ཧོར་གཙང་འཇིགས་མེད།
ཁ་སང་གཞོན་སྐྱེས་རིགས་པ་སྨྲ་བ་རིག་འབྱུང་དོན་གྲུབ་བཀྲ་ཤིས་ཀྱིས་བྲིས་པའི་མོག་མོག་དང་འབྲེལ་བའི་དཔྱད་རྩོམ་ཞིག་བཀླགས་པ་ཡིན་ལ། ཁོང་གིས་བཀའ་འགྱུར་དང་བསྟན་འགྱུར་གཙོས་པའི་དཔྱད་གཞིའི་ཡིག་རིགས་རྒྱ་ཆེ་ཞིང་། ཡིག་ཆ་ཁུངས་བཙུན་དང་རིགས་ལམ་ཇེ་ཞིབ་ལ་བཏང་ནས་དོན་གནད་བྱེ་བྲག་པ་གླེང་ཐབས་ལ་འབད་བརྩོན་གནང་འདུག་པ་དེ་ང་ཚོ་བོད་ཀྱི་རིག་གནས་ལ་འཇུག་མཁན་རྒན་གཞོན་ཚང་མས་ངོས་འཛིན་ཞུ་དགོས་པ་ཞིག་ཏུ་མཐོང་།
རྒྱུ་མཚན་ནི་ད་ལྟའི་བར་ང་ཚོ་བོད་ཀྱི་ཤེས་ཡོན་པའི་སྡེའི་སྐྱོ་ཞན་གྱི་ཆ་གལ་ཆེན་ཁག་ཅིག་ཡོད་པ་ནི། གཅིག་ནས་རང་གིས་དཔྱད་གཏམ་དང་བསམ་ཚུལ་འདོན་སའི་དཔེ་ཆ་དང་རྩོམ་ཡིག་དེ་དག་རྦད་དེ་ཀློག་མྱོང་མེད་པ་དང་། ཡང་ན་དེའི་ནང་གི་དོན་ཚན་ཁ་ཤས་དང་ཤོག་ངོས་ཁ་ཤས་བམ་ཀློག་བྱས་པ་རྨང་གཞིར་བཞག་སྟེ། སྤོབས་པ་ཆེན་པོའི་ངང་རང་སྣང་གང་དྲན་གྱི་དཔྱད་གཏམ་སྤེལ་གྱིན་ཡོད་པ་དང་། གཉིས་ནས་དཔྱད་གཞིའི་ཡིག་ཆའི་ཁུངས་ལུང་མི་འཚོལ་བར་སྲང་ལམ་གྱི་སྐད་ཆ་ལྡོམ་པོ་ལ་བདག་པོ་བརྒྱབ་སྟེ་དགག་སྒྲུབ་བྱེད་ཀྱིན་ཡོད་པ། གསུམ་ནས་དོན་གནད་བྱེ་བྲག་པ་གླེང་རྒྱུ་ལས་སྤྱི་བམ་གྱི་བརྗོད་གཞི་རྒྱ་ཆེན་པོ་གླེང་སྟེ་ཅི་ཙམ་གླེངས་ཀྱང་དོན་དག་ཇེ་གསལ་དུ་འགྲོ་རྒྱུ་མེད་པའི་རྩོམ་ཡིག་མང་བོ་འབྲི་བཞིན་ཡོད་པ་དེ་རིགས་ཡིན།
ད་དུང་སྐུ་ཞབས་རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས་ཀྱིས་ང་ཚོར་དྲན་བསྐུལ་དང་ཉེན་བརྡ་གལ་ཆེན་ཞིག་བཏང་འདུག་པ་ནི། ང་ཚོས་རང་ཉིད་ལ་ཐེབས་པའི་ཆུང་དུས་ཀྱི་བག་ཆགས་མང་བོ་ཞིག་ཡོད་པ་ལ་སྤང་བླང་ངེས་པར་དུ་བྱེད་དགོས་པ་དེ་ཡིན། དུས་རབས་ཉི་ཤུ་བའི་ནང་གི་དམར་ཤོག་གཞུང་ལུགས་སྨྲ་བ་ལེ་ཉིན་དང་སི་ཏཱ་ལེན་ལྟ་བུའི་བསམ་བློ་ནི། བྱིས་པ་ཆུང་ཆུང་གི་ཀླད་པ་དེ་འབག་བཙོག་གིས་མ་གོས་པའི་ཆུ་མིག་དྭངས་མོ་ལྟ་བུ་ཡིན་ལ། དྭངས་གཙང་གི་ཆུ་མིག་དེའི་ནང་དུ་ཚོན་མདོག་དམར་བོ་བླུགས་ཚེ་ཆུ་ཡི་ཁ་དོག་དམར་བོར་འགྱུར་བ་དང་། ལྗང་གུ་བླུགས་ཚེ་ཆུའི་ཁ་དོག་ལྗང་གུར་འགྱུར་བར་ཡིད་ཆེས་བྱས་ཡོད་ལ། ཚུར་ཕྱོགས་ནས་ཆོས་ལུགས་པ་རྣམས་ཀྱིས་བྱིས་པ་ཚོར་ཆུང་དུས་ནས་རང་གིས་འདོད་པའི་ཆོས་ལུགས་ཀྱི་བག་ཆགས་དང་ཤན་ཤུགས་ཐེབས་སུ་འཇུག་ཐབས་ལ་འབད་བརྩོན་བྱེད་ཀྱིན་ཡོད་པ་དེ་ཡང་དོན་གྱིས་དམར་ཤོག་གི་ལྟ་གྲུབ་སྨྲ་བ་དེ་ཚོ་དང་འདྲ་མཚུངས་ཡིན།
ང་ཚོ་མི་རེ་རེ་ལ་སྐྱེད་བྱེད་ཀྱི་ཕ་མ་ཡོད་ལ། བསྐྱེད་སྲིང་བྱེད་སའི་ཁྱིམ་ཚང་དང་གྲོང་སྡེ། ཡང་ན་གྲོང་བརྡལ་དང་གྲོང་ཁྱེར་གང་རུང་ཞིག་ངེས་པར་དུ་ཡོད་པ་ཡིན་པས། ང་ཚོའི་བསམ་བློའི་ནང་ཕ་མ་དང་ཁྱིམ་ཚང་། ཡང་ན་ཁྱིམ་མཚེས་དང་གྲོང་སྡེ་སོགས་སྤྱི་ཡོངས་ལ་ཡོད་པའི་བསམ་བློའི་བག་ཆགས་ངེས་ཅན་ཞིག་མ་ཐེབས་པའི་མི་ཞིག་ཕལ་ཆེར་མི་རྙེད་པ་ལྟ་བུ་ཡིན། དེའི་རྐྱེན་གྱིས་སྔར་བྱུང་ལོ་རྒྱུས་ཐོག་ཤ་འཁོན་ཡོད་སའི་གྲོང་སྡེ་གཉིས་ཀྱི་བྱིས་པ་ཚོས། གྲོང་སྡེ་ཕན་ཚུན་གྱི་བར་ཤ་འཁོན་འབྱུང་སྐབས་ཀྱི་དངོས་ཡོད་གནས་ཚུལ་མཐོང་མེད་པར་མ་ཟད། ཤ་འཁོན་དེ་རིགས་ཇི་ལྟར་བྱུང་བ་དང་ཅིའི་ཕྱིར་བྱུང་བ་སོགས་ཀྱི་གནས་ཚུལ་ཀྱང་རབ་རུབ་སབ་སུབ་ལས་ཤེས་ཀྱིན་མེད་ཀྱང་། བྱིས་པ་དེ་དག་གི་སེམས་ནང་ན་ཡོད་པ་ནི། ཕར་ཕྱོགས་ཀྱི་གྲོང་སྡེ་དེ་རང་གི་གྲོང་སྡེའི་དགྲ་བོ་ཡིན་པའི་འདུ་ཤེས་འཛིན་སྟངས་གཏན་ཆགས་སུ་གྱུར་ཡོད་པ་དེ་ཡིན། དེ་འདྲའི་བག་ཆགས་ཟབ་མོ་ཐེབས་ཟིན་པའི་བྱིས་པ་ཚོར་ཕར་ཕྱོགས་ཀྱི་མིས་དངོས་ཡོད་གནས་ཚུལ་ལ་འགྲེལ་བཤད་ཅི་ཙམ་བརྒྱབ་ཀྱང་། བསམ་བློའི་བག་ཆགས་དེ་ལས་ཐར་རྒྱུ་ཧ་ཅང་ཁག་པོ་ཆགས་ཀྱིན་ཡོད་པ་དངོས་ཡོད་གནས་ཚུལ་ཡིན།
རང་སྟེང་གི་མྱོང་བ་དངོས་དང་སྦྱར་ནས་བཤད་ན། ང་རང་ལོ་ན་གཞོན་དུས་གྲྭ་བ་བྱས་ཏེ་དགོན་སྡེའི་སྲོལ་རྒྱུན་ལ་ཡོད་པའི་རིག་གནས་ལ་སྦྱངས་པ་བྱས་མྱོང་ཡོད་མཁན་ཞིག་ཡིན་ལ། དུས་ཡུན་ཧ་ཅང་རིང་བོའི་བར་དུ་དགོན་པའི་ནང་གི་གྲྭ་བ་གྲྭ་རྐྱང་གི་བསམ་བློའི་བག་ཆགས་ལ་འགྱུར་བ་གཏོང་མ་ཐུབ་ནས་དཀའ་ངལ་ཆེན་པོ་འཕྲད་ཡོད། ངས་འདིར་བཤད་བཞིན་པའི་དཀའ་ངལ་དེ་ཆོས་ལུགས་ཀྱིས་བསྐྱེད་པའི་བག་ཆགས་ལ་བཤད་ཀྱིན་མེད་པར། གྲྭ་བ་གྲྭ་རྐྱང་ཞིག་གིས་འཇིག་རྟེན་ལ་ལྟ་སྟངས་དེ་ཡིན། དགོན་པའི་ནང་གི་གྲྭ་རྐྱང་མང་བོ་ཞིག་ལ་རང་རང་ལ་དབང་བའི་ཁང་བ་མེད་པར་བླ་སྤྲུལ་ཁག་གི་བླ་བྲང་གི་ཟ་ཟུར་དང་། ཁང་བ་ཡོད་པའི་གྲྭ་བ་གཞན་གྱི་ཁང་མིག་ལྷག་མ་གཡར་ནས་སྡོད་ཐབས་བྱེད་ཀྱིན་ཡོད་ལ། ཁང་བདག་གི་འགྲིག་ལམ་དང་འགལ་ན་འཕྲལ་དུ་ཕྱིར་འབུད་བྱེད་ཆོག་ཆོག་ཡིན། འོན་ཀྱང་གྲྭ་རྐྱང་དེ་རིགས་ཀྱི་སེམས་ལ་གནོན་ཤུགས་གང་ཡང་ཕོག་གིན་མེད་པར། ཁོང་ཚོས་ནམ་རྒྱུན་གླེང་བཞིན་པ་ནི། “ལོ་བརྒྱ་ལ་སྡོད་ན། ཁྱམས་ར་བརྒྱ་བརྗེ་ཆོག” ཅེས་རང་ཉིད་ལ་ངར་ཤུགས་སློང་གིན་ཡོད་ལ། དངོས་ཡོད་གནས་ཚུལ་ཐོག་ཁོང་ཚོའི་བསམ་བློ་དེ་ལྟར་ཡིན།
ཁོང་ཚོ་སྤྱི་ཚོགས་ཐོག་གི་མི་གཞན་དང་མི་འདྲ་བར་ཁང་བདག་གིས་ཕྱིར་འབུད་བྱས་ན་སེམས་ལ་གནོན་ཤུགས་མེད་པའི་རྒྱུ་མཚན་ཅི་ཡིན་ནམ། དེ་ལ་རྒྱུ་མཚན་རིགས་ཁ་ཤས་ཤིག་ཡོད་པ་འདྲ་སྟེ། གཅིག་ནས་དགོན་སྡེའི་ནང་གི་ཁང་བ་གཡར་མཁན་ཚོས་ཁང་གླ་ལེན་སྲོལ་གཏན་ནས་མེད་པས། སྤྱི་ཚོགས་ཐོག་གི་མིས་ཁང་བ་གླས་ནས་སྡོད་མཁན་ཚོ་ནང་བཞིན། ཁང་བདག་དང་ཁང་བ་གླ་མཁན་གཉིས་ཀྱི་བར་ཁྲིམས་མཐུན་གྱི་གན་རྒྱ་འཇོག་མི་དགོས་པ་དང་། གཉིས་ནས་ཁང་བ་འཚོལ་མཁན་གྱི་ཚོགས་པ་ “Real-estate agency ”ལ་ཁང་བ་འཚོལ་གླ་སྟེར་མི་དགོས་པ། གསུམ་ནས་ཁང་བའི་ནང་མ་སྤོས་སྔོན་ལ་ཟླ་ངོ་གཅིག་གམ་གཉིས་ཀྱི་ཁང་གླ་སྔ་འདོན་བྱེད་མི་དགོས་པ། དེའི་ཐོག་ལ་ཟླ་བ་གཉིས་དང་གསུམ་གྱི་ཁང་གླ་དང་མཉམ་པའི་གཏའ་དངུལ་ཉར་འཇོག་བྱེད་མི་དགོས་པ་བཅས་ཀྱི་དཀའ་རྙོག་དེ་རིགས་མེད་པ་ཡིན་སྟབས། ཁང་བ་བརྗེ་རྒྱུ་དེ་དམིགས་བསལ་གྱི་དཀའ་ངལ་ཞིག་ཏུ་མཐོང་གིན་མེད་པ་དང་། བཞི་ནས་གྲྭ་བ་གྲྭ་རྐྱང་ཚོར་རང་ཉིད་གཅིག་པུ་ལས་གཞན་པའི་བྱིས་པ་དང་ཕ་མ། ལོ་ལོན་རྒན་འཁོགས་སོགས་རང་ཉིད་ལ་ལྟོས་ནས་འཚོ་གནས་བྱེད་དགོས་མཁན་གཞན་མེད་པས། རང་ཉིད་ལ་སྡོད་ས་མ་རག་ཀྱང་ངོ་ཤེས་དང་གྲོགས་པོ་སོགས་ཀྱི་ཁང་བའི་གྲུ་ཟུར་དུ་ཉལ་ས་ཞིག་རག་ཚེ་དོན་དག་ཐག་གཅོད་བྱེད་ཐུབ་པའི་ཁྱད་པར་ཡང་ཡོད་པ་ཡིན། ལྔ་ནས་དེ་དག་ལས་ཀྱང་གལ་ཆེན་ཡིན་པའི་རྒྱུ་མཚན་གཞན་ཞིག་ཡོད་པ་ནི། བསམ་བློའི་འདུ་ཤེས་འཛིན་སྟངས་དེ་ཡིན་ལ། གྲྭ་བ་རྣམས་ཀྱི་མི་ཚེ་སྐྱེལ་ས་དེ་དགོན་པའི་ནང་ཡིན་ལ། རང་ཉིད་དགོན་སྡེའི་ཡོང་སྒོ་ལ་བརྟེན་ནས་འཚོ་གནས་བྱེད་ཀྱིན་ཡོད་སྟབས། རང་གི་འཚོ་གནས་ཀྱི་ཐོན་ཁུངས་དེ་དགོན་པའི་ནང་གི་བླ་མ་དང་དཔོན་རིགས་ཚོར་ལྟོས་མི་དགོས་པར། སྦྱིན་བདག་གིས་གྲྭ་ཚོགས་ལ་མང་འགྱེད་རྒྱག་སྐབས་གྲྭ་བ་རེ་རེར་ཆ་སྙོམས་ཀྱི་སྐུ་ཡོན་འབུལ་བ་ལས་གཞན། གྲྭ་བ་གང་ཞིག་ལ་དངུལ་འབོར་ག་ཚད་ཐོབ་མིན་དེ་ཞལ་ངོ་དང་དགེ་བསྐོས། ཡང་ན་ཁྲི་བ་དང་མཁན་པོ། ཐ་ན་དགོན་བདག་གི་སྟངས་འཛིན་ལས་ཀྱང་འདས་པ་ཞིག་ཡིན་ལ། རང་གི་འཚོ་གནས་ཀྱི་ཆ་རྐྱེན་དེ་དགོན་པའི་ནང་གི་མི་སུ་ལའང་ཐད་ཀར་འབྲེལ་བ་མེད་པའི་དབང་གིས། འཚོ་གནས་ཀྱི་ཐད་ཁོང་ཚོའི་སེམས་ལ་གནོན་ཤུགས་མེད་ཅིང་། ཁོང་ཚོས་དགོན་པའི་སྒྲིག་ཁྲིམས་དང་དགེ་འདུན་པའི་བསླབ་ཁྲིམས་དང་འགལ་བའི་ཉེས་པ་མ་བསགས་པར་བསྡད་པ་ཡིན་ན། མི་སུས་ཀྱང་ཁོང་ཚོའི་འཚོ་བའི་ཡོངས་འབབ་ལ་བར་ཆད་བྱེད་མི་ཐུབ་པའི་སྟབས་ཀྱིས། གྲྭ་རྐྱང་ཚོས་རང་གི་ལྟ་གྲུབ་དང་བསམ་ཚུལ་རྣམས་སུ་གང་ལ་སྟབས་བསྟུན་བྱེད་མི་དགོས་པའི་བསམ་བློའི་རང་དབང་ཆེ་ཞིང་། དེ་འདྲའི་གནས་སྟངས་དམིགས་བསལ་བའི་དབང་གིས་ལོ་རྒྱུས་ཐོག་དགེ་འདུན་པ་ཚོས་ལྟ་གྲུབ་དང་བསམ་བློའི་རྩོད་པ་ཧ་ཅང་མང་བོ་བརྒྱབ་ཡོད་ལ། ཁོང་ཚོའི་རྩོམ་ཡིག་ལ་དགག་སྒྲུབ་ཀྱི་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཡོད། ཁོང་ཚོས་མི་གཞན་ལ་དགག་སྒྲུབ་ཅི་ཙམ་བྱས་ཀྱང་། ཕ་རོལ་བོའི་སེམས་ལ་ཕོག་ཐུག་གཏོང་བ་ཙམ་ལས། ཕ་རོལ་བོས་དགག་སྒྲུབ་བྱེད་མཁན་གྱི་གྲྭ་བ་དེའི་མི་ཚེའི་མདུན་ལམ་འགོག་པའི་ནུས་པ་གང་ཡང་མེད་པ་དེ་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡིན།
