དཔལ་གློ་བོ་རྒྱལ།
ཐུགས་མཆོག་འགྱུར་མེད་རྟག་བརྟན་ཇི་ལྟ་དང་།།
གསུང་མཆོག་འགག་མེད་ཇི་སྙེད་ལོངས་སྤྱོད་རྫོགས།།
དམར་གསེར་མདོག་ཅན་ཟློས་གར་སྤྲུལ་པའི་གཟུགས།།
སྐུ་གསུམ་གཅིག་འདུས་འཇམ་དཔལ་མགོན་པོར་འདུད།།
མི་ཤེས་དབང་གིས་འཁོར་བར་འཕྱན་པ་ན།།
བདག་ལ་སྐྱབས་ནས་གཞན་དུ་མེད་པས་ན།།
རྒྱལ་སྲས་འཇམ་དཔལ་གཏན་དུ་བསྙེན་ལགས་ན།།
ཤེས་རབ་བརྒྱུད་ལ་སྐྱེ་བའི་ཕྲིན་ལས་མཛོད།།
ེཤེས་བྱའི་གནས་ལུགས་འཇལ་བའི་སྤོབས་པ་ཡིས།།
ཉིན་མཚན་ངལ་བ་ཁྱད་བསད་བརྩོན་ན་ཡང་།།
ལས་ངན་བག་ཆགས་ལྕི་བས་མ་རྟོགས་པས།།
ལས་ངན་འཁྲུལ་བ་བརྩད་ནས་གཅོད་པར་མཛོད།།
ལས་དོན་མང་བས་ཆོས་ལ་འཇུག་དཀའ་ཞིང་།།
རྣམ་གཡེང་དབང་གིས་དམིགས་ཡུལ་གཏད་ཡུལ་ནོར།།
འཛིན་ནུས་བྲལ་ཞིང་ངེས་མེད་རྣམ་རྟོག་གིས།།
སེམས་ཉིད་འཇིག་རྟེན་ཞེན་པ་གཅོད་པར་མཛོད།།
དལ་རྟེན་བླངས་ནས་རྒྱལ་བའི་རྗེས་འཇུག་ཞིང་།།
རྒྱལ་བསྟན་རྣལ་མ་བགྱིས་པའི་སྟོབས་མངའ་ལ།།
ཕ་མའི་དྲིན་ལན་འཇིག་རྟེན་ཡང་དག་པའི།།
ལྟ་བར་གནོད་པའི་འགལ་རྐྱེན་གཅོད་པར་མཛོད།།
ཉེ་དུ་གྲོགས་སོགས་ཆོས་ལ་མ་སྐུལ་བར།།
ཁ་མཁས་ཁེ་ཕན་ཐོབ་ཕྱིར་ལོག་ལམ་དུ།།
འཕངས་ནས་རང་ཉིད་དྲུང་རློམ་བླུན་པོ་ཡིས།།
རང་བསླུས་འགྱོད་པའི་རྩ་བ་གཅོད་པར་མཛོད།།
སང་ནངས་ཤི་བའི་ངེས་མེད་རྐང་གཉིས་དག།
སྣང་བ་ཇི་བཞིན་མ་རྟོགས་ཆགས་སྡང་དང་།
གཏི་མུག་དབང་གིས་ཕན་ཚུན་འཐབ་པ་ལས།།
འཇིག་རུང་གཡང་སར་ལྷུང་དྭོགས་གཅོད་པར་མཛོད།།
བདག་ལ་དགྱེས་བཞིན་གཟིགས་ནས་སྨག་རུམ་ལས།།
ཐར་ནས་སེམས་གསལ་ཤེས་ནས་འཁྲུལ་སྣང་གི།
དྲྭ་བ་སྣང་སྟོང་ངེས་པའི་དཔའ་བོ་ཡིས།།
འཁོར་བའི་གཡུལ་ལས་རྒྱལ་བའི་རྒྱལ་མཚན་འཛུགས།།
ཅེས་པ་འདི་ནི་འཇམ་དབྱངས་མགོན་པོ་ལ་མི་ཕྱེད་པའི་དད་པ་ཅན་དཔལ་གློ་བོ་རྒྱལ་གྱིས་སྙིང་ནས་གསོལ་བ་འདེབས་པའོ།།