བྱས་པས། འདུག་སྟེགས་ལྔ་སྟོང་བར་བསྐྱུར་ཡོད་པའི་སྟེང་མོ་ཀྲུའུ་ཞི་དང་། འགོ་ཁྲིད་རྣམས་རིམ་པར་བསྡད། ནང་ན་ལོ་ལོན་མགོ་སྐྲ་དཀར་པོར་གྱུར་བ་ཞིག་དང་། ཕལ་ཆེར་རྐང་བ་མེད་པ་འདྲ་བའི་འགོ་ཁྲིད་ཅིག་ཀྱང་ཁུར་ནས་འདུག་སྟེགས་སྟེང་དུ་བཞག དེ་དུས་ཀན་སུའུ་ཞིང་ཆེན་གྱི་ལྟ་སྐོར་བ་འང་ཡོད། དེ་ནས་མོ་ཀྲུའུ་ཞི་དང་མཉམ་དུ་པར་རྒྱག་པ་སོགས་བྱས་ནས་དུས་ཚོད་གཅིག་ཙམ་དུ་ཁོ་ཚོ་ལྷན་དུ་བསྡད།
དེ་ནས་དགོང་མོ་ཀྲུང་དབྱང་གིས་ལྟ་སྐོར་བ་རྣམས་ལ་གསོལ་སྟོན་གཟབ་རྒྱས་སུ་བྱས་ནས། ལོ་ཙ་བ་བརྒྱུད་དེ་མོ་ཀྲུའུ་ཞིས་ཁ་བརྡ་ཉུང་ཙམ་ཞིག་བཤད་བྱུང་། མཇུག་མཐར་ཁྱོད་ཚོ་ད་ཐེངས་འདི་ལྟར་ཡོང་བ་ལ་ང་རང་གིས་དགའ་བསུ་ཞུ་གི་ཡོད། ད་ཁྱོད་ཚོ་ས་གནས་གང་དུ་འགྲོ་ན་ཟ་མ་དང་། འགྲོ་འདུག་གང་ཐད་ནས་སེམས་ཆུང་བྱོས་འཚམས་པོ་བདེ་མོའི་ངང་དུ་ཕ་ཡུལ་དུ་ལོག་དགོས། ད་ཁྱོད་ཚོ་ཕྱིར་སོང་ནས་ངའི་རེ་བ་ཉག་གཅིག་བསྒྲུབ་རྒྱུ་དེ་༼མཉམ་ལས་སློབ་གསོ།༽སེམས་ལ་བཟུང་ཟེར་གྱི་འདུག
དེ་ནས་བཅུ་བའི་ལྔ་མཆོད་སྐབས་སུ་ནང་སོག་ཕྱོགས་ལ་སོང་། དེ་དུས་ནང་སོག་ཕྱུགས་ལས་ས་ཁུལ་ཞིག་ཏུ་སོང་བས། ལྟ་སྐོར་བ་ལ་སྟབས་བདེ་བསྐྲུན་ནས། རུ་བ་རྣམས་ལམ་ཁར་བབས་ནས་འདུག དེ་དུས་ལྟ་སྐོར་བ་རེ་རེ་ལ་ཀ་ར་ཤོག་ཐུམ་རེ་རེ་གཞུང་ནས་སྟེར་གྱི་འདུག དེ་ནི་རང་གང་དུ་འགྲོ་བའི་ཁྱིམ་ཚང་དེར་འཚམས་རྟགས་སུ་སྟེར་དགོས། དེ་དུས་ས་དེར་ཁ་བ་ཆེན་པོ་བབས་ནས་འདུག འོན་ཀྱང་རྩ་ས་བཟང་བས་ཁ་བ་ཇི་ལྟར་འཐུག་ཀྱང་རྔ་མོང་རྣམས་གྱིས་གངས་ཐོག་ན་བུད་ཡོད་པའི་རྩི་འགོ་ཟ་ཞིང་ཡོད། ཕྱུགས་རིགས་ནི་རྔ་མོང་། ལ་ལོ། ཟོག་ལུག་རེད།
