ཆང་སྐྱེས།
ལྷགས་རླུང་ང་རོ་རྒོད་པའི་དུས་ཚིགས་ཤིག་སྟེ།།
འཇག་མས་ཤུགས་གླུ་འཐེན་པའི་མྱ་ངན་ཀློང་ན།།
ཅེ་སྤྱང་སོ་བ་མཐོན་པོ་སྒང་ནས་བུད་དེ།།
རི་དྭགས་མ་བུ་ཚོགས་ཀྱི་ལྷིང་འཇགས་དཀྲོགས་སོང་།།
སྨག་རུམ་མུན་པ་སྟུག་པའི་ས་སྲོད་ཅིག་སྟེ།།
ཁྱི་ཚོགས་ཟུག་སྐད་འཕུར་བའི་སྐྱོ་དབྱངས་ཁྲོད་ན།།
མི་དབང་ལྕགས་ཀྱི་མདའ་མོའི་འཕུར་སྟངས་ཤིག་གིས།།
འདབ་ཆགས་ཕུག་རོན་ཁྱུ་ཡི་ཚང་མལ་དཀྲུགས་སོང་།།
ཟླ་བ་སྤྲིན་གྱིས་བསྒྲིབས་པའི་མཚན་མོ་ཞིག་སྟེ།།
འབྲོང་མོ་གཙག་གིས་ཁྱེར་བའི་རྫ་འདབས་དེ་རུ།།
འཁྲེང་ཞེན་ཕྱིར་མིག་གཉོམ་པོའི་ཞེ་ཐག་ཁུད་ནས།།
ཁོ་བོའི་གོམ་ཁ་ལྗིད་མོ་རི་ལ་བསྒྱུར་སོང་།།
ཡུལ་དང་ཁ་ཐག་རིང་བའི་རུ་སྡེ་ཞིག་སྟེ།།
འདྲ་མིན་ཟུར་མིག་གཡོ་བའི་ཁ་དོག་བར་ན།།
ཉམ་ཆུང་མི་ལ་དབང་ཐང་ཧ་ཅང་ཆུང་བས།།
སེམས་པ་མིག་ཆུས་བརླན་པ་ཉུང་ཉུང་མ་ཡིན།།
ཁ་བའི་མེ་ཏོག་འཐོར་བའི་ཞོགས་པ་འདི་ལ།།
དྲན་གདུང་དགུ་བརྩེགས་འཁུར་བའི་ཤུགས་རིང་སྣེ་ན།།
ཁྱེད་ཀྱིས་བསྐུར་བའི་ཚོན་ལྡན་འདྲ་པར་གྲུ་བཞིས།།
བདག་གི་གློ་མཆིན་གཉིས་ག་སྟེང་འོག་བརྗེས་སོང་།།