འབའ་སྲས།
ཅིའི་ཕྱིར་སྐྱེས་པ་ཕ་མས་མ་གསུངས་ལ།།
ཅི་ལྟར་སྐྱེས་པ་རང་གིས་མ་ཤེས་པར།།
སྨྲ་ཤེས་དོན་གོ་མི་ཡི་གཟུགས་ཅན་ང་།།
འཇིག་རྟེན་འདི་ན་ཡོད་པ་སྔ་ན་ཤེས།།
བཟའ་བཏུང་ཆེད་དུ་ཟེར་ན་དེ་མ་རེད།།
གཞན་དོན་ལྷུར་ལེན་བྱ་བ་ངས་མི་ཐུབ།།
ཅིའི་ཕྱིར་འཇིག་རྟེན་མི་ལ་སྐྱེས་པའི་ཚིག །
རང་ལ་དྲིས་ཀྱང་ཚིག་ལན་ངས་མ་རྙེད།།
ཆུང་ནས་རྒས་པར་གྱུར་བའི་ཉི་མ་དག །
མཚོ་ཆེན་ངོས་སུ་ཁ་བ་བབས་པ་བཞིན།།
འདི་བྱས་གང་སྒྲུབ་ཐོབ་པ་གཅིག་མེད་པས།།
ལུས་སེམས་སྟོང་བ་འཇིག་རྟེན་ཁམས་སུ་ལུས།།
གྲོག་མ་མིག་མེད་བལྟས་ན་ང་མགྱོགས་ཀྱང་།།
ཁྲོན་པའི་སྦལ་བར་བསྡུར་ན་ང་འཇོན་ཡང་།།
ད་དུང་གནས་མལ་གཏན་དུ་མ་ཁེལ་བས།།
ང་ཡི་ལུས་རྟེན་འཇིག་རྟེན་ལྷག་མ་ཞིག །
བྱ་ཞིག་ཡིན་ཡང་བྲག་ན་ཚང་ཞིག་ཡོད།།
འབུ་ཞིག་ཡིན་ཡང་འཛུལ་སའི་ཁུང་ཞིག་ཡོད།།
ས་མཐའི་རྐང་ལམ་མི་ཚེ་ཕྱེད་ཀྱིས་དེད།།
ད་དུང་གནས་མེད་ས་མཐའ་ཞིག་ན་ལྷག །
གཡས་ལ་ཅི་ཙམ་བགྲོད་ཀྱང་གཡས་ཕྱོགས་ཏེ།།
གཡོན་དུ་ཅི་ཙམ་བསྐྱོད་ཀྱང་གཡོན་ཕྱོགས་ཉིད།།
གཡས་གཡོན་གང་དུ་མ་གཏོགས་དབུས་ལམ་ཞིག །
གང་དུ་ཆས་ཀྱང་བདག་གི་མདུན་དུ་མེད།།
ལྟོས་དང་སྐུ་སྲས་གཅིག་ལ་ཕོ་བྲང་བརྒྱ།།
དེ་ཡི་མཐའ་ན་འཁོར་གཡོག་ལོངས་སྤྱོད་མང་།།
བཀའ་མཆིད་གཅིག་གིས་ཆེན་པོ་འདར་བར་བྱེད།།
འཇིག་རྟེན་དབང་དུ་བསྒྱུར་བའི་མཛད་པ་མང་།།
ལུས་ཀྱི་རྐང་པ་ལམ་དུ་མ་བགྲོད་པར།།
དབང་གི་ལག་པས་ཡོངས་སུ་བཅིངས་བྱེད་པའི།།
མི་བུ་དེ་དག་སྐྱེས་པར་དོན་ཆེ་ན།།
ཁོ་བོས་ལམ་དེ་ཡོངས་སུ་མ་རྙེད་དོ།།
སྔོན་བྱས་ཅི་སྒྲུབ་རྟ་ཕོ་ལག་པའི་རྗེས།།
ཟད་སོང་རྐང་པའི་རྨིག་གིས་བསུབས་གྱུར་བའི།།
རྐང་ལག་གཉིས་ཀ་བསྐྱོད་པའི་ཤུལ་ལམ་དུ།།
རང་ལ་དབང་བ་ཡི་གེའི་རི་མོ་ཙམ།།
