གངས་སེང་།
༧ །འཛམ་གླིང་ས་སྒང་ཡངས་པའི་ལྟེ་བ་རུ།
།བྱམས་དང་སྙིང་རྗེའི་གཞི་བཟུང་བྱང་ཆུབ་སེམས།
།རིས་མེད་སྐྱེ་འགྲོ་ཀུན་གྱི་ཕན་བདེའི་གཞི།
།ཐོག་མར་སྐྲུན་མཛད་གཤེན་རབ་མི་བོར་འདུད།
༧ །སྐྱ་ཀ་ཤག་ཅེས་འབོད་པའི་སྐྱེ་བོ་དེས།
།གྲུབ་མཐའི་ཆགས་སྡང་རྒྱ་ལས་མ་འདས་པའི།
།བོན་ལ་སྨོད་པའི་འཆལ་གཏམ་ཁུངས་མེད་ཅིག
།ཉེ་ཆར་དྲྭ་ལམ་རྣམས་སུ་རྡོལ་བཞིན་མཆིས།
༧ །དེའི་ལན་བན་བོན་ཀུན་ཀྱི་ལོ་རྒྱུས་ལ།
།སྤྱན་བརྒྱ་ཡངས་པའི་ལུང་རིགས་ཚད་མའི་གཏམ།
།ཆགས་སྡང་བསྲེ་བསླད་མ་འདྲེས་བརྒལ་བརྟག་ཅིག
།གཟུ་བོའི་བློ་ཡིས་བཤད་ཀྱིན་གོ་བར་གྱིས།
༼།ཞང་ཞུང་ཡུལ་ལ་སྨར་ཡིག་འབྲུ་གཅིག་མེད།༽ །ཅེས་པའི་གཏམ་དེས་ཁྱོད་ཀྱི་མཐོང་རྒྱ་ནི། །ལག་མཐིལ་ཙམ་ལས་མེད་པར་ལྷང་ངེར་བུད། །བོན་གྱི་ལོ་རྒྱུས་རྒྱ་མཚོ་ལྟ་བུ་ལས། །ཆུ་ཐིགས་ཙམ་ཞིག་འདི་རུ་འགོད་ཀྱིན་ཉོན། །བརྒྱ་པའི་མགོན་པོ་གཤེན་རབ་མི་བོ་ཡིས། །དགུང་ལོ་ཉེར་ལྔར་བསྟན་པ་རྗེས་བཞག་སྐབས། །སྒོ་བཞི་མཛོད་ལྔ་ཐེག་པ་རིམ་དགུ་སོགས། །མུ་ཁྱུད་མཚོ་གླིང་དཀར་ནག་བཀྲ་གསལ་དུ། །ཀོང་ཙེ་འཕྲུལ་གྱི་རྒྱལ་པོས་ཡོན་བདག་བྱས། །གཏད་གཉེར་སློབ་མས་བཀའ་རྣམས་སོ་སོར་བསྡུས། །ཤེས་རབ་ཕུལ་གྱིས་འཕྲུལ་ཡིག་བཞི་བཅུ་ལ། །ཐབས་ཀྱི་མཆོག་གིས་ང་རོའི་དབྱངས་སུ་དྲངས། །ཐབས་ཤེས་ཟུང་དུ་འབྲེལ་བའི་བྱིན་རླབས་ལས། །མིང་དང་ཚིག་འབྲེལ་ལེའུ་བམ་པོ་ཕྱེས། །སྒོ་བཞི་མཛོད་ལྔ་གླེག་བམ་བརྒྱ་ཕྲག་བྲིས། །མ་འོངས་འདྲེན་ཕྱིར་བསྟན་པ་རྗེས་བཞག་མཛད། །དེ་ཚེ་སྟོན་པ་མཆོག་གི་ཞལ་ནས་ཀྱང་། །བདག་ཉིད་སྐུ་ཡི་འདུལ་བསྟན་རྫོགས་ན་ཡང་། །མ་འོངས་འགྲོ་བ་ཐར་པར་འདྲེན་པའི་ཕྱིར། །གསུང་དང་ཐུགས་ཀྱི་བསྟན་པ་རིམ་བཞིན་འབྱུང་། །དེ་ཚེ་ང་ཉིད་མི་འབྱོན་ཡི་གེ་འབྱོན། །རྒྱལ་བའི་བསྟན་པ་ཡི་གེས་འཛིན་དགོས་ཕྱིར། །འཕྲུལ་གྱི་ཡི་གེ་འདི་ལ་ཀུན་གྱིས་བཀུར། །ཞེས་པའི་ལོ་རྒྱུས་གསེར་གྱི་ཐང་མ་བདལ། །ཁ་ཙམ་མིན་པའི་གཤེན་རབ་ཉིད་ཀྱི་བཀའ། །པོད་ཏི་ཉིས་བརྒྱ་ལྷག་ཙམ་ད་ལྟའང་བཞུགས། །དེ་དག་ཐོག་མར་སྟག་གཟིག་སྤུངས་ཡིག་དང་། །ཞང་ཞུང་སྨར་ཡིག་ཐོག་ཏུ་གཏན་ཕབས་གསལ། །དེ་ཙམ་མ་ཚད་མནའ་དཔེ་དུ་མའི་ནང་། །ཞང་ཞུང་སྨར་གྱི་ཡིག་གཟུགས་མཐོང་ཡུལ་གྱུར། །ད་དུང་ལོ་ངོ་སུམ་སྟོང་བཞི་སྟོང་སྔོན། །བྲིས་པའི་ཞང་བོད་ཡི་གེ་གསར་རྙེད་དག །ཚན་རིག་བརྟག་དཔྱད་ལམ་ནས་ངོ་སྤྲོད་དུ། །གསར་ལམ་རྣམས་སུ་ཡང་ཡང་འབྱུང་ལ་ལྟོས། །འོན་ཀྱང་ཁྲི་གདུགས་གཞོན་ནུའི་འོད་ཟེར་ཉིད། །ཀུན་ལ་ཁྱབ་ཀྱང་ལྟས་ངན་འུག་པ་ཡིས། །མཐོང་བའི་གོ་སྐབས་མེད་པ་དངོས་པོའི་གཤིས།
༼།ཞང་ཞུང་ཡུལ་ལ་གཤེན་རབ་ཕ་ཡུལ་མེད།༽ །ཅེས་པའི་གཏམ་དེ་རྣ་བར་བལ་གྱིས་བཙངས། །སེམས་པ་མུན་པས་གཏིབ་ནས་སྨྲས་དང་མཚུངས། །བོན་གྱི་དཔེ་རྙིང་སྣང་སྲིད་སྤྱི་མདོས་ལས། །ཡ་ཀི་སྐྱིད་པོའི་ཡུལ། །ཉམས་དགའ་བག་རེ་བྲོ། །ཆུ་རྒྱལ་བཞིའི་འདུ་མགོ །རི་རྒྱལ་ཏི་སེའི་མདུན། །མཚོ་རྒྱལ་མ་པང་འགྲམ། །འོལ་ལུང་གཡུ་ཡི་མཁར། །བཞུགས་གནས་ངོ་རེ་མཚར།། དེ་འདྲའི་སྐུ་མཁར་ན། །སུ་བཞུགས་སུ་མི་བཞུགས། །བཞུགས་པ་གཤེན་གྱི་ལྷ། །གཤེན་རབ་མྱི་བོ་ཆེ། །ཞེས་དང་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། །རྒྱན་དྲུག་མཆོག་གཉིས་རྒྱ་གར་ཡུལ་དུ་བྱོན། །སྟོན་པ་གཤེན་རབ་འོལ་མོ་ལུང་དུ་འཁྲུངས། །ཏཱ་མིང་རྒྱལ་བོ་རྒྱ་ནག་མཁར་དུ་སྐྱེས། །ཞེས་དང་མཁས་པ་མི་ཕམ་རྣམ་རྒྱལ་གྱིས། །གཤེན་ཡུལ་འོལ་མོ་གླིང་ཆེན་དུ། །སྟོན་པ་གཤེན་རབ་མི་བོ་ཆེ། །བལྟམས་ནས་གཤེན་ལོ་གཅིག་གི་དུས། །ཕྱ་གཤེན་ལེགས་རྒྱལ་ཐང་པོ་སོགས། །སྐལ་ལྡན་འཁོར་གྱིས་ཞུས་པའི་ངོར། །ཐེག་དགུ་དང་པོ་ཕྱ་གཤེན་བོན། །བཀྲི་དྲངས་ལམ་གྱི་སྒོ་རུ་བསྟན། །ཞེས་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཡིས། །ཞང་ཞུང་ཡུལ་ནི་བོན་འདུལ་བར། །དགོངས་ཏེ་གཤེན་རབ་མི་བོར་སྤྲུལ། ། བོན་གྱི་མཛད་པ་བཅུ་གཉིས་བསྐྱངས། །ཐེག་པ་རིམ་པ་དགུ་རུ་གསུངས། །ཞེས་པའི་བན་བོན་མཁས་པ་རྣམས་ཀྱི་གསུང་། །རོ་བཅུད་བཟང་པོ་མ་མ་ཀན་དང་འགྲན། །འོན་ཀྱང་རྡོལ་རིགས་སྦལ་པར་དུག་དང་མཚུངས། །གཞུང་ལུགས་དག་ལ་ལྟ་བའི་མིག་བཙལ་ནས། །ཆགས་སྡང་རྨོངས་པའི་བློ་ངན་རྒྱང་བསྲིང་ན། །འདི་དང་ཕྱི་མའི་ལམ་མཆོག་དེ་བཟང་ཞེས། །ཁོ་བོའི་བརྩེ་བས་གདམས་འདིས་གོ་བར་གྱིས།
