བདེ་པོ་འཚོ།
དེ་རིང་ང་དགའ་སོང་ལ དེ་རིང་ང་སྐྱོ་ཡང་སོང
རྒྱུ་མཚན་ནི ལོ་ཟླ་རིང་མོའི་འཕྲེང་བ་ལུ་གུ་རྒྱུད་དུ་འདས་པའི་རིང
ཨ་མའི་ཞལ་རས་དྲོན་མོ་ལན་གཅིག་མཇལ་བའི་སྐལ་བ་དང་བྲལ་བས
དོ་དགོང ཉིད་ཀྱི་གཉོམ་ཞིང་འཇམ་པའི་སྐད་ངག་གི་ཚིག་འབྲུ་རེ་རེ
ངའི་སྒྲ་འཛིན་གྱི་བུ་ག་རེ་རེ་ནས་འཛུལ་ཡོང་དུས
བུ་མོ་ངའི་སེམས་པ་དགའ་སྐྱོ་འདྲེས་མས་ཡོངས་སུ་བསྐྱོམས
ཨ་མ་ལགས།
ཉིད་དང་བྲལ་བའི་དུས་ཡུན་རིང་མོའི་ནང
ངས་ཉིད་ཀྱི་བསླབ་བྱའི་ཚིག་འབྲུ་རེ་རེ་ཡིད་ལ་བསྒོམས་ཞིང
མི་ཡུལ་གྱི་ཁ་དབུགས་འགམ་ཏེ
ཁེར་རྐྱང་གི་འཚོ་བའི་སྐྱོ་སྡུག་མྱངས
ཨ་མ་ལགས།
ཁྱེད་དང་བྲལ་བའི་ལོ་ཟླ་འདི་དག་ཏུ
ང་ལ་ཁེར་རྐྱང་ཞེས་པའི་འཚོ་བ་དང་
ས་མཐའ་ཞེས་པའི་སྐྱོ་བ་ངོ་མའི་མྱོང་བ་ཐོབ
གནས་འདི་ན་ཁྱེད་རང་མེད་པས་
ལེགས་པའི་གཟེངས་བསྟོད་བྱེད་མཁན་མེད་ལ
ཉེས་པའི་གཤེ་གཤེ་གཏོང་མཁན་མེད་པས
ཅི་ཞིག་བྱས་ཀྱང་ཁ་དོག་དབེན་ལ་སྙིང་བོ་མེད
ཨ་མ་ལགས།
དོ་དགོང་ངས་ཉིད་ཀྱི་པར་རིས་སྙིང་ཁར་གླན་ནས
མཁར་གྱི་བང་རིམ་བརྩིགས་པ་ལྟ་བུའི
ཁྱེད་ཀྱི་དཔྲལ་བའི་གཉེར་རིས་ལ་ཞིབ་ཏུ་ལྟ་དུས
ཉིད་ཀྱི་མི་ཚེ་ཧྲིལ་བོ་དཀའ་སྡུག་དང་ཙག་རླུང་ཁྲོད་ནས
བུ་ཕྲུག་ལ་བཅངས་པའི་བརྩེ་བ་ནི་་་
ད་དུང་་་གསར་སྐྱེས་མེ་ཏོག་ལྟར་རབ་ཏུ་བཞད་ཀྱང
རྒྱང་ཐག་ཧ་ཅང་རིང་བའི་ཡུལ་གྲུ་ཞིག་ནས
ངས་བྱེད་ཐུབ་པ་ནི དྲན་པའི་མིག་ཆུ་གཏོང་རྒྱུ་ལས་གཞན་གང
ཨ་མ་ལགས།
དོ་དགོང་ངས་ཁྱེད་ལྷག་ཏུ་དྲན་པས
ཁྱེད་ཀྱིས་ཟུངས་ཤུགས་ཤོར་བའི་ལག་ཟུང་གཉིས་ཐོད་པར་བཞག་ནས
ཡུལ་གྱར་བུ་མོ་ང་ཡོང་བར་སྒུག་ཅིང་རེ་བར་བསམ་ན
འགོག་མེད་ཀྱི་མཆི་མ་ངའི་མཁུར་ཚོས་ལས
ཁྲོམ་ཁྲོམ་དུ་བཞུར་ཡོང་་་་་
སྐབས་འདི་དག་ལ་་ངའི་འཇིག་རྟེན་ངོ་མ་རབ་རིབ་རེད
ཨ་མ་ལགས།
ས་མཐའ་ནི་གོ་སྐབས་ཤིག་ཡིན་པ་འདྲ
ཕུ་ནུའི་བརྩེ་འདང་གི་ཟབ་ཚད་འཇལ་བའི་གོ་སྐབས་དེ་ཡིན་པ་འདྲ
གྱེས་གདུང་ནི་འགྲེལ་བཤད་ཅིག་ཡིན་པ་འདྲ
མ་ལོའི་བྱམས་བརྩེ་ཡི་ཟབ་ཚད་རྟོགས་པའི་འགྲེལ་བཤད་དེ་ཡིན་པ་འདྲ
གོ་སྐབས་དེ་དང་་འགྲེལ་བཤད་འདི་ཡིས་་་
ཨ་མ་ལགས་་་ང་ཁྱེད་དང་མྱུར་དུ་མཇལ་ན་འདོད
༢༠༡༥/༢/༥ དགོང་མོར་ཨ་མར་གླེང་མོལ་བྱས་པ་དང་ལྷན་མིག་ཆུ་གཏོང་གིན་གཏོང་གིན་བྲིས།
ཟླ་བ་དཀར་བ་ཟླ་སྟོད།
ཕ་མ་ཡོད་པ་ཚེ་སྟོད།
ཡོད་དུས་ཕ་མར་རྩི་དགོས།
མེད་དུས་དྲན་པས་ཅི་ཕན།
ཨ་ཕ་ཡོད་དུས་ཕོ་རྒོད་བཤད།
ཨ་ཕ་མེད་དུས་དཔའ་ཞུམ་ངུ།
ཨ་ཕ་ཡོད་དུས་དཔའ་རྩལ་སྦྱོངས།
ཨ་ཕ་མེད་དུས་དཔའ་རྩལ་ངོམས།
ཨ་མ་ཡོད་དུས་གཡོག་མོར་བསྐུལད།
ཨ་མ་མེད་དུས་སྤྲང་འཁྱམས་ཉུལ།
ཨ་མ་ཡོད་དུས་དྲིན་ལན་འཇོལ།
ཨ་མ་མེད་དུས་དྲན་གདུང་གཡོལ།
ཕ་མ་འཛོམས་པ་ཚེ་སྟོད་།
ཟླ་བ་དཀར་བ་ཟླ་སྟོད་།
ཡིད་ལ་ཕན་པའི་བསླབས་་ཆ་།
མ་རྗེད་སེམས་ལ་ཉར་ན་།
ནམ་ཞིག་དགོས་དུས་ཤར་ཡོང་།