ད་དུང་ཁྱད་པར་གཞན་ཞིག་ཡོད་པ་ནི། དགོན་པའི་ནང་གི་གོ་གནས་ཆེ་ཤོས་རིགས་གཉིས་གསུམ་ཞིག་ཡོད་པ་ནི། བླ་སྤྲུལ་མ་ཡིན་པའི་གྲྭ་བ་དཀྱུས་མ་ཞིག་དགེ་བཤེས་ཧ་ཅང་ཆེན་པོར་གྱུར་ན་རྒྱུད་སྡེའི་གྲྭ་ཚང་ཁག་གི་རྡོ་རྗེ་འཛིན་པ་དང་ཁྲི་བར་སྡོད་རྒྱུ་དེ་ཡིན་ལ། གོ་གནས་གཞན་ཞིག་ཡོད་པ་ནི། དགེ་བསྐོས་དང་ཞལ་ངོ་ལ་སྡོད་རྒྱུ་དེ་ཡིན། འོན་ཀྱང་གྲྭ་རྐྱང་ཚོའི་ནང་ན་གོ་གནས་དེ་རིགས་ལ་དགའ་མོས་བྱེད་མཁན་ཤིན་ཏུ་དཀོན་པོ་ཡིན། དེའི་རྒྱུ་མཚན་ནི་དགོན་པའི་གོ་གནས་དེ་དག་རག་ཀྱང་མི་སྐྱའི་ནང་དད་པ་བྱེད་མཁན་ཁག་ཅིག་འབྱུང་བ་དང་། རང་ལ་ལས་ཚགས་ཇེ་མང་དུ་འགྲོ་བ་ལས་གཞན་པའི་དབང་ཐང་གང་ཡང་ལོངས་སུ་སྤྱོད་རྒྱུ་མེད་པའི་མིང་ཙམ་གྱི་གོ་གནས་ཤིག་ཡིན་ལ། གོ་གནས་དེ་རིགས་མི་སྐྱའི་སྤྱི་ཚོགས་ཁྲོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། དབང་ཐང་དམིགས་བསལ་བ་ལོངས་སུ་སྤྱོད་པའི་གོ་གནས་དེ་དག་ལ་བསྡུར་རིན་མེད་པའི་གོ་གནས་ཡིན་ཕྱིར། གྲྭ་རྐྱང་ཚོའི་སེམས་ན་རང་ཉིད་ཀྱིས་གཡས་གཟབ་གཡོན་གཟབ་བྱས་ན་མ་འོངས་པར་མདུན་ལམ་དང་གོ་གནས། ཐོབ་ཐང་རླབས་ཆེན་ཞིག་རག་རྒྱུ་ཡོད་པའི་རེ་དོགས་གང་ཡང་འཆང་གིན་མེད་པ་དེ་ཡིན།
གནས་སྟངས་དམིགས་བསལ་བ་འདི་ཤེས་རྟོགས་བྱུང་ཟིན་པའི་རྗེས་སུ། ང་ཚོས་ད་ལྟའི་སྤྱི་ཚོགས་ཐོག་གི་ཤེས་ཡོན་པ་ཚོའི་གནས་སྟངས་ལ་བསམ་བློ་བཏང་བ་ཡིན་ན་དོན་དག་ཁ་ཤས་ཤིག་མཐོང་ཐུབ་པ་སྟེ། ནུབ་ཕྱོགས་ཡར་ཐོན་རྒྱལ་ཁབ་ཁག་གི་སློབ་ཆེན་གྱི་སློབ་དཔོན་ཚོ་ཡུལ་ལུང་སྐྱོ་བོའི་ནང་གི་རྒྱལ་བོ་རེ་རེ་ཡིན་ལ། ཁོང་ཚོས་སློབ་མ་སྤྱི་དང་། ཁྱད་པར་དུ་ཞིབ་འཇུག་སློབ་མ་དང་འབུམ་རམས་པའི་སློབ་མ་ཚོ་སློབ་མཐར་མ་ཕྱིན་བར་སྟངས་འཛིན་ཆེན་པོ་བྱེད་ཐུབ་ཀྱིན་ཡོད་ལ། སློབ་མ་དེ་དག་གིས་རང་རང་ལ་འདོད་མོས་ཡོད་མེད་ལ་མ་ལྟོས་པར་སློབ་དཔོན་ཚོའི་བསམ་ཚུལ་ཡོད་ཚད་ལ་དང་ལེན་བྱེད་རྐྱང་བྱེད་ཀྱིན་ཡོད། དེ་ནི་སློབ་མ་དེ་དག་གིས་སློབ་དཔོན་ཆེན་མོ་ཚོར་སེམས་ཀྱིས་དད་མོས་དང་གུས་བརྩི་བྱས་པ་ཞིག་མིན་པར། སློབ་མ་དེ་དག་གི་མི་ཚེའི་འཚོ་གནས་དང་མདུན་ལམ་ཡོད་ཚད་སློབ་དཔོན་དེ་དག་གི་སྟངས་འཛིན་འོག་ཡོད་པའི་སྟབས་ཀྱིས་ཡིན། ཡར་ཐོན་རྒྱལ་ཁབ་ཁག་གི་སློབ་གྲྭ་ཆེན་མོ་ཁག་གི་སློབ་དཔོན་དང་མཁས་དབང་དེ་དག་ལ་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་། ཚན་རིག ཆབ་སྲིད། དམག་དོན། འཕྲོད་བསྟེན། ཁོར་ཡུག ཚོང་ལས། ཕྱི་འབྲེལ་སོགས་ལས་རིགས་ཕལ་ཆེར་ལ་ཤུགས་རྐྱེན་ཆེན་པོ་ཡོད་པ་མ་ཟད། ཁོང་ཚོའི་ནུས་ཤུགས་དེ་དངོས་ཤུགས་བརྒྱུད་གསུམ་ནས་འཛམ་གླིང་གི་མི་གྲངས་དུང་ཕྱུར་མང་བོའི་འཚོ་གནས་དང་ཚེ་སྲོག་དང་འབྲེལ་བ་ཡོད་པ་ཞིག་ཀྱང་ཡིན།
ད་དུང་ཡར་རྒྱས་ལྡན་པའི་སྤྱི་ཚོགས་ཐོག་གི་ཤེས་ཡོན་པ་ཚོས། དཔེ་དེབ་ཅིག་ཕར་ཟད་ཐ་ན་ཤོག་ལྷེ་དུ་མ་ཡོད་པའི་དཔྱད་རྩོམ་ཞིག་བྲིས་ཀྱང་དེ་དང་འབྲེལ་བ་ཕྲན་བུ་བྱུང་བའི་མཁས་པ་དང་དབང་ཐང་ཆེན་པོ་ཡོད་མཁན་ཚོར་དངོས་ཡོད་གནས་ཚུལ་ལས་འདས་པའི་ཐུགས་རྗེ་ལེགས་གསོལ་འབུལ་དགོས་ཀྱིན་ཡོད་ལ། གལ་སྲིད་ཁྱེད་ཀྱིས་ཁོང་ཚོའི་སེམས་པ་དགའ་རུ་མ་བཅུག་པའམ་ཁོང་ཚོར་ཕོག་ཐུག་བཏང་བ་ཡིན་ན། དངོས་ཤུགས་བརྒྱུད་གསུམ་ནས་ཁྱེད་ཀྱི་མི་ཚེའི་མདུན་ལ་བར་ཆད་འབྱུང་གིན་ཡོད། རྒྱུ་རྐྱེན་དེ་རིགས་ཀྱི་དབང་གིས་རང་གི་དམིགས་བྱའི་ཐོག་སླེབས་རྒྱུར་བསྡད་པའི་རྩོམ་པ་བོ་དང་ཤེས་ཡོན་ཅན་ཚོའི་ནང་དུ་རང་གི་ཆེད་ལས་དང་འབྲེལ་བ་ཡོད་པའི་སློབ་དཔོན་ཆེན་མོ་དང་། ཞིབ་འཇུག་པ་སོགས་འབྲེལ་ཡོད་ལྟོས་བཅས་ལ་ཕོག་ཐུག་གཏོང་མི་དགོས་པ་གཙོར་འདོན་བྱེད་ཀྱིན་ཡོད་པ་དེ་ཡིན། འདི་ནི་རང་དབང་དང་དམངས་གཙོའི་སྨྲ་བརྗོད་ཀྱི་ཐོབ་ཐང་ཆ་ཚང་ཡོད་པའི་སྤྱི་ཚོགས་ཁྲོད་ཀྱི་ཤེས་ལྡན་པ་ཚོ་ཇི་ལྟར་འཚོ་གནས་བྱེད་ཀྱིན་ཡོད་པའི་གནས་སྟངས་ངོ་མ་དེ་ཡིན།
ང་རང་སྤྱི་ལོ་༡༩༩༢ ལོའི་དབྱར་ཁར་པེ་ཅིན་ནས་སློབ་གྲྭ་ཐོན་ཏེ་ཟླ་བ་གསུམ་མ་ཟིན་གྱི་རྗེས་སུ་རྒྱ་གར་དུ་བཙན་བྱོལ་ལ་ཕྱིན་པ་ཡིན། བཙན་བྱོལ་གྱི་མི་ཚེ་སྐྱེལ་མགོ་ཚུགས་ནས་དུས་ཡུན་རིང་བོ་མ་སོང་བར་མུ་མཐུད་ནས་གྲྭ་བའི་མི་ཚེ་རྒྱུན་འཁྱོངས་བྱེད་མ་ཐུབ་ཀྱང་། ཕྱིས་ཀྱི་ལོ་ངོ་མང་བོ་བོའི་རིང་ནང་བསམ་བློའི་འཛིན་སྟངས་མང་བོ་ཞིག་སྔར་གྱི་གྲྭ་བ་གྲྭ་རྐྱང་གི་ཁོར་ཡུག་ཏུ་གནས་ཡོད་པ་ད་ལྟ་གཞི་ནས་ཤེས་རྟོགས་བྱུང་། གྲྭ་བ་གྲྭ་རྐྱང་གི་བསམ་བློའི་བག་ཆགས་ཀྱི་དབང་གིས་རང་གི་བསམ་ཚུལ་གང་ཡོད་ཡིག་ཐོག་ཏུ་ཕབ་ནས་འགྲེམས་སྤེལ་བྱེད་རྒྱུ་མེད་པ་དང་། དབང་ཆ་ཡོད་པའི་མི་རྣམས་ལ་ཕོག་ཐུག་གཏོང་མི་ཉན་པའི་གནས་ལུགས་མ་ཤེས་པའི་དབང་གིས། སྔ་ཕྱིར་ཤམ་བྷ་ལའི་སྐོར་གྱི་རྩོམ་ཡིག་བྲིས་ཏེ་ཆོས་ལུགས་པའི་སྡེ་ལ་ཕོག་ཐུག་བཏང་བ་དང་། ཞེ་སའི་སྐོར་དང་། དབྱིངས་ཡིག་གི་འབྱུང་ཁུངས་བཙལ་བ། པ་དང་བའི་ཐོབ་ཐང་བཤད་པ་སོགས་ཀྱི་དབང་གིས་ངོ་ཤེས་པ་དང་མི་ཤེས་པའི་ལྷ་ས་ཁུལ་ནས་ཡོང་བའི་ཤེས་ཡོན་པ་མང་བོ་ཞིག་ལ་ཕོག་ཐུག་བཏང་བ། གཞི་བདག་གི་སྐོར་ལ་རྩོམ་ཡིག་ཅིག་བྲིས་པའི་ཞོར་ལ་འདྲེ་རྐང་ཐོའི་སྐོར་ཟུར་ཙམ་ཐོན་པས་དེ་འབྲེལ་གྱི་ཚོགས་སྡེ་བྱེ་བྲག་པ་ལ་ཕོག་ཐུག་བཏང་བ། དགེ་འདུན་ཆོས་འཕེལ་གྱི་མི་ཚེ་ལ་དཔྱད་བརྗོད་བྲིས་པས། ཞྭ་སྒབ་པ་ནང་མི་ལྟོས་བཅས་དང་ཁོང་ལ་དགའ་མོས་བྱེད་མཁན་གྱི་མི་མང་བོ་ཞིག་ལ་ཕོག་ཐུག་ཤོར་བར་མ་ཟད། དེ་དང་འབྲེལ་བ་ཡོད་པའི་ཕྱི་རྒྱལ་གྱི་སློབ་དཔོན་ཆེན་མོ་རེ་ཟུང་ལའང་ཕོག་ཐུག་ཤོར་བ། དེའི་ཕྱིས་འཇམ་དབྱངས་ནོར་བུས་༧གོང་ས་མཆོག་ལ་མཚན་སྨོད་སྟུད་མར་བྱས་སྐབས་དེ་ལ་དགག་ལན་ལྟ་བུ་བྲིས་ཏེ་ཁོང་དང་ཉེ་འབྲེལ་ལྟོས་བཅས་ལ་ཕོག་ཐུག་བཏང་བ་སོགས་ཀྱི་གནས་ཚུལ་མང་བོ་ཞིག་བྱུང་ཡོད།
བདག་གི་རྩོམ་ཡིག་དེ་དག་ལས་འཇམ་དབྱངས་ནོར་བུའི་སྐོར་དེ་ཆེད་དུ་མངགས་ནས་དགག་སྒྲུབ་བྱས་པ་ཞིག་ལས། གཞན་པ་རྣམས་ཆེད་དུ་དགག་སྒྲུབ་བྱས་པ་མིན་ཀྱང་། དོན་དག་གང་ཞིག་བརྗོད་པའི་ཞོར་ལ་རང་བཞིན་གྱིས་བསམ་བློ་མི་འདྲ་བའི་མི་དང་ཚོགས་སྡེ་ཁག་ཅིག་ལ་ཕོག་སོང་བ་ཤ་སྟག་རེད། ཡིན་ནའང་སྐབས་དེ་དག་ཏུ་བདག་གི་བསམ་བློའི་ནང་རྩོམ་པ་བོ་ཞིག་གིས་རང་གི་མཐོང་ཚུལ་བྲིས་པའི་དབང་གིས་གཞན་པ་མང་བོ་ཞིག་ལ་ཕོག་ཐུག་འགྲོ་བའི་དོགས་པ་འཆར་གྱིན་མེད་ལ། གལ་སྲིད་མི་ཁག་ཅིག་ལ་འདོད་མོས་མ་བྱུང་བ་བརྟེན་ནས་རང་གི་མི་ཚེའི་མདུན་ལམ་ལ་བར་ཆད་འབྱུང་རྒྱུ་ཡིན་པ་དེ་བས་ཀྱང་ཤེས་ཀྱིན་མེད། ད་ནི་ལོ་ངོ་བཅུ་ལྷག་གི་རིང་ནུབ་ཕྱོགས་ཀྱི་སྤྱི་ཚོགས་ཁྲོད་མི་ཚེ་བསྐྱལ་ཅིང་། འདི་ཕྱོགས་སུ་འབྲེལ་ཡོད་ལས་ཀ་རེ་ཟུང་ལ་སྙན་ཞུ་བརྒྱབ་ཀྱང་བྲག་ཐོག་ལ་ཆུ་བྱོ་བ་དང་འདྲ་བར་ལམ་ཁ་གང་ཡང་མེད་པའི་རྒྱུ་རྐྱེན་དང་གནས་ལུགས་ལ་བསམ་བློ་བཏང་ཡོང་སྐབས། དགོན་སྡེའི་ནང་གི་གྲྭ་བ་གྲྭ་རྐྱང་གི་བསམ་བློའི་འདུ་ཤེས་འཛིན་སྟངས་ཀྱི་དབང་གིས་རང་གི་མདུན་ལམ་ཡོད་ཚད་ནག་བསུབ་ཏུ་བཏང་ཚར་བ་གཞི་ནས་ཤེས་རྟོགས་བྱུང་སོང་།
ལྷག་པར་དུ་བོད་པ་དང་ཕྱི་རྒྱལ་གྱི་ངོ་ཤེས་གྲོགས་པོ་ཚོས་རྟག་ཏུ་བཀའ་མོལ་གནང་བཞིན་པ་ནི། དེང་རབས་ཀྱི་སྤྱི་ཚོགས་ཁྲོད་མི་ཞིག་ལ་ཤེས་ཡོན་ཡོད་མེད་དང་། འཇོན་ཐང་ཡོད་མེད། བསམ་བློ་དྲང་བདེན་ཡིན་མིན་དེ་གལ་ཆེན་གང་ཡང་ཆགས་ཀྱིན་མེད་པར། གཙོ་བོ་རང་གི་ཆེད་ལས་དང་འབྲེལ་བའི་གལ་གནད་ཅན་མི་སྣ་ཁག་ལ་འབྲེལ་ལམ་ཡག་པོ་འཛུགས་དགོས་པ་དང་། དེ་དག་མི་དགའ་བའི་ལས་ཀ་བྱེད་མི་ཉན་པ་དེ་རེད་ལ། གནས་ལུགས་དེ་དག་ཤེས་དུས་ཡོད་ཚད་འཕྱིས་དྲགས་པ་སྟེ། བོད་ཀྱི་གཏམ་དཔེ་ལ། རྐུན་མ་སོང་ཚར་བའི་རྗེས་སུ་སྒོ་བསྡམ་དང་མ་བསྡམས་ལ་ཁྱད་པར་མེད་པའི་གནས་ལུགས་ཀྱང་གཞི་ནས་ཤེས་རྟོགས་བྱུང་། གང་ལྟར་གནས་ཚུལ་དེ་རིགས་ཀྱི་དབང་གིས་བཙན་བྱོལ་བོད་མིའི་ཤེས་ཡོན་པའི་ཚོགས་སྡེ་དང་། ཆོས་ལུགས་པའི་ཚོགས་སྡེ། ཆབ་སྲིད་པའི་ཚོགས་སྡེའི་ནང་གི་མི་ཁག་ཅིག་གི་མིག་ལམ་ན། བདག་ནི་ཕྱོགས་རེས་རིང་ལུགས་པ་དང་། ལུང་ཚན་རིང་ལུགས་པ། ཆོས་ལུགས་འཐེན་ཁྱེར་རིང་ལུགས་པ་སོགས་བོད་མིའི་སྤྱི་ཚོགས་ལ་གནོད་ཚབས་ཆེ་བའི་གདོན་འདྲེ་ལྟ་བུ་ཞིག་ལ་བགྲང་གིན་འདུག་ཅིང་། ཤུགས་རྐྱེན་དེ་དག་གི་དབང་གིས་རང་ཉིད་གནས་སྡོད་བྱེད་སའི་བྱང་ཨ་རིའི་ཤར་ཕྱོགས་སུ་འཚོགས་དང་ཚོགས་བཞིན་པའི་བོད་ཀྱི་སྐད་ཡིག་(ཀོ་ལུམ་བྷི་ཡ་སློབ་ཆེན་དུ་འཚོགས་པའི་རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་ཚོགས་ཆེན་ཐེངས་གསུམ་པའི་སྟེང་མགྲོན་འབོད་བྱས་པ་ཕུད་པའི།)དང་། ལོ་རྒྱུས། དེ་མིན་གྱི་རིག་གཞུང་གི་ཚོགས་འདུ་སྟེ་རང་ཉིད་ལ་སྦྱང་མྱོང་ངེས་ཅན་ཡོད་པའི་ཚོགས་འདུ་ཆེ་ཆུང་གང་ཞིག་ལའང་མཉམ་ཞུགས་བྱེད་མི་ཐུབ་པའི་སྒོ་མོ་གཏན་བཅད་ཀྱི་དངོས་ཡོད་གནས་སྟངས་ཀྱང་ཤེས་རྟོགས་གསལ་བོ་བྱུང་།