༼།ཞང་ཞུང་ཡུལ་ལ་བོན་པོའི་ལོ་རྒྱུས་མེད།༽ །ཅེས་པ་དེ་ནི་དམུ་ལོང་རྣ་མེད་ཀྱིས། །གང་བྱུང་བཤད་པའི་རྙོག་གཏམ་ཉིད་དང་མཚུངས། །བོན་གྱི་འབྱུང་གནས་ཞང་ཞུང་ཡུལ་ཡིན་པར། །བན་བོན་མཁས་པ་བརྒྱ་ཕྲག་ལས་བརྒལ་བའི། །དཔྱད་གསུམ་དག་པའི་གསུང་རྩོམ་སྐར་ཚོགས་བཞིན། །འདྲེན་པར་ནུས་ཀྱང་གོང་བཤད་དེས་ཆོག་ཡིན།
༼།ཞང་ཞུང་ཡུལ་ལ་བོད་སྐད་མ་གཏོགས་མེད།༽ །ཅེས་པ་དེ་ལ་དཔྱད་ན་ཁྱོད་ཀྱི་བློ། །ཁབ་མིག་ལས་ཀྱང་ཕྲ་བའི་གཏན་ཚིགས་བརྡོལ། །བོན་གྱི་གནའ་དཔེ་སྲིད་པའི་མཛོད་ཕུགས་ཉིད། །འགོ་ནས་མཇུག་བར་ཞང་བོད་ཤན་སྦྱར་ཡིན། །གནའ་ཉམས་བཟང་པོའི་དྲི་མ་ཐུ་ལེར་ཡོད། །དེའི་ནང་ཞང་སྐད་འགའ་ཤས་འདིར་དྲངས་ན། །ཏི་ཀ་རྒྱ་སེ་ལིག་མིན་རྐྱ། །སད་ལ་གྱེར་རོ་སྤུངས་ཀྱིན་ནོ། །ཝེར་གྱེར་སྨར་ལ་དུན་གུ་ཧྲུན། །མུ་རི་ཕྱོད་སངས་གྱེར་མུ་གུང་། །ཧ་དན་མ་ཧི་ཧ་ར་ཝངས། །ད་ཞིང་དེ་རྐྱེན་གྱེར་མུ་གུང་། །ཐང་གུང་ཤེ་རི་ཧ་ར་ཝངས། །དྷེ་ཏུར་རུ་ཏྲོད་གྱེར་མུ་གུང་། །ལྒྱུ་ཏུར་ཐ་ཙེ་ཧ་ར་ཝངས། །ཧི་ཕང་ཕྱི་རི་གྱེར་མུ་གུང་། །ཛད་མིན་དྲུང་མུ་ཧ་ར་ཝངས། །ཞེས་པ་དེ་སོགས་བོན་གྱི་དཔེ་རྙིང་ནང་། །ཞང་སྐད་བསམ་མཐའ་ཡས་པ་ཡོད་པ་དང་། །དེ་ཙམ་མ་ཟད་ཧི་མ་ལ་ཡ་དང་། །ལ་དྭགས་དང་ནི་མངའ་རིས་སྟོད་སོགས་དང་། །རྒྱ་རོང་མེ་ཉག་ལ་སོགས་ཡུལ་སྐད་ནང་། །ཞང་སྐད་འདྲེས་པར་ད་ལྟའི་བར་གནས་པས། །གསང་བ་འོན་ཆེན་ཡིན་ན་མ་གཏོགས་པ། །དེ་དག་གོ་ཚོར་རིག་མྱོང་ཡོད་ན་ལེགས།
༼།ཁུང་མེད་སྒྲུང་གཏམ་སྤེལ་བའི་རྐུ་བོན་ལ། །ལོག་བཤད་ར་མ་འབའ་འབའ་ཤ་རེ་ཚ།༽ །ཞེས་པ་དེ་ལ་བལྟས་པ་ཙམ་གྱིས་ནི། །ཆགས་སྡང་གྲུབ་མཐའི་མྱོས་ཆུ་བཏུང་བཏུང་ནས། །ར་རོའི་འཆལ་གཏམ་སྨྲས་པ་ལྷང་ངེར་གསལ། །བོན་ལུགས་འཛིན་པ་ཀུན་གྱི་ཞལ་མཐུན་པར། །རྒྱལ་གཤེན་བསྟན་པ་མདོ་སྔགས་རྫོགས་པ་ཆེ། །ཐེག་པ་ཆེ་ཆུང་ཉོན་མོངས་བརྒྱད་ཁྲིའི་གཉེན། །བོན་སྒོ་བརྒྱད་ཁྲི་འགྲོ་བའི་ཕན་བདེ་ཉིད། །འཛམ་བུ་གླིང་དུ་ཁྲི་གདུགས་ལྟར་རྒྱས་པར། །བགྲང་བྱ་སྟོང་ཕྲག་དུ་མ་སོང་བའི་ཚུལ། །རྒྱལ་རབས་ལོ་རྒྱུས་དག་ལ་རྩོད་མེད་ཡིན། །ཁུངས་མེད་མིན་པ་གཤེན་རབ་དངོས་ལ་ཐུག །ཁྱོད་ཅག་བན་དྷེ་དག་གི་འདོད་ཚུལ་ནི། །ཟས་གཙང་སྲས་པོའི་རྗེས་འཇུག་རྣལ་མ་རྣམས། །དཀར་ནག་རྒྱ་དང་ཉི་ཧོང་འབར་མ་དང་། །མ་ལི་ཤི་ཡ་ཤྲྀ་ལང་ཀ་སོགས། །ཉི་ཟླ་ལྟར་གྲགས་མཁས་པའི་ཁྱུ་ཚོགས་ཚོས། །ཐེག་ཆེན་ཞེས་པ་ཐུབ་པའི་གསུང་མིན་ཚུལ། །ཀླུ་གྲུབ་ཅེས་པ་སྤྱང་གྲུང་ཅན་གྱིས་ནི། །བློས་བཟོས་བྱས་ཚུལ་ལོ་རྒྱུས་དུ་མ་ལས། །ལུང་རིགས་བརྒྱ་ཕྲག་དག་གིས་བརྒལ་བརྟག་མཛད། །རྒྱལ་བ་བྱམས་པའི་ཆོས་ཚུལ་དེ་དང་མཚུངས། །དེའི་ཚུལ་མངོན་གསལ་དོད་པོའི་ཚུལ་གཅིག་ནི། །ཀླུ་སྒྲུབ་བདུད་ཀྱི་སྤྲུལ་པ་ཡིན། །ཨ་ཇོ་དེ་ཡི་རྗེས་འབྲང་ཡིན། །ཀྱེ་མ་ཐོགས་མེད་ནགས་སུ་ལོ། །བཅུ་གཉིས་བར་དུ་ཏིང་འཛིན་བསྒྲུབས། །ཏིང་འཛིན་མ་གྲུབ་གླང་ཆེན་གྱི། །རྒྱབ་ཁལ་ལོན་པའི་གྲུབ་མཐའ་བརྩམས། ཞེས་པ་དབྱིག་གཉེན་དང་ནི་ཐོགས་མེད་གཉིས། །སྤུན་མཆེད་ནང་རྩོད་བསྙད་པའི་ཚུལ་བསམ་ན། །ཐེག་ཆེན་ཁུངས་ནི་ཐུབ་པ་མིན་པར་གསལ། །ཁྱེད་ཅག་བོད་ཀྱི་བན་དྷེ་མགོ་ཟླུམ་ཚོས། །མགོན་པོ་ཀླུ་གྲུབ་ཀླུ་ཡི་ཡུལ་ནས་ནི། །ཤེར་ཕྱིན་འབུམ་པ་མི་ཡུལ་དྲངས་པ་དང་། །བྱམས་ཆོས་སྡེ་ལྔ་འཕགས་པ་ཐོགས་མེད་ཀྱིས། །ལྷ་ཡི་ཡུལ་ནས་དྲངས་པའི་ཚུལ་བཤད་པས། །རྒྱ་གར་འཕགས་པའི་ཡུལ་ན་མ་གྲགས་པའི།། ཁུངས་མེད་རྟོག་བཟོ་ཇོ་རུའི་སྒྲུང་དང་མཚུངས། །རྐུ་མ་སུ་ཡིན་དེའི་ཚུལ་དཔག་ན་ཤེས།
༼།བོད་ཀྱི་བྱེ་བྲག་བསྐོར་གསུམ་མངའ་རིས་ཡུལ། །རིས་ཆོད་དུམ་བུ་གཏང་བསམ་བོན་རྒན་སྨྱོ།༽ །ཞེས་པ་དེ་ནི་སྦུག་ཆུང་རི་བོང་གིས། །རྩལ་སྟོབས་འཛོམས་པའི་དམར་ཡག་སྟག་མོ་ལ། །ཁ་ཤོ་ཟེར་ནས་སྙད་འདོགས་བྱེད་དང་མཚུངས། །ཁྱོད་ཀྱིས་འཆལ་གཏམ་ཚིག་བཅད་རིང་པོ་འདི། །བོན་པོ་འབུམ་ཕྲག་དུ་མའི་སེམས་ནང་དུ། །ལྕགས་སྲེག་མཚོན་ཆར་འགྱུར་བར་རྨོངས་བཞིན་དུ། །བོན་པོས་མངའ་རིས་སྐོར་གསུམ་དུམ་བུར་བཏང་། །ཞེས་པའི་གཏམ་དེ་བློ་ལྡན་གད་མོ་བྲོ། །རང་གི་སྐྱོན་ཚོགས་གར་སོང་མ་རིག་པར། །བོན་རྒན་སྨྱོ་ཞེས་དམུ་ལོང་བརྟུལ་ཤུགས་ཉིད། །ཞི་བདེའི་གཤེད་མ་སྤྱི་ཚོགས་ཕུང་དཀྲུག་སྟེ། །བསྟན་དགྲའི་ཁྱུ་ཚོགས་གཤེགས་པར་མ་ལགས་སམ།
