བྱ་མདོ་སྐལ་རྒྱམ།
དོ་ནུབ ང་རྒྱ་མཚོར་ཕྱོགས་པའི་མགྲོན་ཁང་གི་སྒེའུ་ཁུང་འགྲམ་དུ་ལངས་ནས
ཁྱོད་རང་དྲན་གྱིན་ཡོད ཕ་ཡུལ
མི་ཚེའི་ལོ་རྒྱུས་ཀྱིས་རྒྱབ་ཏུ་བསྐྱུར་བའི་ལོ་ཟླའི་སྨུག་ཀློང་གི་ཁྲོད་ན
ཁྱོད་ཉིད་ནམ་རྒྱུན་ངས་སྙན་ངག་བཞིན་གྱེར་གྱིན་ཡོད
ཁྱོད་དང་གྱེས་པའི་དུས་ནས་བཟུང་ད་ལྟའི་བར་དུ
ཅི་ཙམ་གྱིས་རྒྱང་དུ་བཀྱེད་ཀྱང
ནམ་ཡང་སེམས་ཀྱི་འབྲེལ་ཐག་མི་འཆད་པ་ནི་ཁྱོད་ཁོ་ན་ཡིན་འདུག
དོ་ནུབ་འདིར ངས་མཚན་མོའི་སྨག་རུམ་གྱོན་ཏེ
རང་ཉིད་ལ་དབང་བའི་ལོ་གསར་བཙལ་གྱིན་ཡོད
མཚོ་ངོས་སུ་ཤར་བའི་སྐར་ཚོམ་མག་མོག་འདི་རྣམས
ང་ལ་བདག་པའི་ལྷིང་འཇགས་ཀྱི་ལོ་གསར་ཡིན་ན
གཅིག་རྗེས་གཅིག་གིས་མཐུད་པའི་ཝུ་དཀར་སོལ་སོལ་གྱི་རྦ་རླབས་འདི
མཚོ་ཀློང་ནས་སུ་ཞིག་གིས་ང་ལ་བསྐུར་བའི་ལག་སྐྱེས་ཡིན་འདྲ
2015/2/18