ཆང་སྐྱེས།
མུན་ནག་གི་སྨག་རུམ་ཀློང་ན
ཐ་མག་རྐང་གཅིག་གི་ཚེ་སྲོག་རྔུབ་བཞིན
ང་རང་བྱིས་པ་ཞིག་དང་འདྲ་བར་ངུས་བྱུང
ངུ་བཞིན་ངུ་བཞིན་དུ
ངས་ཅི་ཞིག་དྲན་བྱུང
ལྷ་སའི་བར་བསྐོར་ན་བོར་བའི་རྐང་ཐང་གི་མཇལ་བ་ཆུང་ཆུང
འབྲི་ཆུའི་འགྲམ་ངོགས་ན་གཤེགས་པའི་ཁེར་རྐྱང་གི་རྣམ་ཤེས་རྨས་མ
རྨ་ཆུའི་ཁུགས་སོ་ནས་མཆེད་པའི་ལ་རྒྱ་ཡི་མེ་སྟག་དམར་བོ
མདོར་ན དྲག་ཆར་དང་བུ་ཡུག་གི་ཀློང་ན་གསེར་མདོག་གི་གཟི་མདངས་ཉམས་པའི
ཕོ་བྲང་པོ་ཏ་ལ
སྨག་རུམ་སྟུག་པའི་དོ་ནུབ
དྲན་གདུང་གི་ན་ཟུག་ཨུ་ཚུགས་ཀྱིས་མིད་བཞིན
ང་བྱིས་པ་ཞིག་དང་འདྲ་བར་ངུས་བྱུང
ངུ་བཞིན་ངུ་བཞིན་དུ
ངས་ཅི་ཞིག་དྲན་བྱུང
སྦྲ་ནག་དང་ནོར་ལྕི་ཡི་འདབས་རོལ་ན
རེ་སྒུག་གི་མིག་ཟུང་སྐམ་པའི་དྲིན་ཆེན་མ་ལོ
ཅེ་སྤྱང་དང་ཤ་ཁྱི་ཡིས་འཇབ་རྒོལ་ཕག་ན
ཕྱུགས་ཟོག་གི་རྨིག་རྗེས་འཚོ་བའི་ཨ་ཇོ་ཚེ་རིང
ད་དུང མཚོ་སྔོན་པོའི་མཐའ་འགྲམ་ན
ཁེར་རྐྱང་གིས་རྒས་པའིབུ་མོ་སྒྲོལ་མ
སྨག་རུམ་སྟུག་པའི་དོ་ནུབ
ང་ལ་དྲན་པ་ཧ་ཅང་ལྕི
ལེགས་བཤད།
འདས་པ་ཐམས་ཅད་དྲན་པའི་ཡུལ། །
འབྱུང་འགྱུར་ཐམས་ཅད་རྨི་ལམ་ཡུལ། །
ཡོད་པ་གཅིག་པུ་ད་ལྟ་རེད། །
ད་ལྟའི་ཡུལ་ལ་ངོམས་བཞིན་སྤྱོད། །
འདས་པ་རྗེས་འདེད་བྱེད་པ་བྱིས་པའི་བློ་།
མ་འོང་མདུན་བསུ་བྱེད་པ་རྒན་ཁོག་བློ་།
ད་ལྟ་ལག་ལེན་ལྟར་བ་མཁས་པའི་བློ་།
དུས་གསུམ་མཉམ་སྲེས་བྱེད་པ་རྩིས་མཁན་བློ་།