༼།ཆབ་སྲིད་པ་ཡིས་རྐུབ་གཡོག་བཤད་མི་རྣམས། །ལོག་བཤད་ཁྱི་རྒན་ཟུག་ཟུག་ཡིད་རེ་མུག༽ །ཅེས་པའི་གཏམ་ངན་སུ་ལ་བཤད་པ་ཡིན། །བོན་པོར་སྨྲས་སམ་བན་དྷེར་དག་ལ་སྨྲས། །ངོས་བཟུང་མེད་པའི་སྤྱི་བརྡོལ་གླེན་ཧམ་ཚིག །མུན་ནག་ནང་གི་མདའ་འཕེན་གང་ལ་འཕོག །ཆ་མ་འཚལ་བའི་གཉིད་ཀྱི་འཆོལ་གཏམ་འདྲ། །འདི་འདྲའི་རིགས་ལ་བདེན་པར་སུ་ཡིས་འཛིན། །ཆགས་སྡང་རྨོངས་བློ་དག་གིས་བྱས་ཕྱིར་རོ།།
༼།དཀར་ནག་རྒྱ་དང་ཨ་རི་ར་ཤི་ཡ །བདེན་དཔང་བོན་གྱིས་ལོ་རྒྱུས་མེད་འདི་གང་།༽ ཞེས་པ་དེ་ནི་རང་གི་ལོ་རྒྱུས་ལ། །དམུ་ལོང་ལྟ་བུའི་མུན་ནག་ཁུང་བུར་གྱུར། །ད་དུང་གཞན་ལ་སྐྱོན་འཛུགས་ལ་རེམས་པས། །རྣམ་དཔྱོད་བློ་གྲོས་བསྐལ་པའི་རང་རྟགས་བསྟན། །ཚད་མའི་ལོ་རྒྱུས་དག་གི་རྒྱབ་ལྗོངས་སུ། །དཀར་ནག་རྒྱ་དང་ཨ་རི་རཱ་ཤི་ཡ། །དེ་དག་དགོས་ན་བན་གྱི་ལོ་རྒྱུས་ཀྱང་། །ཕལ་ཆེར་རྫུན་སྦྱོར་འགྱུར་བའི་ཚད་དུ་སླེབས། །དཔེར་ན་སྟོན་པ་ཤཱཀྱའི་དབང་པོ་ཡིས། །འོག་མིན་ཞིང་དུ་གསང་སྔགས་གསུངས་པའི་ཚུལ། །ལྷ་ཡི་བུ་མོ་ཐིག་ལེ་མཆོག་མ་ཉིད། །རིགས་མར་བཀུག་ནས་བདེ་སྟོང་མངོན་གྱུར་ནས། །སྔར་འདས་སངས་རྒྱས་སུས་ཀྱང་མ་བཤད་པའི། །ཤིན་ཏུ་ཟབ་པའི་གསང་རྒྱུད་གཏན་ཕབས་ཞེས། །སྐབས་ཤིག་ཐུབ་པ་ཤམ་བྷ་ལར་ཕེབས་ནས། །དུས་འཁོར་རྒྱུད་ནི་འབུམ་ཕྲག་གསུངས་སོ་ཞེས། །བོད་ཀྱི་བན་དྷེའི་ཁ་ནས་རླུང་ལྟར་གྲགས། །དེ་ཡི་བདེན་དཔང་གོང་སྨོས་གང་གིས་བྱེད། །ཡང་གཅིག་ཐོན་མི་ཨ་ནུ་བྷོ་ཊ་ཡིས། །བོད་ལ་ཡི་གེ་མེད་པ་ཡིག་བཟོས་དང་། །རིག་གནས་གསར་གཏོད་བྱས་པའི་འུད་སྒྲོགས་མང་། །དེ་ཡི་རྒྱབ་ལྗོངས་བདེན་དཔང་སུ་ཞིག་མཆིས། །དེ་ལ་སོགས་པ་བཤད་ཀྱིན་མི་ལང་ངོ་། །དེ་དག་ཚང་མ་རྫུན་སྒྲུང་བཤད་ཡམ་ཞིག ། ཁྱོད་ཀྱིས་ཤུགས་འཕེན་བྱས་པ་མ་ཚོར་རམ། །མ་གཞི་ཁྱོད་ཀྱི་གཏམ་ཚིག་འདི་དག་ནི། །བརྡ་སྤྲོད་ཁྲིམས་ལས་འདས་པའི་ཚིག་སྙོག་མང་། གང་ལ་བརྗོད་དང་གང་གིས་བཤད་པ་དག །ཤིན་ཏུ་གསལ་ཁ་མེད་པའི་གླེན་གཏམ་ཞིག
༼།ཀྲུང་གོའི་ཡིག་རྙིང་ལོ་རྒྱུས་མང་པོའི་ནང་། །སྲོང་བཙན་ཡན་ལ་བོད་དང་ཞང་ཞུང་ལ། །ཡི་གེ་མེད་པ་ཁ་གསལ་གཏིང་གསལ་འདུག༽ །ཅེས་པ་དེ་ལ་བསམ་ན་ཁྱོད་ཀྱིས་ནི། །རྒྱ་ཡི་ལོ་རྒྱུས་དག་ལ་བློ་མིག་ཅིག །རྙེད་པའི་ཚུལ་དུ་བསྟན་ཀྱང་ཕལ་ཆེར་ནི། །གཞན་གཡམ་རྒྱུགས་པའི་ཚུལ་ཆོས་ཡིན་ཡང་སྲིད། །གལ་སྲིད་དེ་ལས་དེ་འདྲའི་བཤད་ཡམ་ཞིག །ཡོད་ཀྱང་ཆོག་ལ་དེར་ཚད་འཛིན་ནུས་སམ། །གལ་ཏེ་ནུས་ན་དེ་ཡི་ལོ་རྒྱུས་ལས། །སྲོང་བཙན་ཞེས་པ་ཇག་དཔོན་རྨོངས་རྟུལ་ཞིག །བཤད་དང་ཁྱོད་ཅག་གིས་ནི་སྤྲུལ་པའི་སྐུ། །སྤྱན་རས་གཟིགས་ཟེར་སུ་ལ་ཚད་མར་འཛིན། །དཀར་ནག་རྒྱ་ལ་ཞེན་གོག་འཁྲེགས་འཛིན་ཉིད། །ད་དུང་འདོར་མེད་དེ་ཡི་རྐུབ་ལ་རྒྱུགས། །བོད་ཁམས་ཕུང་སྦྱོར་མ་ཚོར་ཡ་མཚན་ཆེ། །སྲོང་བཙན་ཡན་ལ་བོད་དང་ཞང་ཞུང་ལ། །ཡི་གེ་མེད་ན་བཙན་མོ་སད་མ་ཀར། །རྨང་ཆུང་འཕྲད་པའི་ལོ་རྒྱུས་འདི་ལྟར་ཏེ། །བཙུན་མོའི་ཞལ་ནས་བཙན་པོ་དྲལ་ལ་ཡང་། །བཀའ་ལན་ཡི་གེར་གསོལ་བ་ཅང་མ་མཆིས། །བཙན་པོ་ཞལ་སྔ་ནས་ནི་ཐུགས་བདེ་ཞིང་། །བཞུགས་པར་གློ་བ་དགའ་འོ་ཞེས་པའི་གཏམ། །ཏུན་ཧོང་ཡིག་རྙིང་ལས་གསལ་ད་དུང་ཡང་། །ལྷ་ཐོ་ཐོོ་རིའི་སྐབས་སུ་དམ་པའི་ཆོས། །དབུ་བརྙེས་ཟེར་བའི་པོད་ཏི་དེ་རྣམས་ནི། །བོད་ཡིག་ཐོག་ཏུ་བྲིས་ཚུལ་བན་དྷེ་ཡི། །ལོ་རྒྱུས་ལས་གསལ་དེ་དག་རྫུན་དུ་འགྱུར།
