ཁྲི་སྤྲེལ་སླག་ཅན།
ལུས་དང་ལུས་ཀྱི་བར་ཐག་རིང་ན་ཡང་།།
ཁ་པར་ཁ་ནས་བརྡ་འཕྲིན་ཆད་མྱོང་མེད།།
སེམས་དང་སེམས་པའི་བརྩེ་བ་མཚོན་བྱེད་དུ།།
རྟེན་འབྲེལ་ཐོག་མར་བཀྲ་ཤིས་བདེ་ལེགས་ཞུ།།
གསེར་དངུལ་ནོར་བུས་ཚབ་མཚོན་མི་ནུས་ཤིང་།།
མཛའ་བཤེས་ཕྱི་ཐག་རིང་བའི་ཡིད་མཐུན་གྲོགས།།
འཛམ་གླིང་ཤར་ནུབ་གང་སར་བཞུགས་ཅིང་དགེ།
གནམ་ལོ་གསར་ཚེར་བཀྲ་ཤིས་བདེ་ལེགས་ཞུ།།
ངོ་མཚར་ཚན་རྩལ་རིག་པའི་རྩེ་དགའ་ལས།།
རི་ཆུ་སྟོང་ཕྲག་དུ་མས་ཆོད་གྱུར་ཀྱང་།།
གཏམ་སྙན་འཕྲིན་ཐུང་ཆུ་མོ་འབབ་པའི་རྒྱུན།།
དོན་ལྡན་ཝུ་དཀར་འཕྲེང་བས་མཛེས་གྱུར་ཅིག།
ཕྱི་ཡི་ཚན་རྩལ་དཔལ་ཡོན་འཕེལ་སྟོབས་རྒྱས།།
དེ་བཞིན་ནང་གི་དྲང་བདེན་ལྷག་བསམ་གྱིས།།
མཐུན་སྒྲིལ་གོང་བུ་མཐོར་འདེགས་འཕོ་འགྱུར་བྲལ།།
ཆོད་སེམས་བརྟན་པོའི་བདེན་པ་རྒྱལ་གྱུར་ཅིག།
ཟླུམ་གཟུགས་གོ་ལར་གནས་པའི་སྐྱེ་བོ་ཀུན།།
འཚེ་མེད་ཞི་བདེའི་དཔལ་ལ་རོལ་བ་དང་།།
ལུགས་གཉིས་ལེགས་ཚོགས་དབྱར་གྱི་མཚོ་མོ་རྒྱས།།
བསམ་རྒུ་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ།།