དགའ་དགའ།
གནམ་གྱི་འོག་དང་ས་ཡི་ཡང་སྟེང་དེ་ན།།
ལུས་པོ་རྗེན་ནེ་སེམས་པ་ཡད་ཡུད་བྱེད་ཅིང་།།
མིག་ཟུང་ཅེར་བའི་རྟོག་འགྱུ་སྐྱ་བོ་དེ་ཡང་།།
གཏད་སོ་མེད་པ་སྟོང་པའི་དབྱིངས་སུ་ཐིམ་འདྲ།།
སྤྲིན་པ་ངམ་ནག་ཅིག་གིས་རྒྱབ་ནས་དེད་ཀྱང་།།
བྱ་ཚོགས་ལང་ལོང་དགུང་དུ་ཤུགས་ཀྱིས་འཕུར་སོང་།།
མདུན་གྱི་ལམ་བུ་རྩི་ཤིང་ཧྲུལ་པོས་གཡོག་དུས།།
ཁེར་རྐྱང་གདོང་གི་སྐྱོ་ཉམས་དོད་པོ་ཞིག་གོ།
གནམ་ནས་དྲག་ཆར་འབབ་རུང་རློན་རྒྱུ་མེད་ལ།།
ས་ནས་ན་བུན་འཚུབ་ཀྱང་རེ་ས་མེད་ཅིང་།།
མགོ་ཐོག་ཤོག་ཞྭ་ཞིག་དང་དབྱུག་གོག་ནར་མོ།།
རྟེན་ས་འདི་གཉིས་ཡིན་པའི་ཕ་མའི་དྭ་ཕྲུག།
འཁོར་བའི་མྱ་ངམ་ཐང་གི་རྡུལ་འཚུབ་ཁྲོད་དུ།།
སྐྱིད་སྡུག་སྤེལ་མ་ཞིག་གི་འཕྲང་ལ་ལྷུང་དུས།།
སྙིང་སྡུག་སྙིང་གི་ནོར་བུ་ཁྱེད་ཀྱི་ཞལ་རས།
སྒོམ་ཞིང་མི་ཚེའི་འདུན་མ་རླུང་ལ་བསྐུར་ཡོད།།
ཚེ་འདིར་ལང་ཚོའི་མཛེས་སྡུག་འབུས་མ་ཐག་ནས།།
རང་ཉིད་སྨྱོན་པའི་སྨྱོ་གཤིས་མཚར་པོ་ཞིག་གིས།།
ཕྱོགས་ཞེན་འཁོར་ལོ་སྐོར་བའི་སེམས་པ་རྒོད་པོ།།
སྡུག་གི་དམྱལ་ཁམས་བཅོ་བརྒྱད་ནང་ལ་ལྷུང་སོང་།།
མི་འདོད་ཙག་ཤེད་རྒྱག་པའི་སྙིང་གི་ནང་ནས།།
ལྷོག་ལྷོག་དབུགས་ཀྱི་རྒྱུ་བ་མིད་པར་འགག་ཅིང་།།
ཡོད་ཚད་སྣང་བ་བན་བུན་ལས་དབང་ཡིན་ཡང་།།
མི་ཚེའི་ལྷག་མ་ཞིག་གི་ལས་འཕྲོ་ཡིན་འགྲོ།།
སྣོད་ཀྱི་འཇིག་རྟེན་འདི་ནི་འབུ་སྲིན་རྒྱུ་ས།།
རུས་པ་དཀར་གཙང་གློ་བ་ཡོན་པོ་དེ་ཡང་།།
འཁྱོག་ཅིང་གྱ་གྱུ་མང་བའི་སྲིད་པ་འདི་རུ།།
མི་སྡོད་ལུས་གོག་རིལ་པོ་དོར་ན་ཆོག་ཨང་།།
དགའ་དགའ་འདི་སྲོལ་རྒྱུན་སྙན་ངག་ཡག་པོ་འབྲི་མཁན་ཞིག་རེད་འདུག ཚིག་སྦྱོར་མཁས་པ་འདུག ཁ་བརྡའི་ཐོག་གི་སྲོལ་རྒྱུན་སྙན་ངག་པ་ཡག་ཤོས་ཤིག་ལ་བརྩི་ཆོག་ག་་་་་་ཧཧ
རྒྱབ་སྐྱོར་དང་སེམས་ཤུགས་སྤར་བར་དགའ་བསུ་ཡོད།