ཨ་ལགས་ངག་ལོ་ཁོང་དང་མི་གསུམ་གཞུང་གི་བཀོད་སྒྲིག་བཞིན་ཁྱིམ་ཚང་ཞིག་ལ་སོང་བས། ཁོ་ཚང་གི་བཟའ་མི་ཚོ་འདུག ས་ལ་གུར་ཆེན་པོ་ཞིག་ཕུབས་ནས་ཡོད། ནང་ན་ལྕགས་ཐབས་སྟེང་དུ་དེམ་ཞིག་གི་ནང་དུ་ཆང་དྲོད་མོ་བྱས་ནས་བཞག་འདུག་ལ། ལྕགས་ཐབས་འདབས་འཁོར་དུ་དཀར་ཡོལ་ཆུང་ཆུང་སྐོར་ཞིག་བཞག་འདུག ཁོ་ཚང་གི་ཕྱུགས་རྫི་ཚོ་ཡོང་ནས་དཀར་ཡོལ་ནང་དུ་ཆང་དྲོན་མོ་རེ་བླུགས་ནས་འཐུང་སྟེ་བུད་འགྲོ། དེ་ནི་ཕྱི་ན་ཙག་ཧ་ཅང་ཆེ་སྟབས་ཆང་བཏུང་བའི་ངར་གྱིས་ཙག་ཁ་ཐུབ་ཟེར། ང་ཚོའི་འགྲུལ་བ་སྡོད་ས་ལ་གུར་ཆུང་གྲ་དག་པ་ཞིག་ཡོད། ཁོ་ཚང་ལ་བཟའ་མི་ལྔ་དྲུག་ཅིག་འདུག དགོང་མོ་ལོ་ཙ་བ་བརྒྱུད་ནས་ཁ་བརྡ་བྱས་པས། ཁོ་ཚོ་ནང་བའི་ཆོས་ལུགས་པ་རེད། ཁོ་ཚོས་ཁ་བརྡ་འང་ད་ཐེངས་ངོ་མི་ཤེས་པ་འུ་ཚོ་འདི་ལྟར་མཉམ་དུ་འདུག་པ་སྔོན་ལས་ཡིན་ཚུལ་བཤད་ཀྱི་འདུག དགོང་མོ་ལྔ་མཆོད་ཉི་ཤུ་ལྔ་ཡིན་པས་ཁོ་ཚོས་གླིང་མེ་སྒྲོན་ནས་ཅི་ཞིག་འདོན་གྱི་འདུག
དེ་དུས་ནས་ས་དེར་གུང་ཁྲན་ཏང་གིས་མཉམ་ལས་ཁང་བཙུགས་འདུག ས་དེ་ནི་ཕྱུགས་ལས་ས་ཁུལ་ཕྱུག་པོ་ཞིག་རེད། ས་གནས་གྱི་འགོ་ཁྲིད་ཅིག་དང་ཁོ་ཚོས་ཁ་བརྡ་བྱས་ན། ཁོ་ནི་ས་འདིའི་འབྱོར་མེད་ཅིག་ཡིན་པས་འགོ་ཁྲིད་དུ་བཞག་པ་ཡིན། ཁོ་ཚང་ལ་རྔ་མོང་ལྔ་བཅུ་དང་། ལ་ལོ་ལྔ་བརྒྱ། ལུག་སྟོང་ལུག་དང་། ཟོག་ཉིས་བརྒྱ་སོགས་ཡོད་ཟེར་འདུག མི་དེས་བཤད་ཚུལ་ལ་བལྟས་ན་ས་ཆ་དེ་ཇི་འདྲིའི་འབྱོར་ཕྱུག་ལྡན་པ་ཞིག་ཡིན་པ་ཤེས་ཐུབ་ཟེར།
