ཨེ་མ་ཧོ།
ན་མོ་གུ་རུ་དྷརྨཱ་པ་ལ་ཡེ།
ཆོས་དགེ་བ་བཅུ་ཡི་ཕན་ཡོན་གྱིས།།
སྡིག་མི་དགེ་བཅུ་ལས་ངེས་པར་བཟློག།
ཆོས་བདེན་པ་བཞི་ཡི་ཉམས་ལེན་གྱིས།།
བློ་ཐར་བ་ངེས་པར་དགྲ་བཅོམ་འགྱུར།།
ཆོས་ཕ་རོལ་ཕྱིན་བཅུའི་ལྟ་སྤྱོད་ལས།།
ལམ་ས་བཅུའི་འབྲས་བུ་མངོན་དུ་འགྱུར།།
ཆོས་སྐུ་བཞིའི་དགོངས་པ་ཉམས་ལེན་གྱིས།།
མཐར་མངོན་སངས་རྒྱས་པའི་གོ་འཕང་བརྙེས།།
ཆོས་གསང་ཆེན་བསྟན་པའི་དག་སྣང་གིས།།
དོན་བདེ་ཆེན་ཕྱག་རྒྱའི་དངོས་གྲུབ་འབྱུང་།།
ཆོས་རྫོགས་པ་ཆེན་པོ་སྣང་བཞི་ཡིས།།
ལུས་འཆི་མེད་འཇའ་ལུས་རིག་འཛིན་ཐོབ།།
ཆོས་དམ་པའི་ཡོན་ཏན་བརྗོད་པའི་མཐུས།།
བསྟན་འགྲོ་བའི་དོན་ཀུན་ལྷུན་གྲུབ་ཤོག།
ཅེས་པ་རབ་རྒྱན་ཤིང་ལུག་མཆུ་ཟླའི་དབང་ཚེས་དགེ་བར་བྲིས་པ་དགེའོ།། ཕྱི་ལོ་༢༠༡༥ / ༢ / ༡༢ ལ།།