ད་ནི་རང་གིས་མི་ཚེ་ལ་སྦྱངས་པ་བྱས་པའི་འབྲེལ་ཡོད་ཀྱི་ཤེས་ཡོན་གྱི་ཚོགས་སྡེ་ཁག་གང་ལ་རེ་བ་རྒྱག་མི་དགོས་པའི་སེམས་ཐག་བཅད་ཟིན་ཅིང་། རང་དབང་གི་བསམ་བློ་ལས་བྱུང་བའི་སྔར་བྲིས་ཀྱི་བརྩམས་ཆོས་དེ་རིགས་ལ་རང་སེམས་ན་ནོངས་པ་འགྱོད་པ་གང་ཡང་སྐྱེ་བཞིན་མེད་མོད། འདིར་བཤད་འདོད་པ་ནི་གཞོན་དུས་ཀྱི་མི་ཚེ་བསྐྱལ་སའི་ཁོར་ཡུག་ངེས་ཅན་གྱི་བསམ་བློའི་བག་ཆགས་དེ་ཤིན་ཏུ་གཏིང་ཟབ་ཡིན་པ་དང་། བག་ཆགས་དེ་དག་ལས་ཐར་དགོས་ན་དུས་ཚོད་འགོར་གཞི་ཆེ་ཞིང་། དཀའ་ངལ་དང་ཀྱག་ཀྱོག་ལྡན་པ་ཞིག་ཡིན་པའི་མྱོང་ཚོར་བརྗོད་པ་ཙམ་ཡིན།
འདི་དག་ནི་སྐུ་ཞབས་རིག་འབྱུང་ལགས་ཀྱི་རྩོམ་ཡིག་བཀླགས་པ་དང་འབྲེལ་ཏེ་དྲན་བསྐུལ་ཐེབས་པའི་བསམ་ཚོར་འཕྲལ་དུ་བྲིས་པ་ཡིན་པས། སྐྱོན་དང་ནོར་འཁྲུལ་བྱུང་ཡོད་ན། ནམ་རྒྱུན་བཞིན་ཤེས་ལྡན་པའི་སྡེས་དགྲ་ཤ་ལེན་སའི་གོ་སྐབས་ཤིག་ཏུ་ངོས་འཛིན་གྱིས་སྐྱོན་བརྗོད་ཆར་བ་འབབ་པ་ལྟར་གནང་རོགས་ཞེས་ཞུ་བཞིན་ཡོད།
སྤྱི་ལོ་༢༠༡༥ ལོའི་ཟླ་༢ ཚེས་༡༡ ཉིན་བྲིས།
མཁས་པ་རེ་ལ་རྣམ་སྤྱོད་རེ་ཡོད་རེད་།
བླ་མ་རེ་ལ་ཆོས་ལུགས་རེ་ཡོད་རེད་།
དཔོན་པོ་རེ་ལ་ཁྲིམས་ལུགས་རེ་ཡོད་རེད་།
གཡོག་པོ་རེ་ལ་ལས་སྟངས་རེ་ཡོད་རེད་།
ལོ་རྒྱུས་རིག་པས་ལོ་རྒྱུས་ནག་སྲུབ་བཏང་།
ཞིབ་འཇུག་རིག་པས་ཕྱོགས་རྟོགས་འགན་འཁུར་བླང་།
མཁས་པ་མེད་པའི་མཁས་པ་།
ཕར་ཤུས་ཚུར་ཤུས་མང་བའི་མཁས་པ་།
ཧ་ཧ་ཧ་ཕྱོགས་གཏོགས་ཅན་གྱི་མཁས་པ་།
མཁས་དབང་ཧོར་གཙང་འཇིགས་མེད་ལགས་ཀྱིས་གནད་དུ་ཁེལ་བ་ཅིག་བྲིས་འདུག།རང་དབང་དང་མང་གཙོ་སོགས་ཇི་ཙམ་ལབ་ཀྱང་དོན་དངོས་སྟེང་།མིའི་སེམས་ནང་གི་ཉོན་མོངས་དུག་གསུམ་རང་འཇགས་གནས་རྒྱུ་ཡིན་པས།ཇི་སྲིད་མི་ལ་ཉོན་མོངས་ཡོད་པ་དེ་སྲིད་དུ།རང་དབང་གི་ཁོར་ཡུག་གཙང་མ་ཞིག་དང་རྩོམ་འབྲིའི་རང་དབང་གཙང་མ་ཞིག་ཡོང་ཁག་པོ་རེད།
གཅིག་ལྷག་འདུག སྤྱི་ཚོགས་མགོ་བསྐོར་གཏོང་མི་རུང་། དཔེར་ན་གཞུང་ཞབས་ཚོ་ནུས་མེད་དུ་གླེང་ནས་རང་ཉིད་ལ་གོ་སྐབས་ཏོག་ཙམ་ཕུལ་ན་མི་བསྒྲུབ་པར་གཡུག་ནས་འགྲོ་བའི་ཀུན་སྤྱོད་ལྟ་བུ། ངས་མི་ཚེའི་ནང་བལྟས་བལྟས་རིག་རིག་གི་སར་རྡ་སའི་ཐེམ་འབུར་སྟེང་༧སྐུ་མདུན་ལ་འདུག་རོགས་སུ་ཁྱེད་མ་བསྡད་པ་ལྟ་བུ། མི་ནག་པོ་བཟོ་འདོད་སྤུ་ཙམ་ཡང་མེད། མི་སུ་ཡིན་ཡང་རང་གིས་ཀྱང་བསྒྲུབ་མི་ནུས་པ་དེ་གཞན་གྱི་བྱེད་བཞིན་པར་ཚད་ལས་བརྒལ་བའི་སྐྱོན་བརྗོད་བྱ་མི་རུང་། ཕྲག་དོག་ཉུང་ངུའི་ཉམས་འགྱུར་གང་མང་སྟོན་པ་ནི་སྐྱེས་བུ་ནུས་མེད་ཀྱི་རྟགས་མིན་པར་མ་མཐར་ཡང་མི་ཡ་རབ་ཀྱི་བྱེད་སྟངས་ཡིན་པར་ཁས་ལེན་དགོས། ངའི་མི་ཚེའི་ནང་འགྱོད་པ་སྐྱེ་ས་མང་། ཁྱེད་འགྱོད་པ་སྐྱེ་ས་མེད་ཅེས་ལབ་ཀྱང་ངས་ཁྱེད་ལ་ཡིད་ཆེས་མི་བྱེད། ཨ་ཁུ་ཧོར་གཙང་འཇིགས་མེད་བདེ་མོ་བྱོས།
རྩོམ་པ་པོ་ཧོར་གཙང་འཇིགས་མེད་ལགས་ཀྱིས་རྩོམ་རིག་དང་འབྲེལ་ནས་རང་གི་མི་ཚེའི་ནང་དངོས་བྱུང་གི་མྱོང་བ་ཟབ་མོ་བྲིས་འདུག དེ་ནི་ཁོང་ཙམ་མིན་པར་སྔོན་དང་ད་ལྟའི་རྩོམ་པ་པོ་མང་པོ་ཞིག་གི་ལོ་རྒྱུས་དང་མྱོང་བ་མཚོན་ཐུབ། རྩོམ་ཡིག་གིས་ཆབ་སྲིད་པ་དང་ཆོས་ལུགས་མི་སྣ་སོགས་སྤྱི་ཚོགས་སྟེང་གི་གནད་ཡོད་མང་པོ་ཕོབ་ཐུག་ཕྱིན་ནས་རྩོམ་པ་པོའི་མི་ཚེའི་མདུན་ལམ་བཀག་པ་ནི་འཇིག་རྟེན་འདིར་ཧ་ཅང་མང་། དེའི་དཔེ་མཚོན་གཅིག་ནི་ཨུ་རུ་སུའི་གྲགས་ཅན་རྩོམ་པ་པོ་སོལ་ཛིན་ནི་ཚན་ Solzhenitsyn ཡིན། ཁོང་གིས་སེ་ཏ་ལིན་གྱིས་གཙོ་བྱས་པའི་ཨུ་རུ་སུའི་དབང་འཛིན་པར་དྲང་བདེན་འཐག་རྩོད་གནང་བས་དཀའ་སྡུག་ཚད་མེད་མྱངས། འོན་ཀྱང་བློ་མ་ཞུམ་པར་མུ་མཐུད་འབད་བརྩོན་གནང་བས་རང་གི་རྩོམ་རིག་བྱ་གཞག་ལ་རླབས་ཆེན་གྱི་གྲུབ་འབྲས་བྱུང་། ནོ་ལྦེལ་རྩོམ་རིག་བྱ་དགའ་ཡང་ཐོབ། སྐབས་རེ་རྩོམ་པ་པོ་འགའ་ཞིག་ལ་བྱ་གཞག་དང་གྲུབ་འབྲས་ཕུན་སུམ་ཚོགས་པ་བྱུང་ན་ཡང་། ད་དུང་སྡུག་སྐད་མང་པོ་རྒྱག་གི་ཡོད། རྒྱ་གར་གྱི་རྩོམ་པ་པོ་གྲགས་ཆེན་ཞིག་ལ་ནོ་ལྦེལ་རྩོམ་ཡིག་བྱ་དགའ་ཐོབ་ཀྱང་སྡུག་སྐད་རྒྱབ་པ་རེད། མཁས་པའི་ཕྲིན་ལས་དང་འཇིག་རྟེན་གྱི་བདེ་སྡུག་བར་འབྲེལ་བ་དམ་ཟབ་ཡོད། དོན་དེ་འདྲ་ལ་དགོངས་ནས། ཞི་བ་ལྷས། མཁས་པ་རྣམས་ནི་བཀུར་བ་དང་། །བསོད་སྙོམས་དག་ཀྱང་རྙེད་པར་ཤོག ཅེས་བསྔོ་སྨོན་མཛད་ཡོད། ཁྱེད་ཀྱིས་སྦྱངས་པའི་འབྲེལ་ཡོད་ཤེས་ཡོན་གྱི་ཚོགས་སྡེ་ཁག་གང་ལ་ཡང་རེ་བ་མི་རྒྱག་པའི་སེམས་ཐག་བཅད་ཟིན་ཀྱང་། ཁྱེད་ཀྱིས་ཞར་དང་ཞོར་དུ་རྩོམ་རིག་ལས་ཀ་བྱ་རེ་ཆེ། མ་གཞི་ཁྱེད་ཀྱི་རྩོམ་དེབ་འགའ་ལས་ཁྱེད་མཐོང་མྱོང་མེད། ཁྱེད་ལ་བྱ་བ་ལམ་འགྲོ་ཡོང་བར་སྨོན།
ད་ཧོར་གཙང་འཇིགས་མེད་ཀྱིས་གསལ་བཤད་དེ་བདེན་པ་ཡིན་མིན་སུས་ཤེས། མི་ཚང་མས་རང་ཉིད་བདེན་པ་དང་དྲང་བདེན་ཞིག་གི་ཕྱོགས་སུ་སྐྱོད་མཁན་ཡིན་པའི་ཐབས་ཤེས་བྱེད་བཞིན་ཡོད། ལྷག་པར་དུ་དེང་སང་བོད་ཀྱི་རྩོམ་པ་པོ་དང་མཁས་པ་ཡིན་ཟེར་མཁན་ཚོས་དེ་ལྟར་འུར་བསྒྲོགས་བྱེད་རྒྱུ་ནི་རྒྱུན་ལྡན་ཞིག་ཏུ་གྱུར་ཡོད། ད་དུང་འཇམ་ནོར་སོགས་ལ་སྒེར་འཁོན་ཐོག་རྩོད་གཞི་ཞིག་ཡོད་པ་ལས་འཇམ་ནོར་གྱིས་བླ་དཔོན་སུ་ཞིག་ལ་ཡང་སྐྱོན་རྗོད་ཅུང་ཙམ་བྱེད་རྒྱུ་དེ་ནི་རྩོམ་པ་པོའི་འགན་འཁྲི་ཞིག་ཏུ་གྲུབ་ཡོད། རྒྱུ་མཚན་ནི་འཇིག་རྟེན་འདིར་སྐྱོན་མེད་མཁན་སྐྱེ་བོ་སུ་ཡང་མེད་དོ། གལ་ཏེ་ཧོར་གཙང་འཇིགས་མེད་བདེན་པ་དང་དྲང་བདེན་ཞིག་ཡིན་ན་འདི་ལྟར་གསལ་བཤད་བྱེད་དགོས་པའི་ངེས་པ་གཏན་ནས་མེད། རྒྱུ་མཚན་ནི་ཁོང་ལ་བདེན་པ་དང་དྲང་བདེན་ཞིག་ཡོད་ན་སྤྱི་ཚོགས་ཀྱིས་ཐག་བཅོད་བྱེད་ངེས་རེད། འོན་ཀྱང་ད་བར་དུ་སྤྱི་ཚོགས་གང་ཞིག་ཏུ་ཁུངས་མ་འཁྱོལ་བར་མཐར་ཀུན་གྱིས་སྨོད་ཡུལ་ཞིག་ཏུ་གྱུར་ཡོད་པ་ནི་ཀུན་གྱིས་མཐོང་ཆོས་སུ་གྱུར་ཡོད། མ་ཟད་ཁོང་གིས་མདོ་སྨད་ལོ་རྒྱུས་ཆེན་མོ་ཞེས་པའི་དེབ་རྒན་དྲུག་ཙམ་བྲིས་ཡོད་པས་དེའི་ནང་གཟིགས་དང་ཁོང་མི་གང་འདྲ་ཞིག་ཡིན་པ་ཤེས་ངེས་རེད། དེ་མིན་ཁོང་གིས་བྲིས་པའི་རྩོམ་ཡིག་དེ་ཚོ་ནས་ཁོང་མི་གང་འདྲ་ཞིག་ཡིན་པ་ཤེས་ཐུབ།
ཨ་ཧ་བོ། ད་ཡིན་ན་ཧོར་གཙང་རྒད་པོའི་གཞི་ནས་བསམ་ཤེས་ཞག བསམ་ཤེས་དུས་འཕྱི་ཡང་དྲག་ཞག འདི་ལྟར་བལྟས་ཡོང་དུས་ཨ་མདོའི་གཞོན་པ་ཁ་ཤས(ཤེས་ཡོན་པ)སྔ་ས་ནས་མཐོ་ས་ཐུག་དུས་མགོ་སྒུར་གཉའ་ཞུམ་དང་ལྕེ་སྣར་ཞེ་སའི་བཀའ་ལན་གནང་བ་སོགས་མཐོང་ན་དེ་ཚོའི་རིགས་སྦྱངས་པོ་རེད་འདུག་ག ལས་ས་འདུག་སའང་ཡག་པོ་རེག་གི་འདུག མ་གཞི་ནས་ཧོར་གཙང་ཁྱེད་རང་སྡོད་སའང་ནོར་ཞག མ་ཟད། ས་ཆ་དེ་གར་བོད་ཡིག་བེད་སྤྱོད་མེད་པ། རང་གི་ཆེད་ལས་དང་འབྲེལ་བ་མེད་སར་སོང་ན་དཀའ་ནི་རེད། མིས་ཟེར་ན་མཁས་པ་ཡིན་རབ་ཟེར་ཀི དོན་ངོ་མར་ཁྱེད་ཅག་གི་རིགས་འདི་སྐབས་འཚོལ་བ་ཞིག་ལས་མཁས་པ་འདྲ་ཡིན་ས་མ་རེད། མཁས་པ་ཞིག་ཡིན་ན་མ་མཐའ་ཡང་རང་གི་འཚོ་སྡོད་བྱེད་ས་ནོར་ཀི་མ་རེད།
རེད་རེད། སྤྱི་ཚོགས་ཆུང་ཆུང་ནང་གི་ཆུང་ཆུང་། རྡ་ས།
ཕྱོགས་ཁག་མང་མང་ནང་གི་མང་ས། རྡ་ས་ནས། རྒན་པོ་ཁྱོད་ལ་ལམ་ཞིག་མ་རག་པ་བདེན། ངས་དྲང་མོར་ཞུས་ན། ཁྱོད་ནི་བཤད་ཕོད་པ། བསམ་ཕོད་པ། འབྲི་ཕོད་པ་ཞིག་རེད། ཁྱོད་ནི་གཞན་གྱི་སྙེད་བཀུར་ལ་མི་མོས་ན། ཁྱོད་ནི་དོན་གྱིས་བོད་ཡིག་ལ་བྱང་ཆ་ཡོད་པའི་དཔའ་བོ་ཞིག་རེད། མདུན་དུ་མཆོང་ཞིག་གི། ཁྱོད་ཀྱི་མདུན་ས་ན། མཁས་ཉམས་ཤོར་དོག་གིས། ཁྱོད་ནི་རིག་སར་མ་ཡོང་ན་བསམ་མཁན་མང་པོ་ཡོད་པ་རེད།