ཕྱི་ཉིན་ཕྱིར་འགྲོ་བའི་ནངས་མོ་ཁོ་ཚང་གིས། མི་རེ་ལ་གཏེར་ཁུག་ལྟ་བུའི་རས་ཁུག་ཆུང་ཆུང་ཞིག་གི་ནང་དུ་ཟ་རྒྱུ་ཞིག་བླུགས་ཡོད་པ་སྟེང་ན་སོག་ཡིག་ཅིག་བྲིས་ཡོད་པ་རེ་བྱིན་ནས། འདི་ཁྱེད་ཚོའི་འཚམས་རྟགས་ཡིན་འདི་ཁྱེད་ཚོས་ལམ་ནས་མ་ཟ། རང་རང་གི་ཡུལ་དུ་སོང་ལ་བཟའ་མི་དང་ལྷན་དུ་ཟོ་དང་། ང་ཚོ་ཚང་མས་ཟ་མ་མཉམ་དུ་ཟོས་པའི་རྟེན་འབྲེལ་ཡིན་ཟེར།
དེ་ནས་འགྲོ་བའི་དུས་སུ་ལྟ་སྐོར་བ་ཚོ་རླངས་འཁོར་དུ་བསྡད་ནས་སོང་བའི་རྗེས་སུ། ཁོ་ཚོས་ལམ་འཇུག་ཏུ་རྟ་ཞོན་ནས་རྒྱུགས་ཡོང་། དེ་ནས་རླངས་འཁོར་བསྡད་པས། སྐྱེལ་མིའི་སྐྱ་མི་ཚོ་ཐོན་ནས་འདང་དགོང་གི་རང་རང་གི་འགྲུལ་བ་ཚོའི་སྐེ་ལ་འཇུས་ནས་སྐད་མཐོན་པོས་ངུས་བྱུང་། དེ་ནས་ཡང་རླངས་འཁོར་དུ་བུད་ནས་སོང་དུས། ཡང་ཁོ་ཚོ་རྗེས་ན་སྔོན་བཞིན་རྒྱུགས་ཡོང་གི་འདུག དེ་དུས་ཁོ་ཚོ་ལ་ཕྱི་མིག་དང་ལག་བརྡ་ཡི་བདེ་མོ་བཞག་ནས་ཡོང་།
དེ་ནས་ཕྱིར་འོངས་ནས་ཕྱིའི་རྒྱ་མཚོའི་ཁར་ལུས་ཏ་༼ཁོང་གིས་བརྗེད་སོང་གསུང་གི་འདུག་པས་ས་མིང་འདི་ཚོ་ནོར་ཡོད་ན་ཐང་།༽གྲོང་ཁྱེར་ཟེར་བ་ཞིག་ལ་ཐོན། དེ་ནི་རྒྱ་མཚོའི་ནང་དུ་ཟམ་གྱིས་ལས་པའི་གྲོང་ཁྱེར་ལྟ་བུ་ཞིག་རེད།
དེ་ནས་ཡང་ཀྲུང་གོའི་ལྕི་བའི་བཟོ་ལས་ཞེས། རྣོ་ལྕགས་ཀྱི་གཏེར་ཁ་ལེན་པའི་གནས་ཨ་ཡན་བྲག་རི་ཟེར་ས་ཞིག་ཏུ་སོང་། ལྕགས་ཀྱི་བཟོ་སྐྲུན་ཧ་ལས་པ་བྱེད་ཀྱི་འདུག དེ་དུས་མེ་འཁོར་ན་འགྲོ་བཞིན་པའི་དུས་ཤིག་ན་ཨ་ལགས་མ་རྒྱ་ཟེར་བ་ཞིག་ཡོད་པ་དེས། ཤོག་སྨྱུག་ཅིག་ཨ་ལགས་ཚེ་ཏན་ཞབས་དྲུང་གི་ལག་ཏུ་བཞག་སྟེ། ཁྱེད་རྩོམ་པ་པོ་ཡིན་པས་རྣོ་ལྕགས་བཟོ་སྐྲུན་འདིའི་ཐད་དུ་རྩོམ་ཞིག་ཕྲིས་ཞུས་པས། དེ་ནས་ཨ་ལགས་ཞབས་དྲུང་ཚང་གིས་ཐད་སོ་ནས། ཨ་ཡན་ཞེས་བྱའི་ལྕགས་ཀྱི་རི་བོ་ཆེར། ། ཞེས་པའི་རྩོམ་ཐུང་ཤོ་ལོ་ཀ་ཞིག་བརྒྱབས་ཡོད་ཀྱང་བརྗེད་སོང་གསུངས།
