དུར་བྱང་།
མ་གཞི་ལོ་སར་ཞེས་པའི་ཐ་སྙད་ནམ་བྱུང་དང་འབྲེལ་བའི་དེའི་འབྱུང་ཁུངས་དང་འཕེལ་རིམ་སོགས་གསལ་ལ་ངེས་པ་ཞིག་འདྲི་ཐུབ་ན་ག་འདྲའི་ཡག་པོ་འདུག འོན་ཏེ། ཁོ་བོར་མཚོན་ན་བོད་ཀྱི་ཡུལ་ལུང་སོ་སོར་རྒྱུས་ཆ་ཡེ་མེད། དེའི་ཁར་ཕྲན་པའི་ལྟེ་ཁྲག་འཕོས་ས་དང་འཚར་ལོངས་བྱུང་ས་ཁུ་སིན་ཡུལ་ཚོ་ལའང་ལོ་སར་སྐབས་བྱེད་སྒོ་ཅི་ཡོད་སོགས་རང་གཞན་ཀུན་པོ་ཡིད་ཆེས་ཕེར་བ་ཞིག་ཡོང་དཀའ། རེད་དེ། ལ་ཙེའི་ཇ་ཁང་ནས་འབོད་སྐུལ་ཞུས་པ་ལྟར་དོན་གནད་འགའ་བྲི་བར་བྱ།
གཅིག་བྱས་ན། བྲི་འགྱུར་གྱི་རྣམ་གྲངས་དེ་དག་གཞན་དང་མཚུངས་པའམ། གཅིག་པའམ། བག་ཙམ་མི་འདྲ་བའང་ཡོང་རེ་ཆེ།
སང་ཉིན་ལོ་སར་ཚེས་གཅིག་རེད། དོ་དགོང་དགུ་ཐུག་འཐུང་བཞིན་ཡོད། དགུ་ཐུག་ནང་དུ་རྡོ་དཀར་པོ་དང་རྡོ་ནག་པོ་རེ་གཡུག་སྟེ་རྡོ་དཀར་པོ་སུ་ལ་ཁེལ་ན་དེའི་སེམས་པ་བཟང་། ནག་པོ་ཁེལ་ན་དེའི་སེམས་པ་ནག་པོ་མཚོན་གྱི་རེད་ཅེས་ཟེར། བཤད་སྲོལ་ལ་དགུ་ཐུག་དཀར་ཡོལ་དགུ་རེའམ་ཕོ་བ་བཀད་ལ་ཁད་ཅིག་མ་བཏུང་ན་གཤིན་རྗེ་ཆོས་རྒྱལ་གྱིས་རྒྱ་མ་ཚད་ཁོ་ཐག་ཡིན་ཞེས་ཟེར། གལ་ཏེ་རྒྱ་ཁ་མ་ལོན་ན་གཤིན་རྗེ་ཆོས་རྒྱལ་གྱིས་གང་ཞིག་ལ་ཁྱེར་འགྲོ་བ་རེད། སྐབས་དེར་བྱིས་པ་ཚོར་ཤིན་ཏུ་སྐྲག དགོང་མོར་ཉལ་རན་པའི་སྐབས་སུ་ལྷག་པར་འཇིགས། རྒྱ་ཁ་མ་ལོན་པའམ་དགུ་ཐུག་དཀར་ཡོལ་དགུ་རེ་འཐུང་མ་ཐུབ་པའི་བྱིས་པ་ག་ཚོད་ཡོད་ན་ཐག་པ་ཞིག་གིས་མཉམ་དུ་སྦྲེལ་ནས་ཉལ་བ་ཡིན། འོན་ཀྱང་གཉིད་མི་ཡོང་། མཚན་གུང་བོ་འཕག་འཚག་བརྒྱབ་ནས་འདུག་རྒྱུ་རེད།
ལོ་སར་ཚེས་གཅིག་ལ་བསླེབས་སོང་། ད་ལྟ་ནམ་གུང་གི་དུས་ཚོད་དང་པོ་ཡས་མས་ཤིག་ཡིན། གསར་བུ་ཚོས་བསང་ཕུལ་བཞིན་ཡོད། བསང་ཕུལ་ཚར་རྗེས་ཅུང་ཙམ་ཉལ་བ་ཡིན། ད་ནི་སྐྱ་རེངས་ཤར་ཡོང་གི་འདུག ཡང་སྐྱར་གསར་བུ་ཚོས་བསང་ཕུལ་བཞིན་ཡོད། སྐབས་དེར་བུད་མེད་ཚོ་ཡང་ཡར་ལང་གིན་འདུག འོ་ཤར་རིའི་རྩེ་ནས་ཉི་འོད་འཕྲོས་སོང་། ཡང་སྐྱར་གསར་བུ་ཚོས་བསང་ཕུལ་བཞིན་ཡོད། འོ་ད་འགྲིག་སོང་། བསང་ཕུད་ཚར་སོང་།