ང་ལ་དབྱིན་ཇི་བ་ཁ་ཤས་ཤིག་གིས། ཁྱེད་རང་ཚོ་བོད་པ་ལ་རི་ཕྲ་ཕྲག་དོག་ཆེན་པོ་འདུག་ཟེར། ངས་ཡིན་རྒྱུ་རེད། བོད་པ་ཚང་མ་དབྱིན་ཡིག་ཤེས་མཁན་ཡིན་ན་འདྲ། བོད་ཡིག་ཤེས་མཁན་ཡིན་ན་འདྲ། དགྱ་ཡིག་ཤེས་མཁན་ཡིན་ན་འདྲ། ཉི་ཧོང་ཤེས་མཁན་ཡིན་ན་འདྲ། ག་རེ་ཤེས་མཁན་ཡིན་ན་ཡང་ཕར་གྱི་ཡོན་ཏན་མི་ལན་པར། ཕྱིར་རོ་གསུམ་གྱི་སྒང་ལ་བཏབ་བསྡད་ཡོད་པ་རེད། ཁྱེད་རང་ཚོ་ནང་བཞིན། མྱི་རེ་ར་རོ་རེ་ཟ་རྒྱུ་ཡོད་པ་མ་རེད་ལ། ཟ་སྤོབས་ཅན་ཡང་ཡོད་པ་མ་རེད་ཞུས་པས། རོ་གསུམ་པོ་གང་རེད་ཟེར། ནང་ཆོས། ལོ་རྒྱུས། སྐད་ཡིག་གསུམ་རེད་ལབ་པ་ཡིན། བྱས་ཙང་གཅིག་གིས་གཅིག་གི་ཟ་སྐལ་འཕྲོག་འགྲོ་བ་ལ་སོགས་པའི་གཡུལ་ས་ཆེན་པོ་རེད་ལབ་དུས། དེ་འདྲ་པོ་རེད་ཟེར།
ད་ཁྱེད་རང་ལ་ཟ་སྐལ་གྱི་སྒོ་མོ་བཀག་ཡོད་པ་འདྲ། ཁོ་ཆད་མི་ཉན།
གང་ལྟར། ལྗང་ཁུ་ཡིན་པ་ལས་གུ་མིན་ཚོད་རེད། གུ་དང་ཁུ་གཉིས་ལ་ཁྱད་པར་ཡོད་པར་འདོད།
ཧོར་གཙང་བས།
《ལྷག་པར་དུ་བོད་པ་དང་ཕྱི་རྒྱལ་གྱི་ངོ་ཤེས་གྲོགས་པོ་ཚོས་རྟག་ཏུ་བཀའ་མོལ་གནང་བཞིན་པ་ནི། དེང་རབས་ཀྱི་སྤྱི་ཚོགས་ཁྲོད་མི་ཞིག་ལ་ཤེས་ཡོན་ཡོད་མེད་དང་། འཇོན་ཐང་ཡོད་མེད། བསམ་བློ་དྲང་བདེན་ཡིན་མིན་དེ་གལ་ཆེན་གང་ཡང་ཆགས་ཀྱིན་མེད་པར། གཙོ་བོ་རང་གི་ཆེད་ལས་དང་འབྲེལ་བའི་གལ་གནད་ཅན་མི་སྣ་ཁག་ལ་འབྲེལ་ལམ་ཡག་པོ་འཛུགས་དགོས་པ་དང་། དེ་དག་མི་དགའ་བའི་ལས་ཀ་བྱེད་མི་ཉན་པ་དེ་རེད་ལ། གནས་ལུགས་དེ་དག་ཤེས་དུས་ཡོད་ཚད་འཕྱིས་དྲགས་པ་སྟེ། བོད་ཀྱི་གཏམ་དཔེ་ལ། རྐུན་མ་སོང་ཚར་བའི་རྗེས་སུ་སྒོ་བསྡམ་དང་མ་བསྡམས་ལ་ཁྱད་པར་མེད་པའི་གནས་ལུགས་ཀྱང་གཞི་ནས་ཤེས་རྟོགས་བྱུང་། གང་ལྟར་གནས་ཚུལ་དེ་རིགས་ཀྱི་དབང་གིས་བཙན་བྱོལ་བོད་མིའི་ཤེས་ཡོན་པའི་ཚོགས་སྡེ་དང་། ཆོས་ལུགས་པའི་ཚོགས་སྡེ། ཆབ་སྲིད་པའི་ཚོགས་སྡེའི་ནང་གི་མི་ཁག་ཅིག་གི་མིག་ལམ་ན། བདག་ནི་ཕྱོགས་རེས་རིང་ལུགས་པ་དང་། ལུང་ཚན་རིང་ལུགས་པ། ཆོས་ལུགས་འཐེན་ཁྱེར་རིང་ལུགས་པ་སོགས་བོད་མིའི་སྤྱི་ཚོགས་ལ་གནོད་ཚབས་ཆེ་བའི་གདོན་འདྲེ་ལྟ་བུ་ཞིག་ལ་བགྲང་གིན་འདུག་ཅིང་། ཤུགས་རྐྱེན་དེ་དག་གི་དབང་གིས་རང་ཉིད་གནས་སྡོད་བྱེད་སའི་བྱང་ཨ་རིའི་ཤར་ཕྱོགས་སུ་འཚོགས་དང་ཚོགས་བཞིན་པའི་བོད་ཀྱི་སྐད་ཡིག་(ཀོ་ལུམ་བྷི་ཡ་སློབ་ཆེན་དུ་འཚོགས་པའི་རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་ཚོགས་ཆེན་ཐེངས་གསུམ་པའི་སྟེང་མགྲོན་འབོད་བྱས་པ་ཕུད་པའི།)དང་། ལོ་རྒྱུས། དེ་མིན་གྱི་རིག་གཞུང་གི་ཚོགས་འདུ་སྟེ་རང་ཉིད་ལ་སྦྱང་མྱོང་ངེས་ཅན་ཡོད་པའི་ཚོགས་འདུ་ཆེ་ཆུང་གང་ཞིག་ལའང་མཉམ་ཞུགས་བྱེད་མི་ཐུབ་པའི་སྒོ་མོ་གཏན་བཅད་ཀྱི་དངོས་ཡོད་གནས་སྟངས་ཀྱང་ཤེས་རྟོགས་གསལ་བོ་བྱུང་།》་་་ཞེས་བཤད་འདུག
སྐད་ཆ་འདི་དག་དང་བལྟ་ཚུལ་དང་བསམ་ཚུལ་མི་མཐུན་པ་འདུག་པས་བསམ་འཆར་ཏོག་ཙམ་བཤད་རྒྱུ་ཡིན། ཧོར་གཙང་བའི་གྲོགས་པོ་ཚོས་མིའི་སྤྱི་ཚོགས་ཀྱི་ཁྲོད་དུ་དྲང་བདེན་ཡོད་མེད་དང་འཇོན་སྟངས་ཡོད་མེད་གལ་ཆེན་མ་རེད་ཟེར་བའི་སྐད་ཆ་དེ་དག་མོས་མཐུན་རྩ་བ་མེད།
དྲང་བདེན་གྱི་གཞི་རྩ་མེད་པའི་མི་དང་མིའི་རྩོམ་ཡིག་གཉིས་ལ་གཞན་གྱི་དགའ་པོ་བྱེད་མི་སྲིད་པ་ཡིན། དགའ་པོ་བྱེད་མཁན་རེ་གཉིས་ཡོད་ཀྱང་མི་དེ་དག་ནི་དྲང་བདེན་གྱི་གཞི་རྩ་མེད་པའི་མི་ཡིན་པས་ཁོ་ཚོ་དགའ་ནའང་ཕན་ཐོགས་མེད།
དྲང་བདེན་གྱི་གཞི་འཛིན་ས་མེད་པའི་རྩོམ་ཡིག་ཞིག་ཡིན་ན་རྩོམ་ཡིག་དེས་རྩོམ་པ་པོ་ལ་དཀའ་ངལ་བཟོ་ངེས་ཡིན། དྲང་བདེན་མེད་པའི་ལོ་རྒྱུས་ལོག་བཤད་དང་རིག་གནས་གང་འདྲ་ཞིག་ལ་ལོག་འདྲེན་བརྒྱབ་པ་ཡིན་ནའང་མི་མང་པོ་མི་དགའ་བ་འགྱུར་ངེས་ཡིན། དྲང་བདེན་མེད་ན་ལས་རྒྱུ་འབྲས་མེད། ལས་རྒྱུ་འབྲས་མེད་ན་ཆོས་ལུགས་མེད། དྲང་བདེན་དང་བྲལ་བའི་སྤྱི་ཚོགས་ཡིན་ནའང་འདྲ། རིག་གནས་ཡིན་ནའང་ཆོག ཆོས་ལུགས་དང་ཆབ་སྲིད་གང་ཡིན་ནའང་རེད། གྲོགས་པོ་དང་གྲོགས་མོ་ཡིན་ནའང་འདྲ། དྲང་བདེན་བྲལ་ཚར་དུས་དགྲ་མ་གཏོགས་གྲོགས་མེད། དོག་པ་མ་གཏོགས་ཡིད་ཆེས་མེད།
རྩོམ་པ་པོ་ཞིག་གིས་ངོས་ནས་བཤད་ན་རང་དོན་གྱི་ཆེད་དུ་རྩོམ་ཡིག་བྲིས་ན་བླུན་པོ་རེད། རང་དོན་གཙོར་བཟུང་བྱས་ནས་རྩོམ་ཡིག་བྲིས་ན་རང་དོན་འགྲུབ་མི་སྲིད། རང་དོན་མི་འགྲུབ་པའི་ཐོག་ཏུ་ཀློག་པ་པོ་རྣམས་ཀྱིས་རང་དོན་གཙོ་བཟུང་བྱས་ནས་བྲིས་པ་ཤེས་འགྲོ དགའ་མཁན་ལས་མི་དགའ་མཁན་མང་བ་ཆགས་འོང་ངེས།
དྲང་བདེན་དང་ཉམ་ཆུང་རྒྱབ་ལངས་བྱས་ནས་རྩོམ་ཡིག་བྲིས་པ་ཡིན་ན་ཁ་གཏོད་ཀྱི་དགྲ་བོ་ཡིན་ནའང་ཡིད་སྨོན་ཤོར་ངེས་རེད། དགྲ་བོ་ལ་ཡང་དྲང་བདེན་བཤད་ན་ཁོས་ཁ་ནས་མ་རེད་ཅེས་ལན་བརྒྱབ་འོང་ནའང་སེམས་ཀྱིས་མ་རེད་ཟེར་མི་ཤེས། དེ་དྲང་བདེན་གྱི་སྟོབས་ཤུགས་ཡིན། སྟོབས་ཤུགས་དེས་གཞན་གྱི་ཁ་གཏོད་བཅག་ཐུབ། གཞན་ངོ་དགའ་སྤྲེལ་ལད་ཀྱིས་ས་རྒྱ་ཆོད་ཐབས་མེད།
སྐབས་འཚོལ་བ་ཚོས་དྲང་བདེན་ལ་བརྩི་བཀུར་མི་བྱས། ཉམ་ཆུང་གྱི་རྒྱབ་ལངས་མི་བྱས། རྫུན་བཤད་ནས་མྱི་ཆེན་བླ་ཆེན་ལ་ངོ་དགའ་དང་སྤྲེལ་ལད་འཁྲབ། ཉམ་ཆུང་ལ་རྡོག་རོལ་བཏང་། མྱི་ཆེན་བླ་ཆེན་ཚོའི་རྐུབ་ལྡག དེ་འདྲ་བྱས་ནས་མི་ཚེའི་འཚོ་གནས་ཀྱི་གོ་སྐབས་འཚོལ་བ་ལས་ཤི་ན་དགའ་གི་རེད་འདོད་དོ།
ཧཧཧ་་་བསམ་ཚུལ་ཙམ་ཡིན།
དེ་རིང་ཅོ་རིས་བདེན་པ་འདྲ་ཞིག་བཤད་ཞག ཡིན་ནའང་། ཧོར་གཙང་གིས་བཤད་ན་ལམ་ཀ་དེ་ན་མདུན་ལམ་མེད་རབ་བརྗོད་ཀྱི་འདུག་ག
གོང་གི་དྲ་གྲོགས་འགས་དྲང་བདེན་སྐོར་ལ་བཀའ་མོལ་འགའ་གནང་བར་དགའ་མོས་ཡོད། སྤྱི་ཚོགས་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་དྲང་བདེན་ཡོད་དགོས་པ་ཞིག་རེད། ལྷག་པར་དུ་ཤེས་ཡོན་ཅན་དང་། རྩོམ་པ་པོ་ཞིག་ཡིན་ཕྱིན། སྤྱི་ཚོགས་ཀྱི་དྲང་བདེན་མ་ཡིན་པའི་གནད་དོན་རྣམས་འཐེར་འདོན་བྱེད་དགོས་པ་རེད། དེ་རྩོམ་པ་པོ་དང་ཤེས་ཡོན་པའི་ཀུན་སྤྱོད་ཀྱི་འགན་འཁྲི་རེད། འོན་ཀྱང་། ཧོར་གཙང་བས་བཙན་བྱོལ་སྤྱི་ཚོགས་ནང་བྲིས་པའི་རྩོམ་ཡིག་རྣམས་ལ་དྲང་བདེན་གྱི་གཞི་རྩ་ཞིག་འདུག་གམ། ལྷག་པར་དུ་ཁོ་པས་བྲིས་པའི་རྩོད་གཞི་ཅན་གྱི་རྩོམ་ཡིག་དེ་དག་ལ་དྲང་བདེན་དང་གནས་ལུགས་ཤིག་ཡེ་ནས་འདུག་གམས། ངས་ཁོ་པས་བྲིས་པའི་སྙན་ངག་དེབ་ཆུང་རེ་གཉིས་བཀླགས་མྱོང་ལ། དེ་མིན། ཞེ་ས་དང་། གསར་འབྱོར་དང་གཞིས་ཆགས། དེ་བས་ཀྱང་བགད་མོ་བྲོ་བ་ཞིག་ལ་ས་དཀར་འོད་ཟེར་ལ་བྲིས་པའི་འགག་ལན་དེ་དག་རེད། དེ་ཡང་ཁོ་པས་རྩོམ་ཡིག་དེ་དག་ནི་རང་རེའི་སྤྱི་ཚོགས་དུམ་བུར་གཏོང་བའི་གད་སྙིག་རེད་མ་གཏོགས་གནས་ལུགས་ཡོད་པའི་རྩོམ་ཡིག་ཞིག་མ་རེད། ལྷག་པར་དུ། གསར་འབྱོར་དང་སྙིང་འབྱོར་སྐོར་གྱི་རྩོམ་ཡིག་དེ་ནི་ཕྲུག་གུ་ཆུང་ཆུང་ཞིག་གི་སྐད་ཆ་དང་འདྲ་བར། གསར་འབྱོར་གྱིས་སྐྱག་པ་རྡོ་ཡིས་ཕྱིས་ལུགས་དང་། གཞིས་ཆགས་པས་རྐུབ་ཆུ་ཡིས་བཀྲུ་ལུགས་སོགས་མདོར་ན། རང་རེའི་སྤྱི་ཚོགས་ཆུང་ཆུང་དེའི་ནང་དམིགས་སུ་འགལ་ཟླ་སློང་བའི་རྩོམ་ཡིག་སྤེལ་བ་རེད། དེ་བཞིན་དུ་ཁོ་པས་ལྷ་ས་འདྲེ་ཡུལ་རེད་ཟེར་བ་ཞིག་ཀྱང་བྲིས་ལུགས་གོ་མྱོང་། འོན་ཀྱང་ངས་མཐོང་མ་སོང་། དེ་བས་ཀྱང་ཧ་ལས་དགོས་པ་ཞིག་ལ། ཁོ་པས་ས་དཀར་འོད་ཟེར་ལ་བྲིས་པའི་འགག་ལན་དེའི་ནང་། ས་དཀར་འོད་ཟེར་ནོར་གླིང་དུ་ཧོར་གཙང་རང་ཉིད་ཀྱི་འགོ་ཁྲོད་འོག་ལས་ཀ་བྱེད་སྐབས་གཞུང་གིས་གློག་ཀླད་སྤྱད་ནས་རང་སྒེར་གྱི་རྩོམ་ཡིག་འབྲི་བཞིན་ཡོད་ལུགས་མཐོང་ཀྱང་། སྣང་མེད་དུ་བཞག་ལུགས་སོགས་མདོར་ན། འགན་འཛིན་ཞིག་གི་མིང་ཁྱེར། འགན་འཛིན་ཞིག་གི་གླ་ཕོག་བཟས་ནས་འོས་འགན་མ་ཁྱེར་བའི་མདོང་རིས་ངོ་མ་དེ་བསྟན་པ་རེད། དེའི་དབང་གིས་ཁོ་པའི་མི་གཞི་ངོ་མ་དེ་བསྟན་ཟིན་པ་རེད། དེ་དྲང་བདེན་རེད་དམ། དེ་ནས་མདོ་སྨད་ལོ་རྒྱུས་ཆེན་མོ་ཟེར་བ་དེ་ཡང་། ཕྱོགས་ལྷུང་གིས་སྦགས་པའི་རྩོམ་སྙིག་ཞིག་ཡིན། གང་ལྟར་མདོར་ནས་བཤད་ན། ད་བར་ཧོར་འཇིགས་ཀྱིས་བྲིས་པའི་རྩོམ་ཡིག་ཕལ་མོ་ཆེ་ནི།་རང་རེའི་སྤྱི་ཚོགས་ཆུང་ཆུང་འདི་དཀྲུག་རྐྱེན་བཟོ་ཆེད་མ་གཏོགས་གནས་ལུགས་དང་དྲང་བདེན་ཡོད་པ་ཞིག་གཏན་ནས་མཐོང་མ་སོང་། ད་ལྟ་གཞི་ནས། ལོ་ན་རྒས་པ་དང་གཞན་གྱིས་ཆ་མཐོང་མེད་པ་ཤེས་སྐབས། འགྱོད་པ་སྐྱེ་འགོ་ཚུགས་པ་དེ་ཤོད་ཀྱིན་འདུག ཕྱོགས་གཞན་ཞིག་ནས། ཁོ་པས་ད་བར་དོལ་རྒྱལ་སྐོར་ལ་རྩོམ་ཡིག་གཅིག་ཀྱང་བྲིས་པ་མཐོང་མྱོང་མེད། དེའི་རྒྱུ་མཚན་ཅི་རེད། ཁོ་པར་འོས་འགན་མེད་པ་རེད་དམ་དང་ཡང་ན་འབྲེལ་མེད་དོན་གཞན་རེད། དེ་མིན་ཁོ་པས་དོ་རྒྱལ་སྐོར་ལ་རྩོམ་ཡིག་འབྲི་རིན་མེད་པ་མཐོང་པ་རེད། མདོར་ནས་བཤད་ན། ཧོར་འཇིགས་ཀྱིས་ད་བར་ང་ཚོ་མིན་ཉུང་བ་ཞིག་ལ་བཞག་པའི་བག་ཆགས་ངན་པ་དེས། ད་ཆ་ཁོ་པའི་མིང་ཡང་ཐོས་འདོད་མེད་པ་ཆགས་སོང་། ད་ཆ་ཁོ་པ་རང་དབང་རླུང་འཕྲིན་ཁང་དུ་ཞོར་ལས་ཤིག་རག་པ་རེད། ཉིན་ཞིག་སླར་ཡང་ཁོ་པས་རླུང་འཕྲིན་ཁང་དེར་ཡང་ན་ཆོས་ལུགས་དང་དེ་མིན་ཆོལ་ཁའི་རྩོད་སྙོག་ཞིག་སློང་གི་རེད། ཚང་མས་ལྟོས་ཨ།