དེ་ནས་རྡོ་སོལ་གྱི་གཏེར་ཁ་ལེན་ས་ཞིག་ཏུ་སོང་བས་དོང་ཆེན་པོ་ཞིག་གི་ནང་དུ་འགྲོ་དགོས་པས། གློག་འཕྲུལ་གྱིས་དོང་ནང་དུ་སོང་བས། མིས་བཟོས་སྐྱེད་ཚལ་དང་གྲོང་ཁྱེར་ལྟ་བུ་ཞིག་ཆགས་འདུག་པ་སོགས་ལ་སོང་ནས་ལྟ་སྐོར་བྱས།
དེ་ནས་ཡང་པའི་བཟོ་ལས་སོགས་ལ་འང་བལྟས། ཐེན་ཅིན་དང་། ནན་ཅིན་ནས་སྐབས་ཤིག་ཧྲང་ཧེ་གྲོང་ཁྱེར་ལ་ཐོན་སོང་། ཧྲང་ཧེ་ནས་ཉི་མ་བཅུ་ཁ་ཞིག་ལ་བསྡད། ཧྲང་ཧེ་གྲོང་ཁྱེར་དེ་ཧ་ཅང་ཆེ་བ་དང་། གྲོང་ཁྱེར་གྱི་དུད་སྨུག་གིས་ཉིན་པར་གྲོང་ཁྱེར་གྱི་ཆེ་ཆུང་སོགས་ཤེས་མི་ཐུབ་པས། མཚན་མོ་ཧྲང་ཧྭེ་ཏ་ས་ཟེར་བའི་ཁང་བརྩེགས་ཉི་ཤུ་རྩ་གཅིག་ཅན་ཞིག་ཡོད་པའི་སྟེང་དུ་སོང་ནས་བལྟས་ན་གྲོང་ཁྱེར་གྱི་རྒྱ་ཁྱོན་སོགས་རག་རིམ་ཞིག་མཐོང་བའི་ལྟད་མོ་ཧ་ཅང་ཆེ་བས། དགོང་མོ་མུན་རུབ་རྗེས་ཐོག་སོའི་སྟེང་དེ་ལ་ཁྲིད་ནས་ལྟད་མོར་བལྟས་པ་རེད།
དེ་དུས་རྒན་པོ་ལྷུན་ནེ་ཁོས་དུ་བ་ཡང་ཡང་འཐེན་པར་བྱེད་ཅིང་། སེམས་ཁ་མི་བདེ་བའི་རྣམ་པ་མང་པོ་སྟོན་གྱིན་འདུག དེ་དུས་མི་ཚང་མས་ཁྱོད་ཀྱིས་རང་ཡུལ་གྱི་བཟའ་ཚང་དང་བྱིས་པ་དྲན་ནི་རེད། ད་ཁམས་ཡངས་མོ་གྱིས་དང་དུས་ཡུན་རིང་བོ་མི་འགོར་བར་ཕ་ཡུལ་ལ་ལོག་ཐུབ་པའི་སེམས་གསོ་གཏོང་གི་འདུག