༼།གལ་སྲིད་མངའ་རིས་བོན་ཞིག་ཡོད་སྲིད་ན། །སྐད་དང་ཡི་གེ་གཅིག་པ་གཅིག་རྐྱང་ལ། །ལོ་པཎ་བོན་དེ་བསྒྱུར་བ་རྫུན་གཏམ་ཉིད།༽ །ཅེས་པ་དེ་ནི་དཔྱད་ན་བན་བོན་གྱི། །ལོ་རྒྱུས་ཁུངས་མ་དག་ལ་མིག་ཞར་ནས། །བྲག་ཕུག་བྱང་བལྟས་སྣང་བའི་གུ་དོག་ལྟར། །ང་སྙམ་བློ་ཡིས་གཞན་གྱི་ལེགས་ཚོགས་སྒྲིབ། །འདི་འདྲ་སྨྲ་བ་དུན་རྩེས་རང་སྨོད་དེ། །ས་སྐྱ་བླ་མ་བསོད་ནམས་རྒྱལ་མཚན་གྱིས། །སྤུ་ལྡེ་གུང་རྒྱལ་རུ་ལག་རྒྱལ་བློན་སྐབས། །ཞང་ཞུང་ནས་ནི་ཁམས་བརྒྱད་འབུམ་སྡེ་དག །བོད་དུ་བསྒྱུར་བར་བཤད་པ་རྫུན་དུ་འགྱུར། །སྨན་དཔྱད་རབ་མཁས་ཟུར་མཁར་བློ་གྲོས་ཀྱིས། །དཔལ་ལྡན་རྒྱུད་བཞིའི་ནང་དུ་དར་ཡ་ཀན། །སླེ་ཏྲེས་དང་ནི་ད་ཏྲིག་མོས་ཆ་ར། །བ་རུ་ར་དང་ཏྲེས་སམ་ལ་སོགས་པ། །ཞང་ཞུང་སྐད་དུ་སྨོས་པའི་སྨན་རིགས་མང་། །ཞེས་གསུངས་པ་དང་ནམ་མཁའི་ནོར་བུ་ཡིས། །ནད་བཅོས་སྔགས་རྣམས་ཞང་སྐད་རང་སར་བཞག །ཅེས་གསུངས་མཁས་པའི་གཞུང་ལུགས་རྫུན་འགྱུར་རམ། །ཞང་ཞུང་བོད་གཉིས་སྐད་ཡིག་མི་གཅིག་ཚུལ། །གོང་བཤད་བཞིན་དུ་མངོན་སུམ་ཚད་གྲུབ་ཡིན། །ད་དུང་དེ་ལ་རྫུན་བསྙོན་བྱེད་པ་ནི། །མུ་སྟེགས་རྒྱང་འཕེན་ལས་ཀྱང་ཐ་ཆད་འགྱུར། །གཡུང་དྲུང་བོན་གྱི་གཞུང་ལུགས་རྒྱ་མཚོ་ལས། །ཞང་ཞུང་མཁས་པ་སྟོང་རྒྱུང་མཐུ་ཆེན་དང་། །བོད་ཀྱི་མཁས་པ་ཤ་རི་དབུ་ཆེན་གྱིས། །ཞང་བོད་སྐད་གཉིས་ཚོམ་སྡེབ་ལེགས་བསྒྱུར་བའི། །སྲིད་པའི་མཛོད་ཕུགས་གཤེན་ཞལ་གཙང་མའི་བོན། །ད་ལྟ་མངོན་སུམ་ཚད་མའི་མཇལ་ཡུལ་གྱུར། །ལོ་པཎ་གཤེན་བརྒྱད་དྲན་པ་ལི་ཤུ་སོགས། །ཞང་བོད་སྐད་གཉིས་སྨྲ་བའི་ཁྱུ་ཚོགས་ཀྱིས། །བསྒྱུར་བའི་གཤེན་གྱི་དཔེ་ཚོགས་བྲག་རིའི་གཏོས། །གཡག་ཞར་ལྟ་བུ་མིན་ན་མཐོང་ཡུལ་འགྱུར། །ལོ་རྒྱུས་ཁུངས་མ་དེ་འདྲ་ཡོད་བཞིན་དུ། །ད་དུང་དེ་དག་ཐ་ཚན་རྫུན་འགྱུར་ན། །རྒྱ་བོད་ལོ་ཙཱས་བསྒྱུར་བའི་བན་དྷེའི་གཞུང་། །རྫུན་གཏམ་ཉིད་དུ་འགྱུར་བ་ཐེ་ཚོམ་དབེན།
༼།འོལ་གླིང་ས་རྒྱ་བོན་གཞུང་བཤད་པ་རྣམས། །མངའ་རིས་མི་དགོས་འཛམ་བུ་གླིང་ལ་མེད། །རྒྱལ་མཁར་བར་པོ་སོ་བརྒྱད་དབྱིབས་བཀོད་དེ། །སྔོན་ཆད་མི་དགོས་དེང་དུས་ཐོན་པར་མིན། །མུན་ལམ་གཅེན་འཕྲང་གངས་ཀྱི་ར་བ་རྣམས། །གོ་ལ་འདི་སྟེང་ཡོད་པ་མཐོང་མཁན་མེད།༽ །ཅེས་པ་དེ་ཡང་རྨོངས་པའི་བརྡོལ་ཚིག་ཅིག །འོལ་ཚོད་ཙམ་དུ་སྨྲས་པ་ཆེས་གསལ་ཏེ། །བོན་གྱི་གཞུང་ལུགས་གང་ལས་མ་བཤད་པའི། །འཛམ་བུ་གླིང་ལས་ཆེ་བའི་འོལ་ལུང་ཞིག །ལྷ་འདྲེའི་ལུང་བསྟན་ཡིན་ནམ་རྨི་ལམ་ཡིན། །གང་ལས་བྱུང་བར་མུན་པའི་མཚན་ཉིད་ཅིག །སྤྱིར་ནི་གཡུང་དྲུང་བོན་གྱི་གཞུང་ལུགས་ལས། །བཤད་པའི་དག་ཞིང་འོལ་མོ་ལུང་རིང་ནི། །ས་ཐོབ་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ལས། །སོ་སྐྱེའི་བློ་ཡི་མངོན་སུམ་མཐོང་ཡུལ་མིན། །དེར་ཡོད་རྒྱལ་མཁར་བར་པོ་སོ་བརྒྱད་ཀྱང་། །དེར་མཚུངས་དེ་ནི་དག་པའི་ཞིང་བཀོད་ཡིན། །རབ་འབྱམས་ཞིང་གི་བཀོད་པའི་ཚུལ་འདི་དག །བསྐྱེད་རྫོགས་རིམ་པའི་ཉམས་ལེན་མཐུ་ལས་གྲུབ། །དེ་ལ་སྔར་དང་དེང་སང་དཔེ་བཞག་ནས། །མི་ཡིས་བཟོ་བསྐྲུན་བསམ་པ་བླུན་པོའི་ལུགས། །དེ་དེ་ཁོ་ན་ལྟ་བར་མི་བྱ་སྟེ། །གཤེན་གྱི་མཛད་མདོ་རྒྱས་འབྲིང་བསྡུས་གསུམ་ལས། །གསུངས་པའི་གཤེན་ཡུལ་ཏི་སེ་གངས་རིའི་མདུན། །སྤོས་རི་ངད་ལྡན་མ་པང་མཚོ་ཡི་འགྲམ། །ཆུ་བཞིའི་མགོ་བོ་དེ་ནི་འོལ་མོ་ལུང་། །བཀའ་ལས་གསུངས་ལྟར་དངོས་རིག་ལག་ཟིན་ཡིན། །དེ་ལ་ཕྱི་ནང་གསང་བའི་གནས་བཀོད་ཡོད། །ཕྱི་ཡི་གནས་བཀོད་སོ་སྐྱེའི་སྤྱོད་ཡུལ་ཡིན། །ནང་དང་གསང་བ་གོང་བཤད་དག་ཞིང་ལྟར། །གྲུབ་ཐོབ་རིག་འཛིན་རྣམས་ཀྱི་མཐོང་ཡུལ་ལས། །བློ་ཤེད་དམན་པ་བྱིས་པའི་དངོས་ཡུལ་མིན། །དེ་ལྟར་འཕགས་དང་སོ་སྐྱེ་དང་བསྟུན་པའི། །གཤེན་ཡུལ་འོལ་མོ་ལུང་རིང་ཞིང་བཀོད་དག །མཁས་པའི་རྣམ་བཞག་མ་རྨོངས་འབྱེད་ཤེས་ན། །བན་བོན་གང་གི་ལུགས་དང་མི་འགལ་བའི། །བློ་གྲོས་སྤྱན་ལྡན་དགྱེས་པའི་རྒྱུ་རུ་མཆིས། །དེ་མིན་ཁྱོད་འདྲའི་རྣམ་དཔྱོད་རབ་རིབ་ཀྱིས། །ཆགས་སྡང་ར་རོས་ཟུར་ཟའི་ཅ་ཅོ་ལས། །ཚད་ལྡན་བན་བོན་གཞུང་ལ་འཇུག་ནུས་མིན། །གོ་ལ་འདིའི་སྟེང་ཡོད་ན་ཁྱོད་འདྲ་ཡིས། །མ་མཐོང་མེད་པར་འགྱུར་ན་ཤམ་བྷ་ལ། །ཟངས་མདོག་དཔལ་རི་མེད་པར་འདོད་དམ་ཅི།