གཟའ་མི་གང་བོས་དྭངས་ཤིང་གཙང་བའི་ཆུའི་ནང་ལ་འབྲི་མོའི་འོ་མ་བླུགས་ཏེ་ཞལ་ངོ་འཁྲུད་བཞིན་འདུག འདིའི་མིང་ལ་ཆུ་དཀར་པོ་ཞེས་འབོད། ཆུ་དཀར་པོས་གདོང་པ་ཁྲུས་ཤིག་ཅེས་སྐུལ་མ་གཏོང་གི་རེད། བསང་གསུམ་པ་ཕུད་སྐབས་བུད་མེད་ཚོར་ཆུ་ལེན་དུ་འགྲོ་བ་ཡིན་ལ། ཆུ་དེའི་མིང་ལ་ལོ་ཆུ་ཞེས་ཟེར། ཆུ་གསར་བ་དེས་གཞི་ནས་ཇ་སོགས་བསྐོལ་བ་ཡིན། ལྷོག་ལྷོག་ཏུ་གདུ་བཞིན་པའི་འོ་ཇ་སྐྱོགས་གང་སྒོ་ཁ་ཁྱེར་ཡོང་ནས་ཤར་ལྷོ་ནུབ་བྱང་རེ་རེ་ལ་ཁ་གཏད་ནས་མཆོད་འཕེན་གིན་འདུག མ་གཞི་མཆོད་ཅེས་པ་ལྷ་ལ་མ་གཏོགས་མྱི་ལ་མེད། མྱིའམ་བླ་མ་སོགས་ལ་ཟོ་ཞེས་པའི་ཞེ་ས་སྦྱོར་སྐབས་བཞེས་ཟེར་བ་ལས་མཆོད་མི་ཟེར། ལྷ་སོགས་ལ་མཆོད་ཟེར་བ་ལས་བཞེས་མི་ཟེར། དེ་ནས་གཟའ་མི་གང་བོ་ལྷན་འཛོམས་ཐོག་དང་པོ་འོ་ཇ་དཀར་ཡོལ་གང་རེ་འཐུང་གིན་གཅིག་གིས་གཅིག་ལ་དགོད་ཁ་སློང་རེས་བྱེད་བཞིན་པ་རེད། ང་ཚོས་གཟའ་མི་ཕན་ཚུན་ལ་འདྲ་མཉམ་གྱིས་འཚམས་འདྲི་ཞུ་བ་ལས་ཕ་མ་དང་རྒན་རྒོན་ཚོར་དམིགས་བསལ་གྱིས་ཁ་དར་འཐེན་པ་དང་སྐུ་ཚེའི་བརྟན་པའི་ཁ་གཡང་སོགས་སྒྲོག་སྲོལ་མེད།
རྟེན་འབྲེལ་གྱི་ཚུལ་དུ་འོ་ཇ་དཀར་ཡོལ་གང་བོ་འཐུང་ཚར་སོང་། ད་ནི་ཞོགས་ཟས་ལ་བྲེལ་བ་ལང་གིན་ཡོད། གཟའ་མི་ལྷན་འཛོམས་ཐོག་ཞོགས་ཟས་ལ་རོལ་སོང་། ཡང་སྐྱར་བྱིས་པ་ཚོར་ཀུ་རེ་རྩེ་ཞོར་ཕན་ཚུན་ལ་ཀྱལ་ཀ་སློང་གིན་མཆིས། སྐབས་དེར་བྱིས་པ་ཚོའི་མིག་ཟུང་རིག་རིག་གིས་སྡེར་ཁ་ལ་ལྟ་བཞིན་ཡོད། གཟའ་མི་གང་ཞིག་གིས་བྱིས་པ་ཚོར་ཅི་ཞིག་ཟ་འདོད་ན་ཟོ་ཞེས་རང་དབང་སྟེར་བ་ཡིན། སྐབས་དེར་བྱིས་པ་ཚོ་ཅུང་ངོ་ཚ་བའི་ཚུལ་དུ་རིམ་གྱིས་གང་འདོད་དུ་ཟས་རིགས་སྣ་ཚོགས་ཟ་བ་དང་འཐུང་གིན་ཡོད།
