ཨེ་མ་ཧོ།
ན་མོ་གུ་རུ་པདྨ་ཀ་ར་ཡེ། མ་རིག་མུན་སེལ་ཡེ་ཤེས་སྐུ།།སྡུག་བསྔལ་ནད་སེལ་དམ་པའི་ཆོས།། རིག་གྲོལ་ཀུན་ལྡན་དགེ་འདུན་ལ།།མི་ཕྱེད་དད་པས་གུས་ཕྱག་འཚལ།། མི་ཤེས་རྨོངས་པའི་དྲ་བ་དག།སྐད་ཅིག་འཁྲུལ་བ་གཅོད་པའི་ཆོས།། བློ་གྲོས་རབ་གསལ་མེ་ལོང་ཉིད།།སྐལ་བཟང་གྲོགས་ལ་ཡོངས་སུ་གདམས།། དམ་ཆོས་ཚུལ་བཞིན་སྒྲུབ་པའི་གྲོགས།། བླ་མ་དམ་པ་མི་བསྟེན་པར།། ཟོག་པོ་ཁ་བཤད་མཁན་རྣམས་ཀྱི།།རྗེས་སུ་འབྲང་ན་ཤིན་ཏུ་འཁྲུལ། བརྒྱུད་གསུམ་བླ་མའི་གདམས་ངག་ཅན།།མཁས་གྲུབ་དམ་པ་མི་བསྒོམ་པར།། ཆོས་ནོར་བཙོང་པའི་ཚོང་དཔོན་དང་།།རིག་གསར་དགའ་ན་ཤིན་ཏུ་འཁྲུལ།། འཆི་བ་མི་རྟག་མི་ཤེས་ཞིང་།།དལ་འབྱོར་དོན་ཡོད་མི་བྱེད་པར།། ལས་འབྲས་མེད་པའི་མི་ངན་ལ།།བློ་ཕུག་བཅོལ་ན་ཤིན་ཏུ་འཁྲུལ།། ངེས་འབྱུང་བྲལ་བའི་དམར་གཟུགས་དང་།།ཚེ་འདིར་གཉེར་བའི་ཤོམ་ར་མཁན།། འཁོར་མང་ནང་རལ་བྱེད་པ་དག།ཡང་དག་འཛིན་ན་ཤིན་ཏུ་འཁྲུལ།། སྙིང་བརྩེ་མེད་པའི་དམར་གསོན་མཁན།།གཡོ་སྒྱུ་མང་ཞིང་སེར་སྣ་ཅན།། མཆོད་སྦྱིན་ལོག་འཚོར་སྤྱོད་པ་ལ།།སྒོ་གསུམ་འབུལ་བ་ཤིན་ཏུ་འཁྲུལ།། དག་རྫོགས་སྨིན་པའི་གསང་ཆེན་ལ།།དད་གུས་ངེས་ཤེས་མ་སྐྱེ་ཞིང་།། དམ་ཚིག་རལ་བའི་གདོན་ཚོགས་ལ།།སྐྱབས་སུ་འཛིན་ན་ཤིན་ཏུ་འཁྲུལ།། གནས་ལུགས་དབེན་པའི་བགྲོ་གླེང་གིས།།སྤྱི་དོན་མེད་པའི་འཚོགས་འདུ་རིགས།། དམུ་རྒོད་བྱིས་པའི་རྩེད་མོ་ལ།།རྩ་ཆེན་བྱེད་ན་ཤིན་ཏུ་འཁྲུལ།། མདོར་ན་རང་རྒྱུད་མི་དུལ་བའི།།ལྟར་སྣང་བྱ་བ་ངན་ཞེན་ཅན།། ལེ་ལོ་སྡིག་པའི་གྲོགས་པོ་ལ།།སྙིང་པོ་བལྟ་ན་ཤིན་ཏུ་འཁྲུལ།། འཁྲུལ་བ་གཅོད་པའི་མན་ངག་འདི།།རྫོགས་ཆེན་སྐལ་བཟང་རིན་ཆེན་ངོར།།ཕན་བདེ་རིག་པའི་སྒྲོན་མེ་ཉིད།།རིག་འཛིན་དཔལ་དགྱེས་རྡོ་རྗེས་ཕུལ།།
ཞེས་པ་རབ་རྒྱན་མེ་ལུག་ཆོ་འཕྲུལ་ཟླ་བའི་དབང་ཕྱོགས་རྒྱལ་བ་དང་པོར་སྙིང་ཉེ་བའི་རྫོགས་ཆེན་པ་སྐལ་བཟང་རིན་ཆེན་གྱིས་སྐུལ་ངོར་དབྱིན་ཡུལ་ཕྱག་ཆེན་རི་ཁྲོད་ནས་ཨེ་མ་ཧོས་གདམས་པར་དགེའོ།། །།
ཕྱི་ལོ་༢༠༡༥ / ༢ / ༨ ལ།
ཨེ་མ་ཧོ་ངོ་མཚརཆེ་།
མ་ཤེས་མ་རིག་ལས་ཀྱི་འཁོར་བར་འཁྱམས་།
མ་ཤེས་མ་རིག་འཕྲུལ་བའི་བློ་མང་ནས་།
མ་ཤེས་དབང་གི་དོན་མེད་སྡིག་ཆེན་བསགས་།
མ་ཤེས་འཕྲུལ་བ་གཅོད་པའི་དམ་ངག་འདི་ཟབ་།
ནོར་བཅོས་(འཁྲུལ་)
༼ནང་རལ་བྱེད་པ།
དམར་གསོན་མཁན།༽ ཚིག་འགྲེལ་ཞིག་མེད་ན། མ་གོ་ཐལ།