༼།ཨ་དཀར་མ་ཏྲི་སྒྲོ་སྐུར་སྟོང་བཏགས་སྐད།༽ །ཅེས་སྨོས་དེ་ཉིད་མཐོང་བ་ཙམ་གྱིས་ནི། །ངོས་བཟུང་མེད་པའི་སྨྱོན་པའི་འཆོལ་ལབ་འདྲ། །ཅིའི་ཕྱིར་ཞེ་ན་བོན་གྱི་རྒྱུད་གཞུང་ལ། །ལྟ་བའི་མིག་ལོང་ཞེ་སྡང་ཁྲག་གིས་དབལ། །ཁྱོད་འདྲའི་རིགས་ལ་བདེན་ཚིག་བཀྲོལ་བ་ལས། །མཁྱེན་བརྩེའི་བདག་ཉིད་གཤེན་རབ་མི་བོ་ཡིས། །སེམས་ཅན་མི་སྲུན་གང་ཞིག་གིས། །བདག་ལ་ཇི་སྲིད་གནོད་བྱས་ཀྱང༌། །བསམ་ངན་སྦྱོར་བ་མ་ཡིན་པར། སླར་ཡང་དེ་ལ་ཕན་ཐོག་ཤོག །ཅེས་པའི་གདམས་དོན་བསམ་ན་ཕན་པ་ཆེ།
༼།མངའ་རིས་ཞང་ཡུལ་ལབ་མཁན་མི་གཅིག་མེད།༽ །ཅེས་པ་འདི་འདྲར་བཤད་པར་མཁས་པ་ཡི། །ཧ་ཧའི་གད་རྒྱང་སྒྲོགས་པའི་གནས་ལས་ཅི། །འོན་ཀྱང་ཁོ་བོའི་བརྩེ་བའི་བསམ་པ་ཡིས། །ཁྱོད་ལ་རྣམ་དཔྱོད་རིག་པའི་ལྡེའུ་མིག་སྦྱིན། །གལ་སྲིད་མངའ་རིས་ཞང་ཞུང་མིན་གྱུར་ན། །ས་སྟེང་འདི་ན་ཞང་ཞུང་རྙེད་མི་སྲིད། །ཞང་ཞུང་མེད་ན་སྲོང་བཙན་སྒམ་པོ་ཡིས། །ཞང་ཞུང་དབང་དུ་བསྡུས་པ་འུག་པའི་རྫུན། །ཏུན་ཧོང་ཡིག་རྙིང་མཁས་པའི་དགའ་སྟོན་གྱིས། །མངའ་རིས་སྐོར་གསུམ་ཞང་ཞུང་ངོས་བཟུང་ནས། །རྒྱལ་ཕྲན་བཅུ་གཉིས་ཡ་གྱལ་བཤད་དང་འགལ། །དེ་སོགས་བརྒལ་བརྟག་ཇི་ཙམ་སྤྲོས་ཀྱང་ཆོག
༼།རྨོངས་པའི་རྡོ་ཞྭ་གྱོན་པའི་བླུན་པོ་རྣམས། །རིགས་གཅིག་ཁ་འཐོར་བཏང་འདོད་སྨྱོན་པ་དངོས།༽ །ཞེས་པ་དེ་ནི་མ་བརྟགས་མ་དཔྱད་པའི། །གང་དྲན་སྨོས་པ་ཁྱི་ཐོང་ཟུག་ཆོམ་འདྲ། །ཞང་བོད་ལུང་པ་སོ་སོར་བསྙད་པ་ན། །བླུན་པོ་དང་ནི་སྨྱོན་པ་དངོས་ཡིན་ན། །མཁས་པའི་ཁྱུ་མཆོག་དཔའ་བོ་གཙུག་ཕྲེང་ཉིད། །དེ་རུ་འགྱུར་བས་བླུན་སྨྱོན་རྡོ་ཞྭ་ཅན། །ཁྱོད་ཉིད་མ་གཏོགས་འཇིག་རྟེན་ཁམས་སུ་སྟོང་།
༼།ལོ་རྒྱས་བདེན་པ་མེད་པའི་སྒྲུང་གཏམ་ལ། །རྫོང་ཆེན་རྫོང་ཕྲན་ཕབ་ལུགས་ཟད་པ་མེད། །བླུན་པོ་སྒྲུང་ལ་དགའ་བའི་འུག་པ་ལ། །བདེན་གཏམ་ཉི་མ་མཐོང་བའི་དུས་ཤིག་མེད།༽ །ཅེས་པའི་གཏམ་དེ་གནམ་བྱའི་སྐད་ངན་ཙམ། །དམིགས་བསལ་བརྒལ་བརྟག་མི་དགོས་གོང་བཤད་མཐུན།
༧ །དེ་ལྟར་ཁྱོད་ཀྱི་བླུན་གཏམ་སྐྱ་ཀའི་སྐད།།
བན་བོན་མཁས་པའི་ལུང་རིགས་བརྒྱ་ཕྲག་གིས།།
སུན་འབྱིན་ཡང་དག་བྱས་པ་དཔྱིན་ཕྱིན་གཏམ།།
བློ་ལྡན་གང་དག་དགྱེས་པ་སྦྲང་རྩིའི་དབྱིག །
༧རྒྱལ་གཤེན་གསུང་རབ་འཛིན་མའི་ཁྱོན་ཡོངས་སུ།།
བན་བོན་མཁས་པའི་ལེགས་བཤད་ག༵ངས་རིའི་སྤོར།།
ལུང་དང་རིགས་པའི་ང་རོ་སེ༵ང་གེའི་སྒྲ།།
རྣམ་དཔྱོད་གཡུ་རལ་ངོམ་བཞིན་གུ་གེར་ཧྲུད།།
སྤྱི་ལོ་༢༠༡༥ ཟླ་༢ ཚེས་༡༤ ཉིན་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་ཕྱྭ་སྲས་དགྱེས་པའི་བློ་གྲོས་སུ་འབོད་པའམ་སྨྱུག་མིང་དུ་གངས་སེང་ཞེས་བྱ་བ་དེས་བགྱིས་སོ།
ད་ཡང་མ་ཞུ་ཊི་ལ་གྲིས་ཕུང་པོ་མ་སྲདག་གོང་ལ། ཡང་འདིར། བན་བོན་ཚིག་མཚོན་འཕྱར་ཚར་འདུག
དེ་རིང་མ་གཏོགས་སྐྱ་ཀ་ཤག་ཟེར་བ་དེའི་སྐད་ཆ་དེ་ཚོ་གོ་མ་མྱོང་། ཁོ་ལྟ་བུ་ལ་དགག་ལན་འབྲི་བའི་རིན་ཐང་མ་མཆིས་སོ།
འདི་ཡན་ལ་བྲིས་ཚར་པ་རྣམས་བཀླགས་ནས། མུ་མཐུད་ནས་དགག་སྒྲུབ་མེད་ན། བོད་རང་བཙན་མེད་ན་ཡང་། དབུས་ལམ་གང་མགྱོགས་ཐོབ་པ་ལ་ཕན་ངེས་འདུག་པས་་་་་་་་་
སྐྱ་ཀ་ཤག་གི་སྐྱག་པ་ལ། །
དེང་རབས་མི་ཡིས་རེག་མི་བྱ། །
སྐྱ་ཀ་ཤག་གི་སྐག་པ་དེ།
ཕན་མེད་གནོད་ཆེ་ངོ་མ་རེད།
ནང་ལ་སྦས་ན་ཁོག་ནད་རེད།
ཕྱི་རུ་གཏང་ན་དྲི་ངན་རེད།
ཉག་དང་ཞང་ཞུང་སྐད་གཉིས་གཤིབ་བསྡུར་གྱི་ཡུལ་སྐད་ལ་དཔྱད་པ།
ཇེ་དགའ་དང་ཆོས་དཔལ་བཟང་པོ། 2014ལོའི་ཟླ 06ཚེས 27ཉིན་དང་། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།
དེ་ལ་མི་ཉག་གི་ཡུལ་སྐད་དང་ཡི་གེའི་སྐོར་བཤད་པར་དོན་ཚན་ལྔ་རུ་དབྱེ་ཆོག་སྟེ།
དང་པོ། མི་ཉག་གི་སྐད་དང་ཞང་ཞུང་སྐད་གཉིས་ཀྱི་གཤིབ་བསྡུར། དེ་ལ་བཞི་སྟེ། དང་པོར་གྲངས་ཀ་བརྗོད་པའི་མིང་ལ་བཞི་དང་དྲུག བདུན་བཅས་མ་གཏོགས་གྲངས་ཀའི་མཇུག་ཏུ་ལི་བརྗོད་མ་བརྗོད་ཙམ་ལས་ཚང་མ་འདྲ་བ་སྟེ། གཅིག་ལ་ཏིག གཉིས་ལ་ནེ། གསུམ་ལ་སུམ། ལྔ་ལ་ང། བདུན་ལ་སྣི