ཁྱིམ་མཚེས་ཀྱི་ཞི་ལུ་ཞི་མོ་ཚོས་གཅིག་གིས་གཅིག་ལ་སྐད་གཏོང་གིན་འདུག ཁྱོད་ལོ་སར་བཟང་། ང་ལོ་སར་བཟང་ཞེས་འཚམས་འདྲི་ཞུ་བ་ཡིན། ལ་ལས་ལོ་སར་བཟང་ཞེས་ཚབ་ཏུ་བཀྲ་ཤིས་བདེ་ལེགས་ཟེར་བ་ཡིན། མྱི་མང་བོ་མཉམ་དུ་རུ་ཉུལ་བྱེད་དུ་འགྲོ་བ་ཡིན། སྔ་ཆད་ས་ཐག་རིང་བོ་ལའང་འགྲོ་བ་ཡིན། རྟ་དང་གཡག་ཞོན་ནས་འགྲོ་བ་ཡིན། ཁྱིམ་ཚང་སོ་སོས་ཀྱང་རུ་ཉུལ་བྱེད་མཁན་དག་ལ་བསྒུག་ནས་འདུག་པ་རེད། འོན་ཀྱང་དིང་སང་རུ་ཁ་ཁྱིམ་མཚེས་ཡིན་ན་མ་གཏོགས་སྡེ་བ་གཞན་དང་གཞན་ལ་རུ་ཉུལ་བྱེད་པའི་སྔ་སྲོལ་བཟང་བོ་དེ་ཉམས་སོང་བ་འདྲ། དིང་སང་རུ་ཁ་ཁྱིམ་མཚེས་སམ་གྲོགས་དང་གྲོགས་མོ་ཚོར་དེ་རིང་ངེད་ཚང་ལ་ཤོག སང་ཉིན་ངེད་ཚང་ལ་ཤོག་ཅེས་མགྲོན་པོའི་ཚུལ་དུ་སྐད་བཏང་ནས་ཕར་ཚུར་ལ་འགྲོ་བ་ལས་སྔ་ཆད་ནང་བཞིན་མེད། མི་སྣ་ལྷན་འཛོམས་བྱེད་སྟངས་མི་འདྲ། གན་ན་ཞི་མོ་རྐྱང་འཛོམས་ནས་གང་ཞིག་བཤད་དེ་ཅི་ཞིག་ཤེས་མདོག་གིས་ཧབ་ཆ་རྒྱག་བཞིན་ཡོད་ལ། འདི་ན་ཞི་ལུ་རྐྱང་མ་འཛོམས་ཏེ་གོང་ལྟར་ཧབ་ཆ་ལ་བྲེལ་ཏེ་ཡོད། ཕར་ཕྱོགས་ན་ཞི་ལུ་ཞི་མོ་ལྷན་འཛོམས་བྱས་ཏེ་(ཤ་ཉེ་རིང་འདྲ་མེད་ན)གཅིག་གིས་གཅིག་ལ་ཁ་བཙོག་དང་ཀུ་རེ་རྩེ་བཞིན་ཡོད། ལོ་སར་ཚེས་གཅིག་གི་མཚན་མོ་ཡིན་ཅིག་མིན་ནས་རང་གི་ཁྱིམ་ནས་ཉལ་བ་ཡིན། ཚེས་གཉིས་ནས་བཟུང་སྟེ་ཁྱད་པར་མེད་པ་རེད། ཚེས་གསུམ་བར་དུ་དེ་ལྟར་དགའ་དགའ་སྤྲོ་སྤྲོའི་ངང་ལོ་སར་ལ་རོལ་བ་ཡིན།
ཟུར་ཞུ།
ཚེས་གཅིག མི་ལོ་བརྒྱད་ཅུ་སོན་པའི་རྒན་པོ་ཚོས་གྱ་སྟོན་བྱེད་པ་ཡིན། བསང་གསུམ་པ་ཕུད་པའི་སྐབས་སུ་སྲུང་མ་སོགས་ལ་ཕུལ་ཟིན་པའི་སེམས་ཅན་དེ་ཚོའི་ཕྲག་ཁ་དང་རྣ་ཅོག་སྟེང་དུ་དར་ཚོན་སྣ་ལྔ་རེ་འདོགས་སྲོལ་ཡོད། ལ་ལས་བལ་རེ་འདོགས་པའང་ཡོད།
ཚེས་གཉིས། ཉི་མ་ཡག་པོ་མེད་ཅེས་ཟ་འཐུང་དང་དགའ་སྤྲོ་ལ་རོལ་བ་ལས་བྱེད་སྒོ་གཞན་མི་བྱེད།
ཚེས་གསུམ། བྱིས་པ་ཚོར་མནོལ་སྟོན་བྱེད་པ་ཡིན་ལ། ཁང་སྟོན་ཡང་བྱེད་པ་ཡིན།
1. གལ་སྲིད་ཁྱིམ་ཚང་དེར་ཆག་སྒོའམ་མྱི་ཞིག་གྲོངས་སོང་བ་དེ་འདྲ་ཡིན་ན་གྱ་སྟོན་ཚེས་གསུམ་དང་ལྔ་ལ་ཕྱིར་སྣུར་བྱེད་པ་རེད།