གཅིག་ལྷག་འདུག སྤྱི་ཚོགས་ལ་མགོ་བསྐོར་གཏོང་མི་རུང་། དཔེར་ན་གཞུང་ཞབས་ཚོ་ནུས་མེད་དུ་གླེང་ནས་རང་ཉིད་ལ་གོ་སྐབས་ཏོག་ཙམ་ཕུལ་ན་མི་བསྒྲུབ་པར་གཡུག་ནས་འགྲོ་བའི་ཀུན་སྤྱོད་ལྟ་བུ། ངས་མི་ཚེའི་ནང་བལྟས་བལྟས་རིག་རིག་གི་སར་རྡ་སའི་ཐེམ་འབུར་སྟེང་༧སྐུ་མདུན་ལ་འདུག་རོགས་སུ་ཁྱེད་མ་བསྡད་པ་ལྟ་བུ། མི་ནག་པོ་བཟོ་འདོད་སྤུ་ཙམ་ཡང་མེད། མི་སུ་ཡིན་ཡང་རང་གིས་ཀྱང་བསྒྲུབ་མི་ནུས་པ་དེ་གཞན་གྱི་བྱེད་བཞིན་པར་ཚད་ལས་བརྒལ་བའི་སྐྱོན་བརྗོད་བྱ་མི་རུང་། ཕྲག་དོག་ཉུང་ངུའི་ཉམས་འགྱུར་གང་མང་སྟོན་པ་ནི་སྐྱེས་བུ་ནུས་མེད་ཀྱི་རྟགས་མིན་པར་མ་མཐར་ཡང་མི་ཡ་རབ་ཀྱི་བྱེད་སྟངས་ཡིན་པར་ཁས་ལེན་དགོས། ངའི་མི་ཚེའི་ནང་འགྱོད་པ་སྐྱེ་ས་མང་། ཁྱེད་འགྱོད་པ་སྐྱེ་ས་མེད་ཅེས་ལབ་ཀྱང་ངས་ཁྱེད་ལ་ཡིད་ཆེས་མི་བྱེད། ཨ་ཁུ་ཧོར་གཙང་འཇིགས་མེད་བདེ་མོ་བྱོས།
རྣམ་དཔྱོད་བཀྲ་བའི་སྨྲ་བའི་དབང་པོ་ཧོར་གཙང་མཆོག་ལ་འཚམ་འདྲི་ཞུ།
ཁྱེད་ཀྱི་”མྱོང་ཚོར་”རྩོམ་ཡིག་འདིའི་མཇུག་སྡོམ་འདིས་ན་གཞོན་ཚོར་ལམ་སྟོན་ལེགས་པར་གནས་འདུག་པས་ཐུགས་རྗེ་ཆེ།
ང་ཚོ་ཚང་མ་གྲྭ་སར་སྡོད་ནའང་འདྲ། སློབ་གྲྭར་སྐྱོད་ནའང་འདྲ།། ཐོས་པ་སྐྱོང་ནའང་འདྲ། དགོས་པ་གཙོ་བོ་ནི་རང་གི་ཤེས་བྱ་དང་། གཤིས་ཀ། རྣམ་དཔྱོད། ཀུན་སྤྱོད་དང་མིའི་སྤུས་ཚད་ལེགས་སུ་གཏོང་རྒྱུ་དེ་རེད། འདི་ན་གཞོན་ཚོས་ངེས་པར་དུ་ཤེས་དགོས། ཤེས་བྱ་འདི་རང་གི་རྒྱུད་དང་རྣམ་དཔྱོད་ལེགས་སུ་གཏོང་རྒྱུའི་དགོས་པ་གཙོ་བོ་ཡིན་པ་དེ་མ་ཤེས་པས་ལན་སྙམས། ཤེས་ཡོན་ཅན་གྱི་སྤུས་ཚད་དེ་ཁོང་པའི་རྣམ་དཔྱོད་དང་ཀུན་སྤྱོད་གཉིས་ཀར་གཏུགས་དགོས། ལ་ལ་ཐོས་རྒྱ་ཆེ་རུང་། ཀུན་སྤྱོད་དང་འགན་ཁྲི་མེད་དུས་ཐོས་པ་དེ་ལམ་ལོག་ལ་འགྲོ་བ་ལྟ་བུ་རེད།
ངེད་རྣམས་འདི་ལ་བསམ་བློ་ཡག་པོ་གཏོང་དགོས་པར་སྣང་། དཔེར་ན། དངོས་ཁམས་རིག་པ་ཨེན་སི་ཊན་རང་ཉིད་ཚན་རིག་གི་གོ་རྟོག་མཐོན་པོར་ཕེབས་རུང་། ཁོང་གིས་ཆོས་ལུགས་པ་དང་རྨོངས་དད་ཅན་ལ་ཁྱད་སོད་ཀུན་ནས་མི་མཛད་པས། ཁོང་ལ་གུས་ཞབས་བྱེད་མཁན་ནང་ལ་དངོས་ཁམས་རིག་པའི་གཞུང་ལུགས་ཁས་ལེན་མི་བྱེད་པའི་ཆོས་ལུགས་པ་མང་པོ་ཡོད། དེ་བཞིན་དབྱིན་ཇིའི་ཤེག་སི་ཕེར་བརྩེ་གདུང་དང་བརྩེ་བའི་རང་དབང་ལ་མངོན་པར་ཕྱོགས་པའི་སྒྱུ་རྩལ་བ་ཞིག་ཡིན་རུང་། ཁོང་གིས་རང་གི་དུས་མཉམ་ཆོས་ལུགས་རིག་པ་སྨྲ་བ་དང་། དགོན་པའི་མཁན་པོ། དེ་བཞིན་ཆོས་ལུགས་དབུ་འཛིན་ལ་ཡེ་ནས་ཁ་བརྡུང་གཏོང་བར་མི་མཛད། དེས་ན་ཁོང་རྣམ་པ་སྐྱ་སེར་གཉིས་ཀྱིས་བཀུར་བར་བྱེད།
རྒན་ཀླུ་སྨྱོན་གྱིས་ཁྱེད་ལ་སྙིང་གཏད། རེ་བ་བཅོལ། གྲོགས་པོའི་འདུ་ཤེས་ལས་ལྷག་པ་ཤེས་ཡོན་ཅན་གྱི་གྲོགས་པོའི་འདུ་ཤེས་འཛིན་ནས་ཁྱེད་ལ་སྔོན་གླེང་ཕྲིས་ཟེར་དུས། ཁྱེད་ཀྱིས་རྒན་ཁོང་གི་རེ་བ་དང་། ཡིད་ཆེས། འདུན་པ་ཚང་མ་ཆུ་ལ་བསྐྱུར་ནས། ཁོང་སྒེར་ལ་ཁ་མཆུ་བཙུགས་པ་དེ་ཁྱེད་ཀྱིས་གསུངས་པའི་རང་གི་ཡོན་ཏན་གཙོ་བོ་མིན་པར་འབྲེལ་བ་གཙོ་ཟེར་བ་གཅིག་པུའི་དོན་མ་རེད། དེ་མི་ཞིག་གི་རྩ་བའི་སྤུས་ཚད་དང་འབྲེལ་བ་ཡོད། འདི་ལ་ང་ཚོ་ཚང་མས་བསམ་བློ་གཏོང་དགོས་འདུག ན་གཞོན་མང་པོ་ཞིག་གིས་ཤེས་ཡོན་གྱི་དམིགས་ཡུལ་དང་དགོས་པ་ད་དུང་གསལ་པོ་མ་ཤེས་པར། ཡོད་ཚད་རང་གི་ལྟ་བ་མཆོག་འཛིན་དང་གཞན་ལ་ཁྱད་སོད་ཀྱི་ལག་ཆར་བཀོལ་བ་འདི་ཤིན་དུ་ནས་ཉེན་ཁ་ཆེན་པོ་རེད། དེ་ལ་ཤེས་ཡོན་ཡོད་པ་ལས་མེད་ན་དགའ་ཚོད།
ང་ཚོ་བོད་པའི་ཤེས་ཡོན་ཅན་ཚང་མ་འདི་ལྟ་བུའི་ལོག་ལམ་ལ་བསྐྱོད་ན། ང་ཚོའི་དཔུང་ཁག་འདི་ཇི་འདྲར་འགྱུར་ཏམ། ང་ཚོའི་ཤེས་ཡོན་གྱི་ནུས་པ་དེ་སྤྱི་ཚོགས་འཐོར་བརླག་དང་། དཀྲུག་ཤིང་། འཁྲུག་རྩོད་དང་། ནང་རྨེའི་རྫས་ཁོ་ནར་བཀོལ་ན། ནུས་པ་དེ་རང་མེད་མི་མེད་བཟོ་བའི་དུག་ཞིག་ལ་མི་སོང་ངམ། འདི་ང་ཚོ་ཚང་མས་འདང་རྒྱག་དགོས་པར་སྣང་།
རྒན་ཁྱེད་འདང་རྒྱག་དགོས་ས་འདི་གཞན་གྱི་བཀའ་དྲིན་ལ་བསམ་ཤེས་དང་། གཞན་ལ་གུས་ཞབས་བྱེད་རྒྱུ་འདི་ལྡང་གི་མིན་འདུག དེ་གཉིས་མེད་ན་ཤེས་བྱ་འདི་ཉེན་ཁ་ཆེན་པོ་དང་། མི་ཚང་མ་ཁྱེད་ལ་སྐྲག་ནས་འདུག་དགོས། ཁྱེད་ལ་ལས་ཀ་སྤྲོད་མཁན་མི་དཔེར་ན་རྒན་ཀླུ་སྨྱོན་ལྟ་བུར་སྒེར་གྱི་སྐྱོན་བརྗོད་ཤ་སྟག་བྱས་ན་སུ་ཡིས་རྗེས་མ་ཁྱེད་ལ་ལས་ཀ་སྤྲོད་ནུས་སམ། དངུལ་ཡོད་མེད་ལ་མ་བལྟོས་པར། རྒན་ཀླུ་སྨྱོན་གྱིས་ཁྱེད་ལ་གདེང་འཇོག་ཆེན་པོས་མི་ལ་སེང་གེའི་མིང་བཏགས་ནས་ཁོང་གི་ལྕི་བོར་བཀུར་འདུག དེ་ལ་བཀའ་དྲིན་ལོག་འཇལ་གྱིས་ཁོང་གི་སྐྱོན་ཤ་སྟག་འདྲུད་པ་དེ་འཇིགས་སུ་རུང་བའི་སྤྱོད་ངན་ཞིག་མ་རེད་དམ། ཁྱེད་སྐད་ཡིག་ཚོགས་འདུར་གདན་ཞུ་བྱས་པ་ལས་ལྷག་པ་རྒན་ཀླུ་སྨྱོན་གྱིས་བསྐྱངས་འདུག ཁོང་གི་ལོ་མང་རྔུལ་ཆུས་བསྒྲུབས་པའི་རྩོམ་ཡིག་དེ་དག་ལ་གདེང་འཇོག་དང་ཁོང་ལ་གདེང་འཇོག་བྱེད་པའི་ལས་ཀ་གཙིགས་ཆེན་པོ་དང་། ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་ཞིག་སྤྲད་འདུག ལས་འགན་འདིས་ཁྱེད་ལ་མཁས་པའི་གོ་གནས་སྤྲད་ཡོད་ལ། གཞན་ལ་ཁྱེད་ཀྱི་རྣམ་དཔྱོད་འགྲན་ཟླ་མེད་པའི་སྒྲུབ་བྱེད་གསེར་གྱི་སྤུ་གྲི་ལྟ་བུ་ཞིག་སྤྲད་འདུག ཁྱེད་ཀྱིས་དེ་ལ་མི་གཙང་བ་བསྲེས་ནས་རྒན་ཁོང་ལ་བཀུས་པ་དེ་ངུ་དགོས་སམ་གོད་དགོས་གཉིས་མི་ཤེས་པ་བཟོས་འདུག ད་འདི་རྣམ་དཔྱོད་ཅན་གྱི་ལས་ཀ་རེད་དམ།
རེ་བར། ཁྱེད་ངེས་པར་དུ་ཁོང་ལ་དགོངས་སེལ་ཞུ་བའི་རྩོམ་ཡིག་འབྲི་ཐུབ་ན་ད་གཟོད་བགྲོ་གླེང་ངོ་མ་ཞིག་འགོ་འཛུགས་ཐུབ། ཤེས་དགོས་པར་བོད་ཆོལ་ཁ་གསུམ་ལ་ན་གཞོན་རྩོམ་པ་པོ་མང་པོ་ཞིག་གིས་རྒན་ཀླུ་སྨྱོན་གྱི་གསུང་དེབ་དེ་སྐོམ་པ་ཆུ་འདོད་ལྟ་བུར་རེ་སྒུག་བགྱིས་ནས་བསྡད་འདུག ད་དེ་འཐོན་པར་བར་ཆད་ཆེན་པོ་ཞིག་བྱུང་སོང་བས། ང་ཚོ་ན་གཞོན་རྩོམ་པ་པོ་ཚོའི་བསོད་ནམས་ཟད་པའི་རྟགས་ཡིན་པར་འཁུམས།
ནོར་བཅོས། འཁུམས། དེ་ཁུམས་ལ་སྒྱུར་རོགས།
ཁ་བརྡ་ཚང་།
་དྲན་དཀར་ཟེར་བའི་མི་དེས་ང་ཅོ་རི་ལི་ཐང་རྒྱ་མཚོ་རེད་ཅེས་ཐེངས་མང་པོ་བཤད་ཟིན་པ་རེད། རྫུན་གཏམ་རེད། ཁྱོད་ཚོས་ངའི་མཆན་བུ་བསུབས་བཏང་ཀི་ཡོད་རེད། ང་ལི་ཐང་རྒྱ་མཚོ་ཡིན་མིན་ཁ་བརྡ་ཚང་གིས་ཤེས་གསལ་རེད་བ། གསལ་བཤད་ཤིག་གནོང་རོགས་བྱོས། བྱུང་ན་དྲན་དཀར་ཟེར་བའི་མི་དེ་ངོ་སྤྲོད་རེ་བྱུང་ན་ཡག་པོ་འདུག མིང་ལྷག་ཞིག་གི་འོག་ཏུ་གབ་བཅུག་ནས་མི་གཞན་ལ་ཉེས་ཞྭ་ཀོན་བཅུག་ན་ལུགས་མཐུན་མ་རེད་པ།
ད་དུང་བརྗོད་རྒྱུ་གཞན་ཞིག་ལ། དེ་སྔོན་རྒྱ་གར་དུ་ཡོད་སྐབས། ཧོར་འཇིགས་ཀྱི་མི་ཚེ་དེ་བཙན་བྱོལ་སྤྱི་ཚོགས་དང་། གནས་ཡོད་མི་སྣ་ཚོར་སྐྱོན་བརྗོད་ཁོ་ན་བྱས་ནས་བསྐྱལ་བ་རེད། དེ་ནས་བཙན་བྱོལ་ནང་རང་ཉིད་ཀྱི་ཆེ་མཐོང་བརླགས་སྐབས། སྐབས་འཚོལ་བའི་ལམ་བུ་དེ་བརྒྱུད་ཏེ་ནུབ་པྱོགས་སུ་མཐོན་པ་རེད། དེ་ནི་གཞན་གང་ཡང་མིན་པར་ནུབ་ཕྱོགས་སུ་རང་ཉིད་ལ་ཆེ་མཐོང་གསར་པ་ཞིག་རག་ན་སྙམ་ཡོད། འོན་ཀྱང་། གོང་དུ་རང་ཉིད་ཀྱི་རྩོམ་ཡིག་ནང་གསལ་བ་ལྟར། ནུབ་པྱོགས་སྤྱི་ཚོགས་ནང་ཁོ་པར་ཁ་ཡ་བྱེད་མཁན་མ་རག་པ་རེད། ད་གཞི་ནས། ནུབ་ཕྱོགས་པའི་ཤེས་ཡོན་པའི་སྡེ་ལ་སྐྱོན་བརྗོད་བྱེད་འགོ་འཛུག་ཡོང་གི་འདུག མདོར་ན། ཧོར་འཇིགས་དེ་གང་ངུ་པྱིན་ཀྱང་། གཞན་གྱི་སྐྱོན་ཁོ་ན་མ་གཏོགས་དགེ་རྣམས་མཐོང་གི་མེད་པ་འདྲ། མཐར། རང་ཉིད་ཀྱི་ཆེ་མཐོང་དང་གུས་ཞབས་ཐོབ་དགོས་ན། ཐོག་མར་རང་ཉིད་ཀྱིས་གཞན་ལ་གུས་ཞབས་དང་ཆེ་མཐོང་བྱེད་དགོས་པ་རེད། དེ་མིན། རང་ཉིད་ཀྱིས་རང་ཉིད་ཆེན་པོར་བརྩིས་ཀྱང་། གཞན་གྱིས་སྐྱག་པའི་མཐཽང་ལའང་མ་བཞག་ན། སྨྱོན་པ་ཆགས་པའི་ཉེན་ཁ་ཡོད་པ་རེད། གཟབ་གཟབ་བྱོས།