དགུ་ལ་འགུ། ལྔ་བརྒྱ་ལ་ང་ར། བརྒྱ་ལ་ར་འབོད་པ་ལྟར་རོ། འདི་ལྟར་བརྗོད་ཚེ། མི་ཉག་གི་སྐད་མཁྱེན་པ་ཁ་ཅིག་གིས། མི་ཉག་གི་སྐད་དུ་བདུན་ལ་ཉིས་ལི་ཞེས་བརྗོད་པ་མིན་ནམ་ཞེ་ན། དེ་ཡང་བདེན་དེ། ཁོང་ཚོའི་གནའ་སྒྲུང་ཞིག་ཏུ་སྔར་རྨ་བྱ་བྱ་བརྒྱའི་རྒྱལ་པོ་ཡིན་ཚེ། ཁོང་གིས་བྱ་ཚོགས་ཀྱི་གཟུགས་ཆེ་ཆུང་ལ་གཞིགས་ཏེ་བྱེའུ་ཕྲུག་སྐྱེ་བའི་འཆར་གཞི་འཐེན་ཅིང་།བྱེའུ་མཐེབ་བོང་གཟུགས་ཆུང་བས་བྱེའུ་ཕྲུག་ནེ་ལི་སྐྱེ་ཆོག་པ་དང་། བྱ་ནེ་ལེ་གཟུགས་ཅུང་ཆེ་བས་བྱེའུ་ཕྲུག་སྣི་ལི་སྐྱེ་དགོས་པར་བཤད་ཀྱང་། ཁོང་གཉིས་ཀྱིས་གཟབ་ནན་སྒོས་མ་ཉན་པའི་དབང་གིས་ནོར་ཏེ། གོ་ལྡོག་སོང་བའི་སྒྲུང་སོགས་བཤད་རྒྱུ་ཡོད་ཅིང་། གནའ་མི་རྒན་པོ་ཚོས་བདུན་ལ་སྣི་ལི་ཞེས་འབོད་སྲོལ་ཡང་ཡོད་ཅེས་གསུངས་པར་བསྟེན་འདིར་དེ་ལྟར་བྲིས་པ་ཡིན། གཉིས་པར་ཆོས་ཅན་བརྗོད་པའི་མིང་ཁ་ཤས་ཀྱི་འདྲ་སའི་སྐོར། ང་ལ་ངུ། སེམས་ངན་ལ་མུ་ཁྲི། མི་ལ་མི་སྣིལ། ཐོད་པ་ལ་ཀ་པ་ལི། ཕོ་མོ་ལ་ཇེ་ཟ། ཆུ་ལ་ཅུ། འབྲུ་རིགས་ལ་ཙེ་ཅུ། ཡོད་པ་ལ་ཅི། མེད་པ་ལ་མྱི་ཅི། གཡག་ལ་འབྲོང་། བུ་ཆུང་ཆུང་གི་མཚན་མ་ལ་མ་ཙོ། ཞྭ་ལ་ལུམ། ས་ལ་སླ་འམ་རྩ། ཕུང་པོ་ལ་སྐུ་ཕུང་། རྐུན་མ་ལ་རྐུ་མི། མིག་ལ་དམིག ལྕེ་ལ་རི། རླུང་ལ་ལི། འཇིག་རྟེན་ལ་ཅི་ཏེན། གཅན་གཟན་ལ་བདུད། ཆང་ལ་ཡུ། ཟླ་བ་ལ་སླ་ནི། ནམ་མཁའ་ལ་མུ་ཞེས་སོགས་དང་། གཞན་འཁྲུལ་བ་ལ་མུ་ནོ་དང་། ཐལ་ཆེ་བར་ཐ་ཅེ། དགའ་ལ་འགུ་ཞེས་པ་སོགས་གཅིག་མཚུངས་ཡིན་ནོ། ། གསུམ་པ། ཞང་ཞུང་སྐད་ཀྱི་ཁྱད་ཆོས་བཞིན། མིང་རྐྱང་གི་མགོར་ཏི་ཡིག་ཡོད་པ་སྟེ། དཔེར་ན། ཞང་ཞུང་སྐད་དུ་བྱང་ལ་ཏི་བྱང་། ལོ་ལ་ཏི་ལོ། ཕྱི་ལ་ཏི་ཕྱི། ཕྱེད་ལ་ཏི་ཕྱེད་སོགས་ཡོད་པ་ཇི་བཞིན། མི་ཉག་གི་སྐད་ལའང་། སྐྱུར་ལ་ཏི་སྐྱུར་དང་། ཁ་ལ་ཏི་ཁ། ནད་ན་བ་ལ་ཏི་ངས། འཁྱགས་མོ་ལ་ཏི་ཀོས། ཡར་འཇོག་པ་ལ་ཏི་ཅི། ཚ་མོ་ལ་ཏི་རྫབ་ཞེས་པ་སོགས་ལྟ་བུའི་ཁྱད་ཆོས་སྲུང་འཛིན་བྱས་ཡོད། བཞི་པར་ཞང་ཞུང་སྐད་དུ།དྡྷི་ཙ་ཧྲི་ཙ་ཙ་མེ་སོགས་བུ་མོ་དང་བུ་ཚ། ན་ཆུང་བཅས་ཀྱི་ཙ་དང་། ཙུ་ཙ་ཟེར་བ་བཅས་ཆུང་ཆུང་གི་དོན་ལ་འཇུག་པ་ཅི་བཞིན་དུ་མི་ཉག་གི་ཙ་ཡིག་ཀྱང་ཆུང་ཆུང་གི་དོན་ལ་འཇུག་སྟེ། དཔེར་ན། བྱིས་པ་ཆུང་ཆུང་ལ་པུ་ཚེ་ཙུ་ཙ་དང་། བུ་མོ་ཆུང་ཆུང་ལ་མི་ཟ་ཙུ་ཙ། ལོ་ན་ཆུང་ཆུང་ལ་ཀེས་ཙུ་ཙ། རིན་གོང་ཆུང་ཆུང་ལ་གོང་ཙུ་ཙ་ཞེས་པ་སོགས་ལྟར་རོ། །
གཉིས་པ། མི་ཉག་གི་སྐད་དང་རྒྱལ་རོང་གི་སྐད་བར་གྱི་གཤིབ་བསྡུར། དེ་ཡང་བཙན་ལྷ་ངག་དབང་ཚུལ་ཁྲིམས་ལགས་ཀྱིས་བྲིས་པའི་རྒྱལ་རོང་ཡུལ་སྐད་སྐོར་རགས་ཙམ་གླེང་བ་ཞེས་པར་རྒྱལ་རོང་སྐད་ཀྱི་ཁྱད་ཆོས་བརྗོད་སྐབས། རྒྱལ་རོང་གི་སྐད་ལ་རྣ་ལ་དེ་ར་ན་དང་། སྣ་ལ་དེ་ས་ན། སྐྲ་ལ་ས་ཀ་ར། མཁྲིས་པ་ལ་དེ་མ་ཁ་རི་ས་ཞེས་བརྗོད་པ་ལྟ་བུ་འདི་དག་སོ་སོར་འཕྲལ་ནས་བརྗོད་པ་མིན་པར་ཚེག་བར་གཅིག་གི་ནང་དུ་སྔོན་འཇུག་དང་རྗེས་འཇུག མགོ་ཅན་དང་འདོགས་ཅན་སོགས་ཀྱི་སྒྲ་ཟུར་ཙམ་ཐོན་པ་ཞིག་ཡིན། ཞེས་གསུངས་པ་བཞིན། མི་ཉག་གི་སྐད་ལའང་། དེའི་ཁྱད་ཆོས་ད་དུང་ཡོད་པ་དཔེར་ན། མིག་ལ་མི་གི་དང་། བསྒྲིལ་བ་གི་རིལ། བརྐོ་ལ་བ་རྐོ། བརྡུངས་ལ་བི་རྡ་སི། གསན་ལ་ཁེ་སེ་ང་ཞེས་བརྗོད་པ་ལྟ་བུ། ཡང་རྒྱལ་རོང་གི་སྐད་ལ། ཤིང་ལ་དེ་ཤིང་དང་། མི་ལ་དེ་མི། ཆུ་ལ་དེ་ཆུ་ཟེར་བ་ལྟར། མི་ཉག་གི་སྐད་ལའང་སྐྱུར་ལ་ཏི་སྐྱུར། ཁ་མོ་ལ་ཏི་ཁ་སོགས་ཀྱི་ཁྱད་ཆོས་ཡོད་པ་ནི་གོང་དུ་བཤད་ཟིན་ལ། ཉན་ཤུལ་མཁྱེན་རབ་འོད་གསལ་སོགས་ལྟར་ན། མིང་གི་ཐོག་མའི་དེ་སྒྲ་ནི་རྒྱལ་རོང་དང་བརྡ་རྙིང་གི་སྐད་ཀྱི་ཁྱད་ཆོས་ཞིག་ཡིན་ཞིང་། རྩ་བར་བཤད་པའི་དེ་སྒྲའི་གཞི་འཛིན་སའང་ཡིན།ཞེས་གསུངས། དེ་མིན། ཆོས་དང་ཆོས་ཅན་བརྗོད་པའི་ཐ་སྙད་ཀྱང་མང་པོ་ཞིག་ལ་འདྲ་ས་ཡོད་རུང་། འདིར་དཔེ་མཚོན་ཙམ་ཞིག་དྲངས་ན། དཔེར་ན། ཞྭ་ལ་དྭ་དང་། ཆུ་ལ་ཅུ། ཨ་ཅེ་ལ་ཨ་ར། ཨ་ནེ་ལ་ཨ་ནེ། ང་ཚོ་ལ་ཡུ་ནི། ཁྱོད་ལ་ན། ཨ་མ་ལ་ཨ་མི། ཨ་ཞང་ལ་ཨ་འོ། ནས་ལ་ཧྲ། འོ་མ་ལ་ལི། ཆུར་བ་ལ་ཆུ་བ། ཨ་རག་ལ་ཨ་རག ཚྭ་ལ་ཚུ། གནམ་ལ་མི། ལྡེ་མིག་ལ་གེ། ཞི་ལ་ལ་ལིའམ་ལི་ལི། ཁྱི་ལ་ཁི། སེངྒེ་ལ་སེངྒེ། རྡོ་ལ་རྒྱོ། དམར་པོ་ལ་ནིས་སམ་ནིས་ནིས། ལྕགས་ལ་ཤེ། དཀར་པོ་ལ་ཁྲི། གྲངས་ཀ་བརྗོད་པའི་སྐབས་ལྔ་དང་བདུན། དགུ ཉི་ཤུ་སོགས་ཀྱི་གཞུག་ཏུ་ལི་ཡིག་ཡོད་མེད་ཙམ་ལས་གཅིག་མཚུངས་ཡིན་ཞིང་། རྒྱལ་རོང་སྐད་ཀྱི་གྲངས་ཀ་ལའང་མི་ཉག་གི་སྐད་དང་འདྲ་བར་གཞུག་ཏུ་ལི་ཡིག་བརྗོད་སའང་ཡོད་དེ། དཔེར་ན། རྒྱལ་རོང་སྐད་དུ་བཞི་ལ་གུར་བུ་ལི་ཞེས་པ་དང་། བཅུ་བཞི་ལ་ཅ་བུ་ལི་ཞེས་པ་ལྟར།མི་ཉག་སྐད་ཀྱི་གྲངས་ཀ་ལའང་གཅིག་ལ་དི་ལི་དང་། གཉིས་ལ་ནི་ལི། གསུམ་ལ་གསུམ་ལི། བཞི་ལ་རི་ལི་སོགས་ཡོད་དོ། ། སྤྱིར་ཡུལ་སྐད་དེ་གཉིས་ལ་སྔོན་གྱི་ཁྱད་ཆོས་མང་པོ་ད་དུང་མ་ཉམས་པར་ཡོད་ཀྱང་། དཔལ་འབྱོར་དང་། འགྲིམ་འགྲུལ། ཆ་འཕྲིན་སོགས་ཀྱི་དབང་གིས་མི་འདྲ་བའི་ཆའང་མི་ཉུང་བ་ཞིག་འདུག་གོ །