ཉིན་ཞིག་ཁོས་ལག་ཕྱིས་དཀར་པོ་སོ་མ་ཞིག་ཉོས་ཏེ། ཨ་ལགས་ངག་ལོ་ལ་བྱིན་ནས་འདི་ཁྱེད་ཀྱིས་ཁ་ལག་བཀྲུ་སྤྱད་ཅིག་བྱོས་ཟེར། དེ་ནས་ཁོང་གིས་ང་ལ་ཁ་ལག་བཀྲུ་སྤྱད་ཡོད་མི་དགོས་ཁྱོད་རང་གི་གྱིས་གསུངས་པས། ཁྱེད་ལ་དགོས་ཀྱི་བསམ་ནས་བྱིན་པ་མིན་ངའི་རེ་བ་ཡིན་ཟེར་བས་ཁོང་གིས་ཀྱང་བླངས། དེ་དུས་ཁོ་ཚོ་སྡོད་སའི་ཁང་བ་ཁ་སྤྲོད་ཡིན། ཁོས་ཨ་ལགས་ངག་ལོ་ལ་བཤད་རྒྱུར། ང་ལ་དེ་རིང་ཅིག་མི་བདེ་གི་ང་དོ་དགོང་ལྟད་མོར་མི་འགྲོ་ངས་གནང་བ་ཞུས་བཞག་ཡོད་ཟེར།
དེ་ནས་དགོང་མོ་དེར་ཁོ་ཚོ་ལྟད་མོར་སོང་ནས་ཕྱིར་ཡོང་དུས། རྒན་པོ་ལྷུན་ནེ་བོར་སོང་ཟེར་གྱི་འདུག དེ་ནས་ཁོ་ཚོས་ཡང་བཙལ་བར་བརྩམས་ཀྱང་། ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གིས་འུ་ཚོས་བཙལ་རྒྱུ་མེད་རང་རང་སར་སྡོད་ཟེར།
དེ་དུས་རྒན་པོ་ལྷུན་ནེ་ནི། དགོང་མོ་ལྟད་མོ་བ་རྣམས་སོང་ཤུལ་དུ་ཁོ་ཡང་ཁང་ཐོག་ཉེར་གཅིག་ཁར་ལྟད་མོ་ལ་འགྲོ་བར་བསམ་ནས་གློག་སྐས་སུ་འགྲོ་མ་ཤེས་ནས། སྐས་ཐོག་ཏུ་སོང་ནས་ལྕགས་དྲའི་རབ་སའི་ཁ་ནས་ལྷུང་སྟེ། ཞབས་སུ་ཇ་ཁང་གི་དུད་ཁུང་ཡོད་པའི་སྟེང་དུ་ལྷུང་སོང་། དེ་ནས་ཇ་མ་རྣམས་ཀྱིས་བལྟས་པས་མི་རལ་བ་ཅན་ཞིག་ཡིན་ལ། བྲང་ཁ་ན་ལྟ་སྐོར་བའི་མིང་བྱང་བཏགས་ཡོད་པ་ལས་ཤེས་པ་རེད།
དེ་དུས་གཞུང་ནས་དེ་ལ་ཞིབ་འཇུག་སོགས་བྱས་ནས། ལྟ་སྐོར་བ་ཡོད་པའི་ཁང་བའི་མཐའ་འཁོར་ཐམས་ཅད་དམག་གིས་བསྐོར་ནས། འགོ་ཁྲིད་པས་ང་ཚོའི་ལྟ་སྐོར་བའི་ཚན་གཙོ་ཨ་ལགས་ཞབས་དྲུང་སོགས་བོས་ནས། ཁྱེད་ཚོའི་ཡུལ་ལུགས་གང་འདྲ་ཡིན་ཚུལ་སོགས་དྲིས། ཁོའི་བེམ་པོ་ད་ལྟ་ཕ་ཡུལ་དུ་ཁྱེར་དགོས་ནའང་འདི་ནས་དེ་དགོང་ཟི་ལང་དུ་གནམ་གྲུ་ལས་ཁྱེར་སྟེ། དེ་ནས་གང་འགྱོག་གིས་ཡུལ་ལ་ཁྱེར་ཆོག་ཟེར།