མིང་ལྷག་ཞིག་གི་འོག་ནས་རྫུན་གཏམ་བཤད་བཅུག་བསྡད་ན་ལུགས་མཐུན་མ་རེད་བ། ཁ་བརྡ་ཚང་གིས་བསམ་བློ་རེ་གཏོང་རོགས་བྱོས། ཁོ་ཚོའི་ག་རེ་ཡིན་ཟེར་ནས་ངོ་གདོང་སྟོན་མི་ཕོད་པ་རེད་དམ། ཁོ་ཚོའི་ངོ་གདོང་སྦས་ནས་གཞན་གྱི་མགོ་ཏུ་ཉེས་ཞྭ་ཀོན་བཅུག་ན་ལུགས་མཐུན་མ་རེད། ཡ་རབས་བཟང་སྤྱོད་དང་མི་མཐུན། མིའི་ཀུན་སྤྱོད་དང་མི་མཐུན།
དོ་དགོང། ཅོ་རི་འདི་ར་བཟི་ཀི་ཡོད་འདྲ། ཅི་བཤད་འདི་བཤད་འདྲ་མེད་ནོ། ག་རེ་བྱས་པ་རེད།
རྨོངས་དད་ཀྱིས་སྤྱི་ཚོགས་ཀྱི་བདེ་འཇག་དང་དཔལ་འབྱོར་སོགས་ལ་གནོད་ཀྱི་མེད་པའི་སྤྱི་ཚོགས་ཤིག་གི་ནང་དུ་རྨོངས་དད་དགག་དགོས་དོན་མེད། བག་ཆགས་རྙིང་པའི་སྤྱི་ཚོགས་ལ་གནོད་སྐྱོན་བཏང་གི་མེད་ན་བག་ཆགས་དོང་སྤྲུགས་བྱེད་དགོས་དོན་མེད། རྙིང་པ་ཐམས་ཅད་ལྷ་ཡི་སྲོལ་དང་གསར་པ་ཐམས་ཅད་བདུད་ཀྱི་ཆོ་འཕྲུལ་སེམས་ནས་སྤྱི་ཚོགས་ཡར་རྒྱས་ཀྱི་མདུན་ལམ་བཀག་ཀྱི་མེད་ན་གསར་བརྗེའི་དགག་ཚིག་འཕེན་དགོས་དོན་མེད།
ནུབ་ཕྱོགས་པའི་མཁས་དབང་རེ་གཉིས་ཀྱིས་རྨོངས་དད་ལ་མ་དགག་པ་ཙམ་གྱིས་རྨོངས་དད་མུན་ནག་ནང་གི་བོད་པའི་སྤྱི་ཚོགས་ནང་དུ་རྨོངས་དད་དགག་མི་དགོས་པའི་ཁྱབ་པ་མེད། སྐབས་རེ་ལ་རྨོངས་དད་ཟེར་བ་འདིའི་དྲིན་གྱིས་སྤྱི་ཚོགས་ལེགས་ལམ་དུ་ཁྲིད་ཐུབ་པའི་དུས་ཚོད་ཀྱང་བྱུང་མྱངས་ཡོད། སྐབས་རེ་ལ་རྨོངས་དད་འདི་གདོན་འདྲེ་གསོན་པོ་ལྟ་བུ་ཆགས་ནས་སྤྱི་ཚོགས་ཁྲག་དཀྲུགས་དཀྲུགས་བྱས་མྱངས་པའི་ལོ་རྒྱུས་ཀྱང་ཡོད།
དེང་སང་གི་བོད་པའི་སྤྱི་ཚོགས་ལ་མཚོན་ན་རྨོངས་དད་འདིར་དགག་དགོས། རྨོངས་དད་འདིས་བོད་ཀྱི་ཡར་རྒྱས་དང་རང་དབང་། དམངས་གཙོ་སོགས་ལ་ལོངས་སྤྱོད་པར་འགོག་རྐྱེན་བཟོ་བཞིན་ཡོད། དེའི་ཕྱིར་དུ་དགག་དགོས་པ་རེད།༔
རྨོངས་དད་དགག་དུས་ལྷ་དབང་ལམ་ལུགས་ཀྱི་གོ་གནས་དང་དཔལ་འབྱོར་ཡོང་ཁུངས་ལ་འགོག་རྐྱེན་འཕྲད་འོང་དུས་རང་ཉིད་ལྷ་གྲལ་བསྡད་ཡོད་པའི་བླ་སྤྲུལ་དེ་དག་གིས་ངོས་ལེན་བྱེད་མི་སྲིད། སྒེར་དོན་དང་ཐུག་བསྡད་ཡོད་པས་རེད།
བསྐྱར་ཞུའི་རེ་སྐུལ།
དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།
གཉིས་པ། ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས། མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་གནང་རོགས།
གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་གནང་རོགས།
བཞི་བ། སྐྱེ་བོ་གཞན་གྱི་མིང་དང་གློག་འཕྲིན་ཁ་བྱང་སྤྱད་ནས་མཆན་བྲིས་ཚེ་འགོད་རྒྱུ་མིན། མཆན་འབྲི་སྐབས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་གི་ཡིག་གཟུགས་བཀོལ་རོགས། ཁྱེད་ཀྱིས་མིང་དང་གློག་འཕྲིན་ཁ་བྱང་རང་འཇགས་སུ་སྤྱད་ཚེ། ཁྱེད་ཀྱི་མཆན་བུ་ཐོག་མ་ལ་དག་མཆན་ཐོབ་རྗེས། མཆན་བུ་རྗེས་མ་རྣམས་དག་མཆན་ལ་སྒུག་མི་དགོས་པར་རང་བཞིན་གྱིས་དྲ་དེབ་ཏུ་འཁོད་འགྲོ་བ་བཅས་དགོངས་འཇགས་ཞུ།
ཐུགས་རྗེ་ཆེ།
ད་ཧོར་གཙང་འཇིགས་མེད་ལགས་ཀྱིས་རང་ཉིད་དཀར་པོ་ཡིན་པའི་གསལ་བཤད་ཞིག་རེད་འདུག རང་ངོས་ནས་ཁོང་གིས་བྲིས་པའི་རྩོམ་ཡིག་མང་ཆེ་བ་ཀློག་མྱོང་མཁན་ཞིག་ཡིན། དེར་བརྟེན་ཁོང་གི་རྩོམ་ཡིག་དེ་དག་ལས་སྐྱོན་བརྗོད་དང་ཟུར་ཟ། དེ་བཞིན་ཕྱོགས་རིས་སོགས་ཀྱིས་ཁེངས་པའི་རྩོམ་ཞིག་ལས་དངོས་གནས་བོད་ཀྱི་རིག་གནས་དང་། བོད་མི་རིགས་ལ་ཕན་པའི་རྩོམ་ཡིག་ཞིག་རང་ངོས་ནས་ངོས་ཟིན་མ་ཐལ། འཇམ་ནོར་ལ་དགག་ལན་དང་། པ་བ་གཉིས་ཀྱི་རྩོད་གཞི། དེ་བཞིན་མདོ་སྨད་ལོ་རྒྱུས། དགེ་ཆོས་སྐོར་སོགས་རྩོམ་ཡིག་སྣ་མང་ཞིག་ཡོད། ཅི་སྟེ་སྐྱོན་བརྗོད་དང་ཟུར་ཟ་སོགས་རྩོམ་ཡིག་དེ་དག་དྲང་བདེན་དང་གནས་ལུགས་ཡོད་པའི་རྩོམ་ཞིག་ཡིན་ན་ནི་རྩོམ་པ་པོ་ཞིག་གིས་འགན་འཁྲི་གཙོ་བོ་ཡིན་ནའང་དེ་ལྟར་མིན། དེར་བརྟེན་སྤྱི་ཚོགས་ནང་རང་ཉིད་ཕོ་རོག་དཀར་པོ་ཞིག་ཏུ་གྱུར་པའི་རྒྱུ་རྐྱན་གཙོ་བོ་ཞིག་ཡིན། གལ་ཏེ་ཁྱེད་རྣམས་པ་བོད་ཡིག་དང་བོད་ཀྱི་རིགས་གནས་ལ་དུང་བ་ཡོད་མཁན་ཞིག་ཡིན་ན། བོད་ཀྱི་རིག་གཞུང་ལ་སེམས་ཁུར་ཡོད་མཁན་ཞིག་ཡིན་ན། བོད་མི་རིགས་ལ་འགན་ཁུར་མཁན་ཞིག་ཡིན་ན། བོད་རིགས་ནང་ཁུལ་གྱི་འགལ་བ་རྣམས་ཇེ་ཆུང་དུ་གཏང་ནས་གཅིག་སྒྲིལ་གྱི་སྣེད་ཁྲིད་མཁན་གྱི་རྩོམ་པ་པོ་ཞིག་ཡིན་ན། ཅི་ཕྱིར་ཆོལ་ཁའི་ཕྱོགས་རིས་དང་སྒེར་མཁོན་སྤྱིར་གཡུག འགལ་བ་ཇེ་ཆེར་བཏང་བ་ཡིན། ལྷག་པར་དུ་རང་ཉིད་བོད་ཡིག་ཐོག་ཆེད་ལས་པ་ཞིག་ཡིན་ན་བོད་ཀྱི་སྤྱི་ཚོགས་ནང་དུ་བཞུགས་ནས་བོད་མི་རིགས་ལ་ཕན་པའི་ལས་དོན་མང་པོ་ཞིག་བསྒྲུབས་ཐུབ། དེར་ལྟར་མིན་པ་ཆབ་བྲག་ལྷ་མོ་སྐྱབས་དང་ཁྱེད་རྣམས་གོ་སྐབས་རག་དུ་ནུབ་ཕྱོགས་སུ་བསྐྱོད་ཡོད། ད་ཆ་སླར་ཡང་ཁོང་རྣམས་པ་དྲང་བདེན་པ་ཞིག་དང་། མི་བཟང་པོ་ཞིག་ཡིན་པའི་འུར་བསྒྲོགས་བྱེད་པ་འདི་ནི་དངོས་གནས་གད་མོ་སློང་བྱེད་ཞིག་རེད།
ཧོར་གཙང་འཇིག་མེད་ལགས་ཀྱི་གསུངས་སྐད་ཤོར་སྟངས་ལ་གཞིགས་ན་གསར་འབྱོར་དང་གཞིས་ཆགས་བར་གྱི་སྐོར་དང་ས་དཀར་འོད་ཟེར་ལ་དགག་ལན། མདོ་སྨད་ལོ་རྒྱུས་ཆེ་མོའི་དེབ་དྲུག་གི་ནང་དུ་ལོ་རྒྱུས་མ་དག་པ་དང་ལོག་བཤད་སོགས་ཀྱི་སྐོར། ཤམ་བྷ་ལའི་སྐོར་གྱིས་ཆོས་ལུགས་པའི་སྡེར་ཕོག་ཐུག་བཏང་སྟངས། ཞེས་ས་དང་དབྱིངས་ཡིག་གི་འབྱུང་ཁུངས་བཙལ་བ་དང་པ་དང་བའི་ཐོབ་ཐང་བཤད་པས། ལྷ་སའི་ཁུལ་གྱི་ཤེས་ཡོན་པ་མངས་པོར་ཕོག་ཐུག་སོང་སྟངས། དགེ་འདུན་ཆོས་འཕེལ་གྱི་མི་ཚེར་དཔྱད་བརྗོད་བྲིས་པས། ཞྭ་སྒབ་པ་དབང་ཕྱུག་བདེ་དོན་གྱི་ནང་མི་ལྟོས་བཅས་ལ་ཕོག་ཐུག་ཤོར་ཚུལ་སོགས་གཞན་གྱིས་དགག་ཕྱོགས་ཀྱི་གནད་རྣམས་དྲ་ཐོག་འདིར་བཀོད་ནས་དཔྱོད་གླེང་གནང་དང་ཧོར་གཙང་ལགས་ཀྱི་མིའི་རང་གཤིས་དང་ཤེས་ཡོན་དྲང་ཚུབ་སོགས་ལ་བདེན་རྫུན་གྱིས་རྣམ་དབྱེ་འབྱེད་རྒྱུར་ཕན་ངེས།
རེད་ཧོར་གཙང་གིས་བཤད་པ་ལྟར་རེད་ལོ་རྒྱུས་འབྲི་ན་ཕྱོགས་ཡོངས་ནས་བལྟ་ཞིབ་བྱེད་དགོས་པ་ལས་ཟུར་གཅིག་ནས་གཡག་ཞར་གྱིས་རྩ་ཟ་ཚུལ་བྱས་ན་དེས་རང་གི་མི་ཚེར་ནག་ཐིག་ཆེན་པོ་ཞིག་ཕོག་པར་མ་ཟད་རོ་ས་འོག་ལ་སོང་ཀྱང་གཏམ་ས་སྟེང་ལུས་ཟེར་བ་ལྟར་མི་འབྱུང་བའི་ངེས་པ་མེད། ཧོར་ཙང་རང་གིས་བྲིས་པའི་མདོ་སྨད་ལོ་རྒྱུས་དེ་ཡང་ཕྱོགས་གཅིག་གི་བལྟ་ཚུལ་ཤུགས་ཆེན་པོ་འདུག་བསམ་བྱུང་ལྷག་པར་དུ་ཆོས་ལུགས་ཀྱི་ཕྱོགས་ལྷུང་གི་ལྟ་བ་ཆེན་པོ་འདུག་བསམ་བྱུང་གང་ཡིན་ཟེར་ན་མདོ་སྨད་ནི་ས་རྒྱ་ཆེ་ལ་མི་འབོར་ཀྱང་གང་འཚམས་ཡོད་མཁན་ཡིན་པར་མ་ཟད་ཆོས་ལུགས་ཆོས་རྒྱུད་ཀྱང་ཇི་སྙེད་ཅིག་ཡོད་མོད་ཁོང་གི་ལོ་རྒྱུས་ཀྱི་དེབ་དེར་དེ་ཙམ་གྱིས་ཕུན་སུམ་ཚོགས་པ་ཞིག་བྱུང་མི་འདུག་བསམ་པ་དེ་ཡིན་་་དེ་མིན་བཙན་བྱོལ་ནས་བྲིས་པའི་སྙན་རྩོམ་ཁག་ནས་ཧོར་ཙང་གིས་བྲིས་པའི་སྙན་རྩོམ་དེ་དག་སྙན་ངག་ལེགས་ཤོས་ཞིག་ཏུ་མཐོང་གི་ཡོད།
ཧོར་གཙང་གིས་ཏ་ལའི་བླ་མའི་རྒྱབ་རྩ་བྱས་ནས་འཇམ་ནོར་ལ་དགག་རྩོམ་བྲིས་པར་འདྲ། བཀླགས་མྱངས་མེད། འཇམ་ནོར་གྱིས་དམངས་གཙོ་བཤད་ནས་གོང་ས་ཏ་ལའི་བླ་མ་ལ་དགག་པ་བརྒྱབ་རབས་གོ་མྱངས་ཡོད། དེ་ཡང་ཏ་ལའི་བླ་མ་ཤིང་སྡོང་ཆེན་པོ་ཞིག་ལ་དཔེར་བཞག བོད་མི་དམངས་ཤིང་སྡོང་འོག་གི་རྩྭ་དང་མེ་ཏོག་ལ་དཔེར་བཞག དམངས་གཙོའི་རང་དབང་ཉི་མ་ལ་དཔེར་བཞག
ཤིང་སྡོང་ཆེན་པོའི་འོག་ཏུ་ཡོད་པའི་རྩྭ་དང་མེ་ཏོག་སོགས་ཀྱི་འགོ་ཐོག་ཏུ་ཉི་འོད་ཤར་མི་ཐུབ་པ་ལྟར་ཏ་ལའི་བླ་མའི་འོག་ཏུ་བོད་མི་དམངས་ཀྱི་རང་དབང་དམངས་གཙོ་ལ་ལོངས་སྤྱོད་ཐུབ་ཀྱི་མེད་པའི་གནས་ལུགས་བཤད་རབས་དང་དཔེར་དོན་སྦྱར་རབས་འདུག་མོད། སྐད་ཆ་འདི་ལ་ང་ཅོ་རི་དགའ་པོ་ཡོད། འཇམ་ནོར་གྱི་ལྟ་གྲུབ་ལ་རྒྱབ་སྐྱོར་བྱས་མྱངས་ཡོད་ལ་གུས་བཀུར་ཡོད།