གསུམ་པ། མི་ཉག་གི་སྐད་དང་གནའ་བོའི་བརྡ་རྙིང་བར་གྱི་གཤིབ་བསྡུར། རབ་བྱུང་དང་པོའི་ཚིགས་ཁ་མའི་དུས་བྱུང་བའི་རྔོག་ལེགས་པའི་ཤེས་རབ་ཀྱིས། ཨ་ཕ་ཁོ་ནི་ཇ་ཆང་ཤ། གཅིག་པུ་ཟ་འཛུ་དེ་ལ་ཧེ། ཉེ་ཝ་ཚོ་ནི་ཏིག་ག་རེ།། ཐོབ་ཙམ་ཞུ་ཞེས་བྱ་བ་ཡིན། ཞེས་པའི་ནང་གི་འཛུ་དང་ཧེ། ཉེ་ཝ་ཟེར་བ་སོགས་མི་ཉག་གི་ཡུལ་སྐད་དུ་ད་དུང་མ་ཉམས་པར། ཟ་བ་དང་། མགོ་འཁོར་བ། ཉེ་འབྲེལ་སོགས་ཀྱི་དོན་ཡིན་ཞིང་། གཞན་སྔོན་གྱི་བརྡ་རྙིང་དག་ལ་འཚལ་མ་འཚལ་ཞེས་པའང་ཟ་མ་ཟ་བའི་དོན་ཡིན་ཞིང་། འདི་གའི་མི་ཉག་བས་ཀྱང་འཛུ་བ་འཛུ་ཞེས་པ་ཟ་མ་ཟ་ཞེས་སྔོན་གྱི་འཛུ་བ་གཉིས་ནི་ཟ་མའི་དོན་དང་། གཞུག་གི་འཛུ་ནི་ཟ་ཞེས་པའི་དོན་ནོ། ། གཞན་ཁམས་བྲག་འགོ་རྫོང་གི་དགེ་རྒན་ཆོས་བཞིན་སོགས་ཀྱིས་དེང་གི་ཞེ་ཚིག་དག་ནི་མ་གཞི་སྔོན་གྱི་བརྡ་རྙིང་སྟེ་ལྷག་པར་ཏུ་ཞང་ཞུང་སོགས་ཀྱི་སྐད་ཀྱིས་གྲུབ་པ་ཡིན་ཞེས་གསུངས་བཞིན་འདུག་ན། འདི་ན་མི་ཉག་གི་སྐད་ཞེ་ཚིག་ཏུ་གྲུབ་པའང་ཡོད་དེ། དཔེར་ན། མགོ་ལ་དབུ་ཞེས་པ་དང་། བསད་པ་ལ་དཀྲོངས། འཐུང་བ་ལ་མཆོད། ལུས་ཕུང་ལ་སྐུ་ཕུང་ཞེས་པ། གཞན་ཡར་ལ་བཞེངས་ཟེར་བར་ཏི་བཞེངས་དང་། མར་ལ་བཞུགས་ལ་བོ་བཞུགས། ཟ་མ་གསོལ་བར་གསོལ་བ་འོ་གསོལ། རྟ་ལ་ཞོན་པར་ཆིབས་པ་ཁོ་ཅིབས་སོགས་ཡོད་ཅིང་། གཞན་དཔེར་ན། སྨན་ལ་རྩི་དང་། བསང་བ་ལ་བརྩངས་པ། རིན་ཆེན་ལ་རིན་ཅེན། དཀོན་མཆོག་ལ་དཀོན་ཅོག དགག་སྒྲའི་མི་ལ་མྱི། རྩ་ལག་ལ་གཉེན། དཔང་པོ་ལ་གཉའ་བོ། དྲིས་པ་ལ་རྨས་པ། སྟེར་བ་ལ་སྟབ། རྒྱས་པ་ལ་བརྟ་རྒྱ། བསམ་པ་ལ་མནོ་པ། འདི་ལ་འོ་ནི། སྨྲ་བ་ལ་གཏི། སོ་རྙིལ་ལ་རྣིལ། མི་ནད་ལ་མི་ངས། ང་ཚོ་ལ་ཡུ་ནི། སོམས་ཤིག་ལ་ཐོམས། བོར་ལ་འོར་བ། ཉེ་འཁོར་ལ་གལ་ཡོ། ཤེས་པ་ལ་འཁུམས། མེ་བཙའ་ལ་མོག་ཟ། རྡོ་ལ་རྒྱོ་སོགས་ཡོད་ལ། ཕག་པ་རུམ་ཞེས་པ་དེ་དེང་སང་ང་ཚོས་ཞིས་ཟེར་བཞིན་ཡོད་ཀྱང་། ཕག་པ་ལ་འབོད་སྐབས་རུམ་རུམ་ཞེས་འབོད་བཞིན་ཡོད་པར་གཞིགས་ན་སྔོན་ཆད་ཕག་པ་ལ་རུམ་ཞེས་པ་མཚོན་ནོ་བསྙམས། སྤྱིར་མི་ཉག་གི་སྐད་དང་བོད་ཀྱི་བརྡ་རྙིང་བར་འདྲ་ས་ཤིན་ཏུ་མང་པོ་ཞིག་ཡོད་འོས་ཀྱང་། ང་ཚོར་བརྡ་རྙིང་གི་ཐད་ལ་སྦྱངས་བ་དམན་པས། སྐབས་འདིར་ནི་སྐྱོགས་སྟོན་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས་ཀྱིས་བོད་རབ་བྱུང་བརྒྱད་པ་གདོང་ངན་ཞེས་པ་མེ་སྤྲེལ་(སྤྱི་ལོ་༡༡༣༦)ལོར་བརྩམས་པའི་ཞེས་པའི་དེབ་གཅིག་གི་ནང་གི་ཐ་སྙད་དག་དང་གཤིབ་བསྡུར་བྱས་པ་ཙམ་ལས་རྒྱས་པར་དཔེ་ཆ་གཞན་ནས་རྒྱུས་ལོན་བྱ་མ་ནུས་ཕྱིན། ཕྱིས་འབྱུང་གཞོན་ནུ་རྣམས་ཀྱིས་དེའི་སྐོར་ལ་སྔོག་འདོན་མང་ཙམ་གནང་བར་འཚལ།
བཞི་པ། མི་ཉག་གི་སྐད་དང་ཁམས་ཀྱི་འབྲོག་པའི་སྐད་བར་གྱི་གཤིབ་བསྡུར། གཅིག་ན་གྲངས་ཀའི་གཉིས་དང་། གསུམ། ལྔ། དགུ་སོགས་ཀྱི་རྗེས་སུ་ལི་ཡིག་བཀོད་མ་བཀོད་ཙམ་ལས་སྒྲ་ཧ་ཅང་ཉེ་ལ། གཉིས་ན། སངས་རྒྱས་ཆོས་ལུགས་ཀྱི་ཐ་སྙད་ཕལ་ཆེར་ཚང་མ་གཅིག་འདྲ་ཡིན་ཏེ། དཔེར་ན། གདུགས་དང་རྒྱལ་མཚན། ཌ་རུ། དྲིལ་བུ། སིལ་སྙན། ཆོས་གོས གཟན་ཤམ། ཏིང་ཕོར། བུམ་པ། མཎྜལ། བ་དན། ཀ་འཕན། རྐང་གླིང་། རྒྱ་གླིང་། དུང་ཆེན་སོགས་ལྟ་བུ། གསུམ་ནི་ དམག་གི་གོ་ཆའི་རིགས་ཀྱི་མིང་ཡང་གཅིག་གྱུར་ཡིན་པ། དཔེར་ན། ཁྲབ་རྨོག་འཁོར་གསུམ་དང་མདའ་གྲི་མདུང་ཕུབ་སོགས་ལྟ་བུ་དང་། བཞི་ནི་ལས་གནས་ཀྱི་ཐ་སྙད་ཕལ་ཆེར་གཅིག་འདྲ་ཡིན་པ། དཔེར་ན། འབྲོག་པ་དང་རོང་པ། བླ་མ། མཁན་པོ། དགེ་བཤེས། དགེ་རྒན། དགེ་ཕྲུག གྲྭ་པ། དགེ་བསྐོས། ཕྱག་མཛོད། གཉེར་པ། ཚོང་པ། མག་པ། ཤིང་བཟོ། རྡོ་བཟོ། མགར་བ། ཇག་པ། རྐུན་མ་སོགས་ལྟ་བུ། ལྔ་ནི་རྒྱན་གོས་ཀྱི་སྐོར་གྱི་ཐ་སྙད་ལའང་འདྲ་ས་ཧ་ཅང་མང་སྟེ། དཔེར་ན། སྐེ་རྒྱན། ཤེལ་སྒོ། ཕྲེང་བ། བྱུ་རུ(བཅུ་རུ་ཞེས་ཁམས་ཕྱོགས་ཀྱི་ས་ཆ་ལ་ལས་བ་ཡ་བཏགས་ལ་བཅའ་ཞེས་འདོན་སྲོལ་གནའ་བོའི་འདོན་སྟངས་ཁྱད་པར་བ་ཞིག་ཏུ་འདོད། )གཡུ། གཟི། ཕྲུག་ལྭ། ལྭ་བ། མུ་ཏིག