2. གཉེན་སྒྲིག་སོགས་ཚེས་བཅུ་གསུམ། བཅུ་བཞི། བཅོ་ལྔ་སོགས་ལ་བྱེད་པ་ཡིན། སྐབས་དེར་གླུ་ལེན་པ་དང་ཕན་ཚུན་ལ་གླུ་ཤག་ལེན་རེས་བྱས་ཏེ་རྒྱུན་རིང་པོར་འདུག་སྲོལ་ཡོད།
3. སྡེར་ཁའི་སྐོར་ལ། མང་ཆེ་བ་འདྲ་བ་ཡིན། བྱེ་མར་དང་གོ་རེ། ཞུན་དང་ཐུད། གྲོ་མ་འབྲས་ཚིལ། ཤ་དང་མོག་མོག ཤ་བག་ལེབ། ཆང་དང་བཏུང་རོགས། ཟས་སྣ་མང་བོ་འཛོམས་པ་ཡིན། ལ་ལས་ཚད་བརྒལ་གྱིས་སྡེར་ཁ་བཤམས་པ་ཡིན་ལ། ཁ་ཅིག་གིས་འོས་ཤིང་འཚམས་པ་ཞིག་གིས་འཐུས་པར་བྱེད་པ་ཡིན།
(གོང་དུ་བྲིས་པ་འདི་རྣམས་ཁོངས་དག་ལ་ཡིད་ཆེས་ཕེར་བ་དེ་འདྲ་རང་ཡིན་རྒྱུ་མ་རེད། ཁོ་བོ་བྱིས་པའི་སྐབས་ནས་བཟུང་སྟེ་ཕ་ཡུལ་དང་ཁ་བྲལ་བ་ཡིན་ཙང་། ཕ་ཡུལ་གྱི་རྒྱུན་སྲོལ་དེ་དག་ད་ལྟ་དྲན་ཡུལ་ན་མི་འདུག གཙོ་བོ་དེ་དག་གལ་ཆེ་བ་ཞིག་ཏུ་མ་མཐོང་བས་ཡིན་སྲིད། དོ་སྣང་བྱས་པའང་ཉུང་དྲགས་སོང་། གཞུག་མ་རྩད་གཅོད་བྱས་ཏེ་འཐུས་སྒོ་ཚང་བ་ཞིག་འདྲི་ཐུབ་ན་དྲ་ངོས་སུ་འཇོག་ངེས་ཡིན།)
(ང་ཨ་མདོ་རྨ་ལྷོ་རྫོང་ངམ་རྨ་ལྷོ་སོག་རྫོང་(ཡུལ་རྒན་རྫོང་། དིང་སང་གཡུ་སྒང་རྫོང་ཞེས་འབོད།)ཁུ་སིན་ཡུལ་ཚོ་ནས་ཡིན།)
2015.2.15
དུས་སྔ་མོ་བོད་ལ་མོག་མོག་ཡོད་མི་འདུག་།
མོག་མོག་དར་ནས་ལོ་བརྒྱ་ཡང་འགྲོ་གི་ཨ་ཡོད།
ལོ་གསར་མ་རེད་ལས་གསར་རེད་།
ཁང་རྩི་གཏོང་བའི་ལས་གསར་རེད་།
གཙང་མ་བཟོ་བའི་ལས་གསར་རེད་།
ཕྱི་དར་བྱེད་པའི་ལས་གསར་རེད་།
སྐུ་མགྲོན་འབོད་པའི་ལས་གསར་རེད་།
དངུལ་ཁུག་སྟོང་པ་བཟོ་བའི་ལས་གསར་རེད།
ཧ་་་ཧ་་ལོ་གསར་པ་ལ་བཀྲིས་བདེ་ལེགས་ཞུ་།
བོད་ལ་དགའ་བའི་བོད་མི་ཡིན་ན་བོད་ལོ་ལོ་སར་གཏོང་དགོས་རེད། དགྲ་ལ་དགའ་བའི་ངན་པ་ལག་
འབྲེལ་ཡིན་ན་ཧོར་ལོ་ལོ་སར་གཏོང་དགོས་རེད། དེ་ནི་རང་རང་ལངས་ཕྱོགས་གང་ཡིན་དེ་རུ་འགྲོ་རྒྱུ་རེད།
མ་གཞི་བོད་པ་མགོ་འཐོམ་འདི་ཚོ་དགྲ་གྲོགས་ནོར་འཛུལ་ཤིན་དུ་ཆེ་ཧཧཧཧ།