དེ་ནས་ཚན་གཙོ་རྣམས་དང་། ཨ་བུར་ཐེ་བུར་གྱི་མི་ཞིག་ཡོད་པ་ཚེ་འདས་ལྷུན་ནེ་ཁོའི་མྱི་བདག་བྱས་ཏེ། ཁོའི་བེམ་པོ་ས་དེ་ནས་གློག་གིས་བཞུ་བའི་གྲོས་བྱས་ནས། ཡུལ་སྲོལ་བཞིན་སྐར་འཕུད་ཀྱི་གྲ་སྒྲིག་ལྟ་བུ་བྱས་ཏེ། བེམ་པོ་གློག་གིས་བཞུས་ཏེ་རུས་ཐལ་ཉུང་ཙམ་ས་ཚྪ་བརྒྱག་རྒྱུ་ཞིག་ཡུལ་དུ་ཁྱེར་རྒྱུར་ཚགས་བྱས། འཕྲོ་མ་ཕྱི་ཉིན་རྒྱ་མཚོའི་ཀློང་ལ་བསྐྱོད། དེ་ན་རྒྱ་ནག་ལྷ་ཁང་ཞིག་ཡོད་པ་ནས་ཡུལ་ལུགས་བཞིན་ཁོ་ཚོ་ལྟ་སྐོར་བའི་གྲས་ཀྱི་བླ་གྲྭ་ཉི་ཤུ་ཞིག་ཡོད་པ་ཚང་མས་ཁྲུས་ཆོག་ཞིག་ཀྱང་གསུངས།
དེ་ནས་རྒྱ་མཚོའི་ཁ་དང་། ཧྭང་ཀྲིག་སོགས་ནས་རིམ་པས་ཟི་ལང་དུ་ཐོན་དུས་བོད་ལོའི་ཉི་ཤུ་ཞིག་རེད། དེ་ནས་ཞོང་ཧྭ་ཞན་གྱི་ཡན་ལ་རླངས་འཁོར་གྱི་ལམ་མེད་པས། ཤིང་རྟ་ལ་བསྡད་ནས་རེབ་གོང་རོང་བོ་ལ་ཐོན་དུས། ཕྱི་ལོ་༡༩༥༥ལོའི་ཚེས་གཅིག་རེད། དེ་དུས་རྫོང་ཐོག་ན་ལོ་སར་བྱེད་པའི་སྟེང་ནས་ཟ་འཐུང་བྱས་ཏེ་རང་དགོན་དུ་སླེབས་སོ།།
ཚང་མ་བཀླགས་ཡིན། མིའོ་རྒན་གྱི་ལག་པ་བཙུར་ནིའི་འབྲོག་རྒོད་དེ་སུ་ཡིན་ནམ། ས་ཕྱོགས་གང་ནས་ཡིན་ནམ། ཤེས་འདོད་ཆེན་པོ་ཡོད།
རྒན་པོ་ལྷུན་ནེ་ཡི་ཆེད་དུ་ཨོཾམཎིཔདྨེཧཱོུཾ:
བཙིར་ལ་བཅོས།
ཆ་ཚང་བཀླགས་པ་ཡིན།མུ་འགོད་རེ་བྱེད་ཐུབ་ན་ཤིན་ཏུ་ལེགས།
ལེ་ཚན་རྣམས་གོ་རིམ་ཡོད་པའི་ངང་ནས་རིམ་བཞིན་མུ་འགོད་བྱས་ན་ཕན་ཐོགས་ཡོད་རེ་ཆེ།
མའོ་མཇལ་ཁ་འགྲོ་དུས་སྙིང་འདར་མཁན་དང་། ༸གོང་ས་མཆོག་མཇལ་ཁ་འགྲོ་དུས་སྙིང་འདར་མཁན་གཉིས་གཉིས་ཀ་བོད་ལ་བྱུང་མྱོང་ཡོད་ས་རེད། ཧཧ། ཧོཧོ།། །།