མུ་མེན། མཆོང་། པདྨ་ར་ཀ རྡོ་རྗེ་ཕ་ལམ། ཚ་རུ་སོགས་གཅིག་འདྲ་ཡིན་ལ། རྩག་པར་ཏག་གྭ་ཞེས་འབོད་པ་དེའང་ཨ་མདོའི་ཕྱོགས་ཀྱི་འབོད་སྟངས་དང་ཧ་ཅང་ཐག་ཉེ་པོ་འདུག་སྙམ་གྱི་ཡོད། ད་དུང་ལྕགས་རིགས་ལས་ཟངས་དང་། རག ཧ་ཡང་། ཞ་ཉེ། བཤའ་བཅས་སོགས་ཀྱང་ཇི་མ་ཇི་བཞིན་ཏུ་འདུག གཞན་སྨན་རྫས་རིགས་ཀྱི་མང་ཡང་ཕལ་ཆེར་གཅིག་མཚུངས་ཡིན་ཏེ། དཔེར་ན། གླ་རྩི་དང་། དོམ་མཁྲིས། དབྱར་རྩྭ་དགུན་འབུ། རི་རྟ། བྱ་རྒོད་སུག་པ། ཏང་ཀུན། སྲོ་ལོ་དཀར་པོ། སྲོ་ལོ་དམར་པོ། ཅོང་ཞི་སོགས་གཅིག་མཚུངས་ཡིན་པ་ལྟར་རོ། ། ཆོས་བརྗོད་ཀྱི་མིང་ལའང་འདྲ་ས་མང་པོ་ཡོད་དེ། རྒྱས་སྤྲོས་ལ་དགའ་བའི་དོན་གྱི་སྟོང་སྐ་ཚ་ཞེས་པ་དང་། བྱ་ཚིག་ལ་གཟུགས་འགྱུར་བའི་བྱ་ཚིག་གི་ཁྱད་ཆོས་ཡོད་པ་སྟེ། དཔེར་ན། ཟ་མ་ཟ་ཞེས་པའི་ཟའི་དོན་གྱི་འཛི་ནི་ད་ལྟ་བ་དང་། འཛོ་ནི་འདས་པ། ཛོས་ནི་སྐུལ་ཚིག་ཡིན་པ་ལྟར་རོ། ད་དུང་བྱེད་སྒྲ་ཕལ་ཆེར་འ་ཡིས་མཚོན་པ་དཔེར་ན། ང་ཡི་ཞྭ་ཟེར་བར་ངི་འ་ཏྭ་དང་། ཁྱོད་ཀྱི་ལྷམ་ཟེར་བར་ན་འ་ཟོམ་པ་ཟེར་བ་ལྟ་བུ་དང་། བྱེད་སྒྲ་ཕལ་ཆེར་འིས་དང་ཡིས་ཡིས་མཚོན་ཡོད་དེ། དཔེར་ན། ངས་ཟ་མ་ཟ་ཟེར་བར་ངས་འཛི་བ་འཛི་དང་། ཁྱོད་ཀྱིས་ཟ་མ་ཟོ་ཟེར་བར་ན་ཡིས་འཛི་བ་ཛོས་ཞེས་པ་ལྟར་དང་། ལ་སྒྲ་ལ་ལེ་སྒྲ་སྦྱོར་སྲོལ་ཡོད་དེ། དཔེར་ན། ང་ལ་སྦྱིན་རོགས་ཟེར་བར་ངི་ལེ་ཐུག་ཁ་ཞེས་དང་། ཁྱོད་ལ་སྟེར་ཟེར་བར་ན་ལེ་ཐོབ་སྟབ་ཞེས་པ་ལྟར་རོ། ། ལྷག་བཅས་ཀྱི་སྒྲ་ལ་ཙི་ཀི་སྤྱོད་སྲོལ་ཡོད་དེ། དཔེར་ན། ཡར་ལངས་ཏེ་སོང་ཟེར་བར་ཏི་རེ་ཙི་ཀི་རི་ཀ་ཧོ། གོས་ཕུད་དེ་ཉལ་ཟེར་བར་གོས་ན་གྱི་ཙི་ཀི་ཁུས་ཞེས་པ་ལྟར་རོ། ། དེ་མིན་བརྩོན་འགྲུས་བྱེད་པའི་དོན་གྱི་ཨུ་རུ་མུ་རུ་དང་ཐབས་ཟད་འུ་ཐུག་ཅེས་པའི་དོན་གྱི་ཨུར་ཐུག་སོགས་མཚུངས་པ་དང་། ཁྱད་གཞི་གང་ཞིག་གི་ཁྱད་ཆོས་བརྗོད་པའི་སྐབས་སུ་ཁྱད་གཞི་སྔོན་དུ་བཀོད་ཅིང་། ཁྱད་ཆོས་རྗེས་སུ་བརྗོད་པ། དཔེར་ན། སྦྲ་ནག་པོ་ལ་སྦྲ་ནག་ཐིང་ཐིང་དང་། གུར་དཀར་པོ་ལ་གུར་ཁྲི་ཁྲི། སྤང་ལྗང་ཁུ་ལ་པང་ལྗང་ཁུ་འབོད་པ་སོགས་ལྟ་བུ། ད་དུང་ཚིག་ཕྲད་ཁ་ཅིག་སྟེ། གང་ལྟར་ཅེས་པའི་དོན་གྱི་ནམ་པེ་དང་། མ་གཏོགས་ཞེས་པའི་དོན་གྱི་མ་གཏོགས་དང་མི་ཟི། ཕལ་ཆེར་ཟེར་བའི་དོན་གྱི་ཧ་ལམ་དང་། བར་ཁྱད་མེད་པའི་དོན་གྱི་ཨ་ཏོ། ས་ཐག་ཧ་ཅང་རིང་བའི་དོན་གྱི་ས་ཡིག་ལ་ས་ལྷ་སར་ཡར་ལ་སོང་ཟེར་བར་ས་ལྷ་སར་ཏི་ཧི་དང་། ས་ཁྲིན་ཏུའུ་ལ་མར་སོང་ཟེར་བར་ས་ཁྲིན་ཏུའུ་ནི་ཧི་ཟེར་བ་སོགས་གཅིག་མཚུངས་ཡིན། ད་རུང་གཤེ་གཤེ་གཏོང་བའི་དོན་ལ་འཇུག་པའི་དབའ་ཡིག་དེ་དེང་སང་འབྲོག་པ་ཚོས་ཁྱི་ཟིག་པའི་དོན་ལས་སྤྱོད་བཞིན་མེད་རུང་། མི་ཉག་གི་སྐད་དུ་མི་ག་གེ་མོས་གཤེ་གཤེ་བཏང་ཞེས་པར་མི་ག་གེ་མོས་དབའ་ཞེས་ཟེར་སྲོལ་ཡོད་དོ། ། གཞན་ཞེས་པའི་རྩོམ་ཡིག་ནང་རྩོམ་པ་པོ་ཤོང་བེན་པིན་(熊文彬)གྱིས་གསུང་དོན། ཞིབ་འཇུག་ལྟར་ན། མི་ཉག་རྒྱལ་ཁམས་འཛུགས་པའི་ལྡོང་བྱང་པ་བྱང་དུ་མ་བསྐྱོད་སྔོན་བོད་པ་ཡིན་པས་མ་ཚད། དེའི་སྐད་རིགས་ཀྱང་བོད་ཀྱི་ཨ་མདོའི་སྐད་ཀྱི་ཆ་ཤས་ཤིག་ཡིན། ཞེས་གསུངས་ཡོད་ལ། ལྷག་པར་ཏུ་གྲངས་གནས་གཉིས་ཡན་གྱི་གྲངས་ཡོད་ཚད་ཀྱི་འབོད་སྟངས་ཇི་མ་ཇི་བཞིན་ཡིན་པ་དང་། གཞས་དང་གཏམ་དཔེ། བསང་མཆོད། གཏམ་བཤད་སོགས་ཚང་མ་ད་ལྟའི་བོད་སྤྱི་འགྲོས་ཀྱི་སྐད་དང་གཅིག་འདྲ་ཡིན་ནོ། །
་་་་་་་་་་་་་་་་་་་་་་་ རྒྱལ་རོང་གི་སྐད་ལ་རྣ་ལ་དེ་ར་ན་དང་། སྣ་ལ་དེ་ས་ན། སྐྲ་ལ་ས་ཀ་ར། མཁྲིས་པ་ལ་དེ་མ་ཁ་རི་ས་ཞེས་བརྗོད་པ་ལྟ་བུ་འདི་དག་སོ་སོར་འཕྲལ་ནས་བརྗོད་པ་མིན་པར་ཚེག་བར་གཅིག་གི་ནང་དུ་སྔོན་འཇུག་དང་རྗེས་འཇུག མགོ་ཅན་དང་འདོགས་ཅན་སོགས་ཀྱི་སྒྲ་ཟུར་ཙམ་ཐོན་པ་ཞིག་ཡིན། ་་་་་་་་་་་་་་
ཀརྡོ་་་་་་་ཁྱོའི་སྐད་ཆ་དེ་མི་དགོས་པའི་གསལ་བཤད་ཅིག་རེད། ཧ་ཧ་ཧ
ཡུལ་ལུང་འགའ་ཤས་ལ། ཕྱེ་ལ། ཕེ་ཟེར་བ་ལྟར། སྐྲ་ལའང་། ས་ཟེར་མཁན་འདུག