འཇམ་ནོར་ཟེར་བའི་མི་དེ་དམངས་གཙོ་ལ་དགའ་བ་དང་བོད་རང་བཙན་ལ་དུང་བའི་མྱི་ཞིག་ཡིན་པར་ངོས་འཛིན་ནས་དགའ་པོ་བྱས་མྱངས་ཡོད། བསམ་ཡུལ་འདས་པ་ཞིག་ལ་འཇམ་ནོར་གྱིས་དམངས་གཙོ་བཤད་པ་དེ་རྫུན་མ་རེད་འདུག ཁ་ནས་བཤད་པ་ཙམ་ལས་འགག་རྩ་ཐུག་དུས་སྒེར་གཅོད་པའི་རྒྱབ་རྩ་བྱས་ནས་དམངས་གཙོ་རྡོག་རོལ་བཏང་མཁན་གྲལ་རེད་འདུག
དོལ་རྒྱལ་ཚོགས་པས་དམངས་གཙོའི་ལྟ་གྲུབ་གཞིར་བཟུང་ནས་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གྱི་ཆེད་དུ་ངོ་རྒོལ་བྱེད་སྐབས་འཇམ་ནོར་གྱིས་དགག་རྩོམ་བྲིས་ཡོད། ཤིང་སྡོང་ཆེན་པོའི་འོག་གི་རྩྭ་དང་མེ་ཏོག་རྣམས་ཀྱིས་རང་དབང་གི་ཉི་མའི་འོད་ཀྱི་ཆེད་དུ་འཐབ་རྩོད་བྱས་ནས་ཤིང་སྡོང་ལ་དགག་པ་དང་ངོ་རྒོལ་བྱེད་སྐབས་འཇམ་ནོར་གྱིས་ཤིང་སྡོང་ཆེན་པོ་དེ་ལ་སྟ་གྲི་མ་གཡུགས་པར་ཤིང་སྡོང་ལ་སྲུང་སྐྱོབ་ཀྱིས་ཤིང་སྡོང་གི་ཆེད་དུ་རྩ་བ་ལ་ཆུ་བླུགས་ཡོད། ཁ་བཤད་དང་ལག་ལེན་དངོས་འགལ་བྱས་ཡོད།
དུས་དེ་ནས་བཟུང་ངའི་སེམས་ལ་འཇམ་ནོར་གྱི་རིན་ཐང་བརླགས་སོང་། འཇམ་ནོར་གྱིས་དམངས་གཙོ་བཤད་པ་ཙམ་ལས་འགག་རྩ་ཐུག་ཏུ་དམངས་གཙོ་ལ་རྒྱབ་སྐྱོར་བྱེད་ཀྱི་ལས་ལྡོག་ཏེ་དགག་པ་ལག་ལེན་སྟར་མཁན་ཞིག་ཡིན་པར་ཤེས་རྟོགས་བྱུང་། འཇམ་ནོར་གྱི་བོད་རང་བཙན་བཤད་བསྡད་པ་དེ་ཡང་འགག་རྩ་ཐུག་དུས་ལག་ལེན་མེད་པའི་སྟོང་གཏམ་ཞིག་ཡིན་པར་རིགས་འགྲེལ་བྱེད་ཆོག་པ་ཞིག་ལ་འགྱུར་ཡོད།།
ཧོར་གཙང་གིས་འཇམ་ནོར་ཅིའི་ཕྱིར་དུ་དགག་མིན་མི་ཤེས། སྐུ་དྲག་མགོ་བདེ་བ་ཞིག་རེད་བསམས་ནས་དགག་ཡོད་ན་དོན་མཐུན་ཆགས་ཡོད་པ་ལས་ནོར་མེད་པར་འདོད། འཇམ་ནོར་ལ་ཡིད་ཆེས་རྩ་ནས་མེད་པར་ཆགས་སོང་། མགོ་བདེ་དྲན་འཕྲུལ་གཅིག་པོ་མ་གཏོགས་འགག་རྩ་ཐུག་དུས་ལག་ལེན་གཞན་ཞིག་སྟར་མཁན་གྲལ་རེད་འདུག་པས་བོད་མི་རིགས་ཀྱིས་དོགས་ཟོན་བྱོས།
མཁྱེན་ལྡན་ཧོར་གཙང་བ་འཇིགས་མེད་ལགས་ནི་བོད་ཡིག་ལ་བསྟེན་ནས་རང་གི་བསམ་ཚུལ་བརྗོད་པར་མཁས་པའི་སྒྱུ་རྩལ་བ་གྲགས་ཅན་ཞིག་ཡིན། ངའི་མི་ཚེའི་ནང་ཆེས་བརྗེད་པར་དཀའ་བ་གཅིག་ནི་ཁོང་གིས་༧གོང་ས་མཆོག་ལ་ངན་བརྗོད་ཀྱི་ཚིག་ཟུར་ཙམ་ཡང་སྤྱད་པ་མཐོང་མ་མྱོང་བས་བདག་གིས་ཁྱེད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདི་ནི་རུས་པ་བཟང་རྟགས་གཅིག་ཡིན།
བོད་གཞུང་ལ་ངན་བཤད་མང་བོ་བགྱིས་ཀྱང་༧གོང་ས་མཆོག་གིས་སྐྱོན་འཛུག་ན་འདི་དང་འདིས་འགྲིག་མ་བྱུང་ཞེས་གསལ་བོ་བཟོ་དགོས་པ་མ་གཏོགས་པ། ངས་གཙོ་འགན་ཁུར་བའི་གཞུང་གིས་ནུས་ཚོད་ཀྱི་བོད་མི་རིགས་ལ་ཞབས་ཞུ་ཞུས་ཡོད་པ་དང་། མེད་པ་ལས་ཡོད་ན་དགའ་ཞེས་ཡང་ཡང་གསུངས་པར་བསྟེན་དེའི་རྗེས་སུ་བོད་གཞུང་ལ་ཁ་གཏོང་བའི་ཡིག་འཁྱལ་མཐོང་བགྱི་མ་བྱུང་བས་ཁྱེད་ལ་བཀའ་དྲིན་ཆེ་ཞུ། རང་གི་ས་ཆའི་དཔོན་པོ་དང་མི་དྲག་ལ་བརྩེ་བའི་སེམས་པ་དེ་གང་ནུས་ནུས་ཀྱི་བོད་སྤྱི་བའི་སྡེ་དཔོན་དག་ལ་རིགས་འདྲ་གཏོང་ནུས་པ་ནི་རིགས་པ་སྨྲ་བ་རྟགས་སུ་ང་དང་ཁྱེད། རང་ཅག་ཚང་མས་ཕྱིན་ཆད་འབད་བརྩོན་བ་བགྱིད་ཡིན་དེ་རེད་ཨ། མདོ་སྨད་ལོ་རྒྱུས་ཆེན་མོའི་ནང་དོན་བདག་གིས་ངེས་མིན་གང་ལྟར་ཡང་། གཏོར་གཟུགས་མཆོད་རྟེན་དང་གཏོར་གཟུགས་མཆོད་རྟེན་གྱི་ཏོག་གི་དཔེས་དབུས་མཐའི་འབྲེལ་བ་མཚོན་པར་བྱས་པ་རྣམས་དངོས་གནས་བརྗེད་པར་དཀའ། ཁྱེད་དང་བུ་རབས་ཚ་རྒྱུད་རྣམས་ཟ་ཁང་གང་དུ་སོང་ཡང་འཐེན་ཐུག་གི་རིན་པ་མི་ལེན་ཞུ་རྒྱུ་ཡིན། ད་དུང་ཡང་མུ་མཐུད་དུ་བོད་ཐུག་དང་མོག་མོག་ལ་ཡང་རིན་པ་མི་དགོས་པར་ཟ་ཆོག་ཆོག་འཐུང་ཆོག་གཅིག་སྐུ་ཉིད་ཀྱི་གནང་རོགས་གནང་ཞུ་བགྱི་ཡིན། ཡ་བདེ་མོ་བྱོས།
གཡུ་རྒྱལ་དང་གཡག་གིས། བོད་སྐྱིད་ཚོགས་ལ་གླེང་སློང་མ་བཟོས་བའི་རྩམ་ཆོས་ཅི་ཙམ་ཡོད་པར་ལྟ་འདོད་ཡོད། ཤེས་འདོད་ཡོད། དེ་མིན། རྩོམ་པོ་ཧོར་གཙང་བ་ལྟ་བུ་ལ་དཀའ་ངལ་ཕྲད་དུས། ཡིན་དགོས་བྱུང་ཟེར་ནས། ཧ་ལམ་མ་སོང་ན། འདོད་ཐོག་ཆར་བ་འདྲ་བྱས་ན། ཁྱེད་གཉིས་ལ་ཡང་། བོད་ཀྱི་སྤྱི་ཚོགས་ཀྱིས་བཅོས་དགོས་བའི་ན་ཚ་ཆེན་པོ་ཆེན་པོ་ཞིག་མེད་འགྲོ་བསམ་པའི་དོག་པ་འདུག་ཐལ།
དང་པོར་སོ་སོར་གོང་ཅིག་བསྒྲིགས། དེ་ནས་མི་གཞན་ལ་གོང་ཞིག་བཅད་ན་འོས་བར་འདོད། མ་གཏོགས། རང་ཉིད་བོར་ཕྱིན་པའི་མཁས་བ་ནི་མཁས་བ་མིན། རང་ཉིད་ཀྱི་ཤེས་ཚད་ལ་མ་གཞལ་བའི་ཁ་ཕོ་ནི་མཁས་གཏམ་མིན།
ད་ལྟའི་ཆར། ཧོར་གཙང་བ་ལྟ་བའི་ཤེས་ཚད་ཡོད་མཁན་ཡོད་ན་ཡང་། ཧོར་གཙང་བ་ལྟ་བུའི་ས་ཕྱོགས་གང་སྡོད་དུ་ཀུན་གྲགས་སུ་ཕྱིན་པ་གཅིག་ལ་མེད།
ངས་ནི་ཤེས་བ་ཅན་གྱི་མྱི་ལ། ལྟ་བ་ཅི་ཙམ་མ་མཐུན་ན་ཡང་། སོ་སོའི་སྨྱུ་གུ་ལག་པར་བཟུང་ནས། མདུན་ཅོག་གཅིག་ནས་ཁ་ལ་ཟ། ཆང་ཕོར་གཅིག་གིས་གསོལ་ཆང་འཇོག།
དྲ་གྲོགས་གནམ་ལགས། བོད་མི་གཅིག་ཡིན་ཕྱིན། དེར་དཀའ་སྡུག་འཔྲད་རོགས་བྱས་ན་ནམ་ཡང་བསམ་མ་མྱོང་ལ་ཧོར་འཇིགས་ལ་དཀའ་ངལ་འཕྲད་པ་ཞིག་ད་བར་ཤེས་ཀྱི་མེད། ཁྱེད་རང་གིས་མཁྱེན་ན། གསུངས་རོགས་གནང་། ཧོར་འཇིགས་ལ་སྲོག་གི་ཉེན་ཁ་འཕྲད་པ་རེད་དམ། ཡང་ན། སྤྱི་ཚོགས་ནས་ཕྱིར་སྤུད་བྱས་པ་རེད། གནས་ཚུལ་དེ་རིགས་ངས་གཅིག་ཀྱང་ཤེས་ཀྱི་མེད། མ་གཞི་ནས། ཧོར་འཇིགས་ཀྱིས་རང་ཉིད་ཀྱིས་ཤེས་ཡོན་གྱི་ནུས་པ་འདོན་ཡུལ་བཙན་བྱོལ་སྤྱི་ཚོགས་དེ་བོར་ནས་ནུབ་པྱོགས་སུ་ཕྱིན་པ་མ་རེད་དམ། དེ་ཡང་སྤྱི་ཚོགས་ཀྱིས་ཕྱིར་ཕུད་བྱས་པ་ཞིག་ཡིན་གྱི་མ་རེད། ཕྱོགས་གཞན་ཞིག་ནས། ཁྱེད་རང་གིས་གསུངས་པ་ལྟར། གལ་སྲིད་ཧོར་འཇིགས་ཕྱོགས་ཀུན་ཏུ་མཚན་སྙན་རྒྱས་པའི་རྩོམ་པོ་ཞིག་ཡིན་ན། ཁོ་པར་མཚན་སྙན་དེ་འབྲེལ་གྱི་ལས་ཀ་ཞིག་ཀྱང་ནུབ་ཕྱོགས་སུ་མི་རག་པའི་རྒྱུ་མཚན་ཅི་རེད། རྩོམ་པ་པོའམ་མི་སྣ་སུ་འདྲ་ཞིག་ཡིན་རུང་། དགེ་སྐྱོན་གཉིས་ཀ་ཡོད་པ་དོན་དངོས་རེད། དེར་གཡོལ་ཐབས་མེད་པ་རེད། འོན་ཀྱང་། ད་བར་ཧོར་འཇིགས་ཀྱིས་བྲིས་པའི་རྩོམ་ཡིག་དེ་ཚོར་ཁྱོད་རང་གཟིགས་དང་། རིག་གཞུང་ལ་དུང་བའི་རྩོམ་ཡིག་རེད་དམ། མི་རིགས་ལ་ཞེན་པའི་འབོད་སྒྲ་རེད་དམ། དེ་མིན་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་དེ་དཀྲུགས་པའི་འབར་གས་རེད། ཁྱེད་རང་གིས་ཧོར་འཇིགས་ཀྱིས་རྩོམ་ཡིག་དེ་རིགས་མི་གཞན་ཞིག་གིས་བྲིས་པར་ངོས་འཛིན་བྱས་ཏེ་གཟིགས་དང་བྲོ་བ་མི་འདྲ་བ་ཞིག་ཡོད་ཐོག་ཁ་པོ་རེད། དེ་མིན་ཁྱེད་རང་ཧོར་འཇིགས་ཀྱི་པྱོགས་གཏོགས་ཡིན་ཙང་། པྱོགས་ལྷུང་གིས་གྲིབ་མས་གཟིགས་ཐོག་ཁ་པོ་མ་རེད། མཐར། ཧོར་འཇིགས་ལ་དཀའ་ངལ་གཅིག་ཀྱང་མེད་པ་རེད། བོད་རིགས་བྱིངས་དང་འདྲ་བར་བདེ་བ་ཅན་གྱི་ཞིང་ཁམས་སུ་བསླེབས་ཚར་ཡོད། སུ་ཞིག་གིས་ཀྱང་ཧོར་འཇིགས་ལ་དཀའ་ངལ་བཟོ་མཁན་མེད་པ་རེད། གལ་སྲིད་མི་མངོན་པའི་དཀའ་ངལ་འཔྲད་ཀྱི་ཡོད་ན། དེ་ནི་རང་ཉིད་ཀྱི་སེམས་ནང་གི་སྤོབས་སེམས་དང་། མིག་མདུན་གྱི་འཚོ་བ་གཉིས་ཏག་ཏག་མ་བསྡད་པའི་དཀའ་ངལ་ཡིན་རྒྱུ་རེད། དེ་མིན་དཀའ་ངལ་མེད་པ་རེད།
གོ་སླ་ལ་དོན་ཟབ་པའི་རྩོམ་ཡིག་ཅིག་བྲིས་འདུག ཚང་མ་བཀླགས་ཟིན།
ཁ་ཆེའི་ཕ་གླུའི་སྙིང་གཏམ་བཤད་འདུག
འདོད་དང་མི་འདོད་སོ་སོའི་འདོད་པ་རེད།
ཡ་ཡ
རྩོམ་ཡིག་འདི་བཀླགས་ཚར་རྗེས་ང་ལ་བསམ་ཚུལ་ཞིག་སྐྱེས་བྱུང་།
གཞན་དོན་ལས་རང་དོན་གཙོ་བ།
ཐག་རིང་ལས་ཉེ་སར་གཟིགས་པ་དང་།
དོན་ཆེན་ལས་དོན་ཆུང་ལ་དམིགས་པ་འདི་ཁོང་གི་ལྟ་བ་ཡིན་མིན་བཤད་དཀའ།
ད་ལྟ་ནས་ལོ་ཉི་ཤུ་སུམ་བཅུའི་རྗེས་སུ་བོད་ཀྱི་དངོས་་ཡོད་ལོ་རྒྱུས་ཡོངས་རྫགས་མཁས་པ་ཚོའི་ཌོ་ལར་དང་ཡུ་རོ་ཏ་ཡང་ལ་བརྗེ་པོ་རྒྱབ་ནས་གཙང་མ་བཟི་རྒྱུ་གཏན་འཁེལ་འདུག་།
རེད་རེད། གཡུ་རྒྱལ་ལགས། ཧོར་གཙང་བས་བྲིས་བ་ཚང་མར་ནོར་བ་མེད་པ་དེ་འདྲ་ཡིན་རྒྱུ་མིན་ན་ཡང་། མྱི་སུམ་ཅུ་ལ་བསམ་པ་སུམ་ཅུ། མཛོ་སུམ་ཅུ་ལ་ར་ཁ་དྲུག་ཅུ་ཡོད་པ་དེ་ཤེས་ན། ནོར་བ་ནི་ནོར་བ་དང་། དག་པ་ནི་དག་པར་བཞག་ན། དེ་ལ་ཁྱོད་མིན་ང་ཡིན་ཞིག་བྱེད་དགོས་དོན་ཡོད་དམ།