རྣམ་ཐར་འདིའི་མིང་ཆ་ཚང་ལ་(སྐྱབས་རྗེ་བླ་མ་ངག་བློའི་རྣམ་ཐར།)ཟེར་རམ། དེབ་འདི་གང་དུ་དཔར་བསྐྲུན་བྱས་འདུག་གམ། ཚན་པ་ཉེར་བདུན་པ་འདྲེན་བཀོད་གནང་བ་བཀའ་དྲིན་ཆེ། ཀློག་ཧ་ཅང་སྤྲོ་བོ་བྱུང་སོང་། བཀྲིན་ཆེ།
དོན་བཀྲ་ལགས་དེབ་འདིའི་མིང་གོང་གི་དེ་བྲིས་འདུག བོད་ནང་ནས་དཔར་འདུག ང་ལ་འདིའི་སྐོར་གྱི་འཁྲུལ་དེབ་རག་སོང་བས་དེབ་ནང་གི་ཚན་པ་གལ་ཆེན་གསུམ་ཞིག་ཚུར་བླང་སྟེ་ཁ་བརྡ་དྲ་བར་སྤེལ་བ་ཡིན། ན་ནིང་ཞིག་ལ་དེབ་འདིའི་ནང་གི་རྒྱ་མ་ཆི་ཡིས་སྡེ་བ་འདིར་བཙན་འཛུལ་བྱས་པའི་སྐོར་ཞྀག་སྤེལ་འདྲེན་བཀོད་བྱས་མྱོང་། ད་རུང་ཁོམ་པ་བྱུང་སོང་ན། ངས་ཁྱོད་ཚོའི་མིག་གི་ལྡིང་ཁང་དུ་བཀོད་ཆོག ཚང་མས་བཀླག་པར་བཀའ་དྲིན་ཆེ་ཞུ།
བོད་ཀྱི་བླ་རྒན་དཔོན་རྒན་ཚོ་རྒྱའི་མགོ་སྐོར་འོག་ལ་ཚུད་ཚུལ་ཡག་པོ་ཞིག་བྲིས་འདུག རྒན་པོ་ལྷུན་ནེ་ཁང་སྟེང་ནས་ལྷུང་ཚུལ་ཀློག་དུས་སྙིང་ཡང་རྗེ་སོང་མོད། ང་རང་གཅིག་པོར་བགད་ནས་སྲོན་མི་ཐུབ་པ་ཞིག་བྱུང་སོང་། ཐུགས་རྗེ་ཆེ།
ལྟ་སྐོར་བ་འདི་ཚོའི་གྲས་ཀྱི་མི་གཞན་ཞིག་གིས་ཀྱང་ལྟ་སྐོར་ལ་སོང་བའི་བརྒྱུད་རིམ་ཆ་ཚང་བྲིས་པ་ཞིག་སྔོན་ཆད་དེབ་བམ་དྲ་ཐོག་གང་ཞིག་ནས་ཀློག་མྱོང་། སོག་ཡུལ་དུ་ལྟ་སྐོར་བྱས་སྐོར་སོགས་ཚང་མ་འདུག ཡིན་ན་འང་རྒན་པོ་ལྷུན་ནེའི་སྐོར་དེ་འདྲ་ཞིག་ཡོད་མེད་མི་དྲན། ཨ་ལགས་དམུ་དགེ་ཚང་གིས་བྲིས་པ་མིན་ནམ་བསམ་བསམ་ཞིག་འདུག་མོད་ད་ལོ་རྒས་ནས་དྲན་པ་ཉམས་པ་འདྲ་བས་གསལ་བོ་མི་དྲན།
སྙན་པོ་བྱུང་་་འོས་སྦྱོར་བ་ཁྲོ་གཏུམ་ལ་ཐུགས་རྗེ་ཆེ།
འོས་སྦྱོར་པ་ལགས་བཟང་གི།