༡༡/༠༢/༡༥ ལས་ཀར་འགྲོ་བའི་ལམ་བར་ས་འོག་མེ་འཁོར་ནས།
ད་རྒད་པོ་ཐང་ཆད་ཡོད་ཀ སྐྱོན་ནི་མ་རེད། ཧྲ་ལ་ཤེས་ར་སྒོར་མོ་གསོགས་ནི་རེད། དེས་མ་འགྲིག་པ་ཞིག་མེད་ཀ
ཆོག་ཤེས་མེད་ན་འཛམ་གླིང་ཟས་ཀྱང་ལྟོག་།
ཆོག་ཤེས་ཐུབ་ན་རྗེ་བཙུན་མི་ལར་བལྟོས་།
ཆོག་ཤེས་མ་ཐུབ་་མཐོང་ཚད་རང་ལ་དགོས་།
ཆོག་ཤེས་ཐུབ་ན་རང་སེམས་སྟོང་པ་རེད་།
འཇིག་རྟེན་རྒྱུ་དེ་སྤྱི་མ་རེད་།
དེ་རིང་ཡོད་ལ་སང་ཉིན་མེད་།
ལས་ཀར་འགྲོ་ཞོར་སྙན་ངག་འབྲི་ཞོར་རེད།
ལས་ཀ་ལས་ན་ལྟོ་བ་རྒྱགས་ནི་རེད།
སྙན་ངག་བྲིས་ན་སྐད་གྲགས་ཆགས་ནི་རེད།
དགོས་བ་འདི་གཉིས་འཛོམས་པས་མི་སྐྱིད་དམ།
ས་འོག་ས་སྟེང་ལམ་ཁ་གང་ཡོད་ནས།།
འདུར་རྒྱུག་བྱས་བར་རྒྱུ་ཞིག་མ་ཐོབ་ན།
སྡོམ་པ་མཇེ་ལས་ཤོར་བའི་སྐབས་དེ་ནས།།
བཀའ་དབང་ལག་པས་རྒྱུ་ཞིག་རྙེད་ཚུལ་མེད།
སེམས་པ་སྐྱིད་ན་མི་ལས་དམྱལ་བ་མྱངས།
སེམས་པ་སྐྱིད་ན་སངས་རྒྱས་ནག་ནས་འདས།།
སེམས་པ་སྐྱིད་ན་ཙོང་རྗེ་ས་མཐར་གཤེགས།
སེམས་པ་སྐྱིད་ན་འབའ་སྲས་ཡང་དེ་བཞིན་རེད། ཧ་ཧ་ཧ།
འབའ་སྲས་སྐྱེ་བ་སྔ་ཕྱི་སེམས་བཞིན་འདུག །
འབའ་སྲས་རྒྱ་བོད་རྙོག་གླེང་སེམས་བཞིན་འདུག །
འབའ་སྲས་ས་འོག་རིལ་ལིར་འགྲོ་བཞིན་འདུག །
འབའ་སྲས་ཁང་མིག་ཆུང་ཆུང་ཉོ་བཞིན་འདུག །
ཧ་ཧ་ཀུ་རེ་ཡིན་ནོ་འབའ་སྲས་ལགས། །
ཁྱོད་འཇིག་རྟེན་དུ་་ལས་དབང་ཞིག་གི་འོག་ཏུ་ཁྱེད་སྐྱེས་པ་རེད་། ཁྱེ་ཀྱི་ཕ་མ་གཉིས་འཇིག་རྟེན་གྱི་བྱ་བ་འདོད་ཆགས་སྤྒོ་སྐབས་། ཕ་གི་ཁུ་བ་དང་མ་གི་ཁྲག་གཉིས་འདྲེས་སྐབས་དེ་ལ་རླུང་ཕོག་ནས་མེ་གི་དྲོད་སྦྱིན་ནས་་ས་དང་ཆུ་གི་གཡས་གཡོན་ནས་བསྐྱོར་ནས་ཁྱེད་རང་ད་ལྟའི་ལོ་གཞོན་དར་མ་འདི་འདྲ་ཞིག་བྱུང་བ་དེ་ཡང་དོན་དངོས་ས་ཆུ་མེ་རླུང་འདུས་པ་ནས་བྱུང་བ་དེ་མཁྱེན་དགོས་།