ངས་ཁྱོད་སུ་ཡིན་མི་ཤེས། གཅིག་ཤེས་བ་ནི། ང་ཚོའི་བོད་མི་མང་པོ་ལ་ཡོད་པའི་ན་ཚ་དེ། ཁྱོད་ཅིག་གི་ཕྱོགས་རེད། ང་ཅིག་གི་ཕྱོགས་ཡིན་ཟེར་བ་འདི་རེད། དེ་ཡག་པོ་མ་རེད། དབྱེ་བ་རེད། བསམ་བློ་འདིའི་འོག་ནས། ཁྱོད་ཧོར་གཙང་ལ་མི་དགའ་བས་མི་ཚད། ཁྱོད་ང་ལ་ཡང་མི་དགའ་བ་ཆགས་པ་འདི་རེད། འདི་འདྲའི་སེམས་སྐྱོ་བ་ཞིག་གང་ལ་ཡོད། འདིས་མྱི་ཁྱེད་འདྲ་ཚོ་ལ་སོ་སོར་དབང་བའི་མགོ་བོ་ཞིག་མེད་པ་མཚོན་བཞིན་ཡོད་པ་རེད་ལ། འདི་འདྲ་བའི་མྱིས་འཇིགས་རྟེན་གྱི་ཉིན་སྲིབ་གཉིས་ཀ་མི་རིག་པ་ཡིན་པ་རེད། ཉིན་སྲིབ་གཉིས་མི་རིག་ནིའི་མི་ལ་དམངས་གཙོ་དང་རང་དབང་ཞིག་ཡོད་རུང་། ལོངས་སུ་སྐྱོད་མི་ཤེས།
ཧོར་གཙང་ཕྱི་ལོག་ལ་ཕྱིན་པ་དེ་ཡག་པོ་རེད། ཁྱོད་མ་དགའ་དབུས་ལ་སོང་། མ་མཇལ་ཕྱིར་ལ་སླེབ་ཡོང་ན་ཡང་། སྡུག་གྱོང་ལས་གཞན་ཅི་ཞིག་རག་གམ།
ང་ཧོར་གཙང་ལ། ས་རྒྱུས། ཆུ་རྒྱུས་གང་གི་ཕྱོགས་ན་ཡང་ཁོང་ལ་འབྲེལ་བ་མེད།
རྡ་ས་འདི་ནས་མི་གཅིག་ལ་གཤོག་པ་བུད་ན་ཡང་། དེ་ནི་དགའ་དགོས་བ་ལས། སྐྱོ་དགོས་བ་ཞིག་མ་རེད། གོ་སྐབས་མེད་ས་ཞིག་ནས་བོད་མི་སུ་གང་གིས་ཡང་འཇིག་རྟེན་འདི་ལ་རྐང་བ་འཛུག་མི་ཐུབ་པས། རང་དང་མི་རབས་ཕྱི་མའི་དོན་དུ། གང་ལ་སླེབ་སླེབ་ཞིག་དང་གང་ནས་བརྟན་བརྟན་ཞིག་བྱེད་དགོས་བ་འདི། བོད་མིའི་འཐབ་རྩོད་ལ་ནུས་ཤུགས་ཐོན་མིན་ལ་ཐུག་ཡོད་པ་ཞིག་རེད། རྡ་ས་ནི། སྐུ་ངོ་ཟམ་གདོང་ལྟ་བུ་གསོན་ན་ལྷ་གཅིག་དང་ཤིན་ན་སྲོག་གཅིག་ལས་མེད་པ་ཚོ་མ་གཏོགས་འདུག་ས་ཞིག་མིན་པ་གསལ་པོ་རེད།
ང་ལ་ནུས་བ་ཞིག་ཡོད་རྒྱུ་ན། རི་ཐོ་ཆུང་ཆུང་འདི། ངའི་རྒལ་བ་ཁུར་ནས། ལུང་པ་གཞན་པ་ཞིག་ལ་འགྲོ་ན་འདོད་ཀི། དྲང་མོ་དྲང་རྐྱང་ཡིན།
ཧོར་གཙང་བར་དཀའ་ངལ་ཡོད་པའི་ཡོད་ལུགས་ནི། ཁོ་རང་གིས་བཤད་པ་བཞིན་རེད། དེ་ལས་ལྷག་པ་ཞིག་ང་ལ་བཤད་རྒྱུ་མེད།
ང་ཕྲུ་གུའི་སྐབས་དང་། དར་མའི་དུས་སུ་ཡང་ལ་དྭགས་མར་ཡུལ་དུ་མ་ཟད་བོད་དབུས་གཙང་སོགས་སུ་ཡང་བོད་ཡིག་འབྲི་མཁན་ཤིན་ཏུ་དཀོན། དེ་ནས་དུས་དབང་གིས་བོད་ཕྲུག་དང་དར་མ་ཡོངས་སུ་སློབ་གྲྭར་འགྲོ་དགོས་པའི་དུས་ཤར། སྐྱེ་བོ་མང་པོ་ཞིག་གིས་འབྲི་བའི་མགོ་བརྩམས། སྔར་གྱི་མཁས་པ་རྣམས་ཀྱིས་བྲིས་པ་རྣམས་ལ་སྦྱང་བརྩོན་བྱས་ན། དེ་ཙམ་དཀའ་བ་མ་ཡིན་ཀྱང་། ལུང་པ་རང་རང་གི་ཕལ་སྐད་དུ་འབྲི་བ་པོ་མང་དུ་མཐོང་བར་མ་ཟད་བོད་ཀྱི་མཁས་པ་ཆེན་པོ་དག་གི་གླེགས་བམ་གསར་དུ་སྤར་བསྐྲུན་བྱས་པ་དག་ལ་ཡང་རང་རང་གིས་ཕལ་སྐད་བཙན་པར་བྱས་པ་དག་མི་འོས་པ་མཐོང་ནས། རང་གི་འདོད་པ་བྲིས་པ་ཞིག་ལ་ཧོར་གཙང་འཇིགས་མེད་ཀྱིས་དགག་པ་བྲིས་པ་ནོར་ལྡེ་ཞེས་པའི་དུས་དེབ་ཏུ་མཐོང་། དེ་ལ་དགག་ལན་བྲིས་པ་དེ་རྒྱ་གར་དེ་རཱ་དུན་དུ་ཡོད་པའི་བོད་ཀྱི་སྲོང་བཙན་དཔེ་མཛོད་ན་ལོ་ངོ་བཅུ་ཕྲག་མ་ཟིན་གོང་ལ་སྤར་བསྐྲུན་བྱས། དེ་ནས་ཨ་རིའི་གྲོང་ཁྱེར་ནེཝ་ཡོརྐ་ཏུ་ཧོར་གཙང་འཇིགས་ལེགས་དང་དངོས་་སུ་ཐུག་སྐབས་ཁོ་བོ་ལ་ལོ་རྒན་པར་བརྩིས་ཏེ། བོད་ཡ་རབས་ཀྱི་ལུགས་སུ་གུས་བཀུར་མཛད་པར་མཐོང་། ད་ལན་ཁོང་གིས་མཁས་པའི་རྩོམ་བྲིས་དང་གཤིས་ཀར་ལྟ་ཕྱོགས་འདོད་པ་མཐུན་པ་དང་མི་མཐུན་པའི་དབང་གིས་གསུང་ཚུལ་སྣ་ཚོགས་པ་ཡོད་པ་མཐོང་། དེ་ཡང་།
་
མ་སྨྲས་ན་ཡང་སྨོད་བྱེད་ཅིང༌།
མང་དུ་སྨྲས་ན་སྨོད་པར་བྱེད།
དལ་བུས་སྨྲས་ཀྱང་སྨོད་བྱེད་དེ།
འཇིག་རྟེན་ན་ནི་མི་སྨད་མེད།། ༤༨ །། ཆེད་ཚོམས་༢༩
་
ཅེས་གསུངས་པ་ལྟར་ལགས་ཤིང་། ཞར་དུ་འགོད་དགོས་པ་ནི་བོད་ཀྱི་རིག་གཞུང་ལ་གཅེས་པ་དག་གི་གསུངས་པ་འདི་ལྟ་སྟེ།
སྤྱི་ལོ་ ༡༡༨༢ ནས་༡༢༥༡བར་བཞུགས་པ་ཆོས་རྗེ་ས་པཎ་གྱིས། ཆོས་ཀྱི་སྐད་དང་མཐུན་པ་་ཡིས།
་
རང་ཡུལ་སྐད་ངན་སྤང་བར་བྱ། ཞེས་དང་།
་
སྤྱི་ལོ་ ༡༩༠༣་ནས་༡༩༥༡་བར་བཞུགས་པ། ཨ་མདོ་པ་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གིས།
དེས་ན་ད་དུང་ཡང་རང་རེ་རྣམས་ཇི་སྲིད་བསྟན་བཅོས་ཀྱི་ཐ་སྙད་དང་ཆོས་སྐད་ལ་ཆ་འཇོག་བྱེད་པ་དེ་སྲིད་དུ་བོད་ཡུལ་ཡོངས་རྫོགས་ཀྱི་སྐད་རིགས་ཀྱང་གཅིག་ཏུ་གནས་པ་ཡིན་ཞིང་། དཔེར་ན་ཆོས་སྐད་དུ་བྲིས་པའི་བླེགས་བམ་ཞིག་མངའ་རིས་ནས་ཨ་མདོའི་བར་དུ་འཁྱེར་ཡང་། ཐམས་ཅད་ཀྱིས་ལྷོགས་ཤིང་གོ་ཐུབ་པ་ཡིན། དེ་མིན་དིང་སང་མཐའ་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། བླ་དྭགས་ཀྱི་ཕལ་སྐད་སོགས་སྣང་བ་གང་དྲན་གྱི་སྐད་མཛོད་དང་གླེགས་བམ་སྡེབ་པ་འདི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས། བོད་ཀྱི་སྐད་སྤྱི་ཡང་དུམ་བུར་ཆད་དེ། ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚུན་བརྡ་མི་འཕྲོད་པ་ཞིག་འོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས། བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ། མཐར་བོད་ཀྱི་རིགས་དང་རྒྱལ་ཁམས་རྩ་བ་ཉིད་ནས་སིལ་བུར་འཐོར་བའི་རྐྱེན་དུ་འགྱུར་བ་ལགས། གལ་ཏེ་ཕལ་སྐད་གསར་པ་དེ་འདྲ་ཞིག་བོད་ཡུལ་ཀུན་ཏུ་དར་བའི་དབང་དུ་བྱས་ན་ཡང་། རང་ཅག་གི་ཆོས་སྐད་དུ་བྲིས་པའི་མདོ་རྒྱུད་རིག་གནས་ཀྱི་གཙུག་ལག་རྒྱ་མཚོ་ལྟ་བུ་འདི་ཀུན་རིམ་གྱིས་སུས་ཀྱང་མི་གོ་བའི་གླེགས་བམ་གྱི་ཕུང་པོ་ཙམ་དུ་འགྲོ་ངེས་པས། སྲོལ་ངན་འདི་འདྲའི་ཕྱོགས་ལ་ཐམས་ཅད་ཀྱིས་བག་ཟོན་དགོས་པ་ལགས། དེབ་ཐེར་དཀར་པོ། དབུས་སྤར་ཤོག་གྲངས་༣༢མདུན་ཤོག་ནས་རྒྱབ་ཤོག་བར་དང་། གསུང་འབུམ་དེབ་གཟུགས་མ་ཤོག་གྲངས་༢༧༡་ནས་༢༧༢།
་
ནོར་པ་དག་ལ་ཞུས་དག་མཛད་ན་རང་དང་གཞན་གྱི་བློ་རིག་འཕེལ།
ཁ་བདེ་པོ་མ་བཤོད་།
མཁས་པ་ཡིན་ན་རང་གི་མིང་བྲིས་།
རྐུབ་ས་ལ་བཙུགས་པའི་མཁས་པ་མང་པོ་འདུག་།
མིང་རྫུན་འོག་གི་མཁས་པ་།
མྱོང་ཚོར་འདི་ཀློག་སྐབས། རྩོམ་པ་པོ་ཁོང་༷ཅུང་ཙམ་དབུགས་རིང་ཞིག་ཤོར་ཡོད་པ་རང་ཤུགས་ཀྱིས་མངོན་བྱུང་།
འཛམ་གླིང་གི་ལོ་རྒྱུས་ཐོག་ལ་རྩོམ་པ་པོ་གཅིག་གཅིགས་རྩོམ་པ་པོ་གཞན་ཞིག་བསད་པའི་ལོ་རྒྱུས་བོད་པས་བཟོས་སོང། རྩོམ་པ་པོ་དེ་ཚོ་ང་རྒྱལ་དང་ཁྱད་སོད་ཆེ་བས་མ་རེད་པས། ཁྱོད་ཚོ་ཤེས་ཡོན་ཅན་པར་རློམས་པ་རྣམས་ངེས་པར་འདང་ཡག་པོ་ཞིག་རྒྱག་རན་ཚོད། ལྟས་ངན་ད་སྨྱུ་གུས་མ་ཐུབ་ན་གྲི་ཁྱེར་ནས་གཞན་གྱི་སྲོག་གཅོད་པའི་ལས་ཀ་འདི་ཁྱེད་ཚོ་ཤེས་ཡོན་ཅན་པ་དང་སྙན་ངག་པ་ཚོས་བྱེད་ཀྱི་འདུག
འདི་ལ་བསམ་ཤེས་ཐོག་རྩོམ་ཡིག་འབྲི་རོགས།
རོ་ཐོག་རྟ་རྒྱུག་མ་བྱེད། སྤྱི་ཚོགས་ཞིག་ལ་འདྲ་མིན་སྣ་ཚོགས་ཞིག་ཡོང་སྲིད་པ་ཞིག་རེད། ཤི་བོ་གཉིས་ལ་སྔོ་སྨོན་ཙམ་བྱེད་ཐུབ་ན་གྱིས། དེ་མིན་ཅིག་ཅིག་ཉིག་ཉིག་སོགས་སྐྱེ་བོ་བྱེ་བྲག་པའི་བྱ་སྤྱོད་དེ་སྤྱི་ཚོགས་སྤྱི་ལ་རྒྱུག་པ་ལེག་རྡུང་མ་བྱེད། མི་ཞིག་ཡིན་ཕྱིན་ནོར་འཁྲུལ་ཡོང་སྲིད་པ་རེད། དེ་བས་ཁོང་གཉིས་ཀྱིས་ནོར་འཁྲུལ་དེ་ལས་རང་ཉིད་ལ་སློབ་བྱ་རེ་དང་ནང་པ་ཞིག་ཡིན་པའི་ངོས་ནས་མ་ནི་རེ་སྔོ་ཐུབ་ན་ལེགས།
མི་རེ་རེ་ལ་བསམ་ཚུལ་མི་མཐུན་པ་ངེས་པར་ཡོང་ཆོག་པས་སོ་སོར་ལྟ་སྟངས་མི་འདྲ་བ་ཡོང་གི་རེད། ལྷག་པར་མི་གཅིག་དཀར་པོ་དཀར་རྐྱང་ལྷ་དང་མི་གཅིག་ནག་པོ་ནག་རྐྱང་གདོན་འདྲེ་ལྟ་བུ་བཟོ་དགོས་པ་བོད་པའི་སྤྱི་ཚོགས་ཀྱི་གཤིས་ཀ་རེད། འོན་ཀྱང་།ཁྱེད་ལ་སྐྱོན་དང་ནོར་འཁྲུལ་གཅིག་ཀྱང་མེད་མཁན་མི་ཞིག་དགོས་ན། འཛམ་གླིང་འདི་ནས་རག་མི་ཡོང་།འཛམ་གླིང་གཞན་དེ་ཚོ་ནས་གཅིག་བྱས་ན་རག་སྲིད་པ་རེད།
གང་ལྟར། བློ་གཟུ་བོར་གནས་པའི་སྟེང་ནས་བཤད་ན་བཙན་བྱོལ་སྤྱི་ཚོགས་ནང་ཧོར་འཇིགས་ལས་ལྷག་པ་རྩོམ་རྩལ་དང་ཚོར་བ་ཡོད་པའི་རྩོམ་ཡིག་བྲི་ཐུབ་པ་ཧ་ལམ་མི་འདུག་ཅེས་ན་རྫུན་དུ་མི་འགྲོ། ཟམ་གདོང་ལས་ལྷག་བཤད་རྩལ་ཅན་གྱི་མི་མེད་ཅེས་ན་ཧ་ལམ་རྫུན་དུ་མི་འགྲོ། ༧གོང་ས་མཆོག་ལས་ལྷག་གི་གདུལ་བྱ་ཅན་གྱི་བླ་མ་མེད་ཅེས་ན་ཧ་ལམ་རྫུན་དུ་མི་འགྲོ། དེ་ཚོ་དགའ་སྡུག་གི་སྐད་ཆ་མིན་པར་དངོས་ཡོད་གནས་ཚུལ་འདྲ་བོ་རེད།
ཧོར་འཇིགས་ཀྱིས་ཁོ་རང་གི་མི་ཚེ་དང་འཚོ་བའི་ལམ་ཁ་གང་འདྲ་ཅིག་འདེམ་མིན་སོ་སོའི་རང་དབང་རེད་མ་གཏོགས། གོང་ནས་ཁ་ཤས་ཀྱིས་བཤད་པ་ནང་བཞིན་ཕྱི་རྒྱལ་ལ་ཕྱིན་ན་ཞབས་འདྲེན་དེ་འདྲ་གང་ཡང་མཐོང་མ་སོང་། བཙན་བྱོལ་ནང་གི་བླ་དཔོན་དྲག་གྲས་ཚང་མ་ཕྱི་རྒྱལ་ལ་འཚང་ཁ་རེད་པ། དེ་ཚོ་ཞབས་འདྲེན་ཕར་བཞག་སྟེ་བརྒྱན་འདྲ་བོར་བརྩིས་ཏེ་མིས་ཀྱང་མཐོང་ཆེན་བྱེད། ད་ཧོར་འཇིགས་ཕྱི་རྒྱལ་སོང་ན་ཞབས་འདྲེན་གང་འདྲ་སེ་ཆགས་སོང་། དེ་ཚོ་གནས་ལུགས་གཏན་ནས་མེད་པའི་སྐད་ཆ་རེད་ད།