རྔ་བ་གངས་རི།
མ་གཞི་གླེང་རིན་མེད་པ་ཞིག་གླེང་བསྡད་པ་ཡིན་ན་རང་ཉིད་ཀྱང་གཞན་གྱི་འཕྱ་སྨོད་བྱེད་ཡུལ་ཙམ་ལས་རྒྱུ་མཚན་ཅི་ཡང་མེད་ནའང་། ཕུགས་བསམ་དང་རྟོག་དཔྱོད་དབེན་པའི་རང་རེའི་གསར་བུ་རྐྱལ་སྟོང་རེ་ཟུང་གིས་ཚོར་བ་དང་དྲན་སྣང་ཙམ་གྱིས་སོར་མཛུབ་འཛུགས་སའི་དམིགས་ཡུལ་ནོར་ཏེ་རང་གི་མི་རིགས་ཀྱི་མི་གཞི་ལ་དམའ་འབེབས་བྱེད་པ་སོགས་ནི་ཏག་ཏག་དེང་གི་རྒྱ་ནག་གི་ཕུགས་འདུན་དང་དམིགས་ཡུལ་ལ་རམ་འདེགས་བྱེད་པ་ལྟ་བུར་གྱུར་ཡོད་པས་ངས་ཁ་ཞིག་གྲགས་ཁུལ་ཡིན།
གང་ཡིན་ཅེ་ན། དྲང་བདེན་ནི་དྲང་བདེན་རང་ཡིན་པས་སུ་ཞིག་གིས་སྒྱུར་བཅོས་བྱེད་མི་ཐུབ་པ་ཡིན། དེས་ན་བོད་བརྒྱུད་ནང་བསྟན་གྱི་བླ་གྲྭ་དག་གིས་བོད་ཀྱི་འཐབ་རྩོད་དང་རིག་གཞུང་སོགས་གང་ཅིའི་ཐད་ལ་བག་ཆགས་ཟབ་མོ་ཞིག་བཞག་ཡོད་པའི་ཁར་ད་དུང་མི་མཐུད་དུ་འཇོག་རྒྱུ་ཡིན་པ་རང་རིགས་ཁ་ཤས་ཀྱིས་མ་ཤེས་པ་ལས། སྒེར་གཅོད་རིང་ལུགས་པ་གུང་ཁྲན་ཏང་གིས་གནད་ཀ་དེ་ཤེས་ནས་བོད་ཀྱི་རིག་གཞུང་དང་བླ་གྲྭ་རྣམས་ཧ་ཅང་གི་འཇིགས་སུ་རུང་བ་ཞིག་ཏུ་སྒྲུབ་ཀྱིན་ཡོད།
འུ་ཅག་གི་སྨྱུག་འཛིན་པ་སྐོར་ཞིག་གིས་དགག་ཕྱོགས་རྐྱང་རྐྱང་བཤད་བསྡད་པ་དེ་རང་རིགས་ལ་འགན་ལེན་པའི་ཁུར་ཡིན་ཡང་བསམ་བློ་དང་དཔྱོད་ཤེས་ཀྱིས་མ་འདང་བའི་དབང་གིས་དགྲ་དགའ་གཉེན་སྡུག་གི་ལས་རང་དུ་ཆགས་འགྲོ་ཡི་ཡོད། དཔེར་ན། ཨ-འཇམ་ཟེར་བ་ཞིག་གིས་༼སྡེར་ཐོག་གི་དགེ་བཤེས༽ཟེར་བའི་རྩོམ་ཐུང་སྣབས་ལུག་ཅིག་༼ཕྱི་ལོ་ ༢༠༡༤/༠༢/༢༡ ཉིན་བྲིས་བ་ཞིག༽ ཕྱི་ལོ་ ༢༠༡༥/༠༢/༡༥ ཉིན་དྲ་གྲོགས་ཤིག་གིས་ང་ལ་སྐུར་གནང་བྱུང་། རྩོམ་རྙོག་དེར་བལྟས་ཡོང་དུས་གླེང་རིན་ཅན་ཞིག་མིན་ནའང་བོད་མི་རིགས་ལ་མཐོང་ཆུང་དང་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པའི་མི་གཞི་ལ་ཁྱད་གསོད་བྱས་འདུག ངོ་མ་བཤད་ན་བགད་མོ་ཤོར་དགོས་པ་ཞིག་རེད། རྒྱ་ནག་གི་སིས་སིས་གསར་ཁང་གཅིག་པུར་བལྟས་བསྡད་པ་ཡིན་ན་གང་ཤེས་མ་གཏོགས་བོད་ཀྱི་གྲྭ་བ་དེ་ཚོ་ཨ-འཇམ་གྱིས་བཤད་པར་ལྟར་དོན་མེད་ཀྱིས་མི་ཚེ་སྟོང་ཟད་བཏང་བསྡད་ཡོད་པ་མ་རེད།
ལྷག་དུ་རྩོམ་པ་པོས་རྟག་དཔྱད་ཞིབ་འཇུག་གང་ཡང་མེད་པའི་ཐོག་ནས་ཚོར་བའི་ནད་རྙིང་གི་མགོ་མ་ནོན་པར་འོལ་ཚོད་ཀྱིས་བཀའ་མོལ་འདི་འདྲ་གནང་བ་དེ་ཚུལ་མཐུན་གྱི་རྒྱལ་ཁབ་ཅིག་གི་ནང་དུ་ཡོད་ན་ཁྲིམས་ཁ་ནས་ཐར་ས་མེད་པ་ཞིག་རེད། ང་ཚོས་ངེས་པར་དུ་ཤེས་དགོས་པ་གང་ཡིན་ཟེར་ན། མི་བུ་སུ་ཞིག་ཡིན་ཡང་གཞན་གྱིས་རང་གི་ཁེ་ཕན་དང་མི་གཞི་ལ་གནོད་པའི་སྐད་ཆ་བཤད་པ་ཡིན་ན་དེ་ཁྲིམས་ལ་བསྐྱལ་ཆོག་པ་ཞིག་རེད། ཡིན་ནའང་། དེང་གི་འུ་ཅག་གི་སྨྱུག་འཛིན་པ་རེ་ཟུང་གིས་མི་བུའི་འགྲོ་སྟངས་དང་ཁྲིམས་ཀྱི་གནས་ལུགས་མ་ཤེས་པའི་ཁར་རྒྱ་ནག་གི་ཀུན་སྤྱོད་ངན་པ་དེ་བསླབས་ནས་སྤྱི་ཚོགས་ཤིག་གི་ཁེ་ཕན་དང་གྱོང་གུན་ལ་བསམ་བློ་མི་གཏོང་བར་སྒེར་སེམས་གཙོར་བཟུང་བྱས་ནས་དམངས་དང་སེར་མོ་བའི་བར་གྱི་དད་འདུན་དཀྲུགས། དགེ་རྒན་དང་སློབ་མའི་བར་གྱི་འོ་མ་ལྟ་བུའི་དམ་ཚིག་ལ་སྐྱུར་ཁུ་སྲེ་བཞིན། ད་དུང་སྤྱི་ཚོགས་ཤིག་འགྲིག་མིན་བཤད་བསྡད་པ་ཡིན་ན་སུ་ཞིག་གིས་ཉན་སྲིད་དམ།
དངོས་ནས་བཤད་ན་རྣམ་དཔྱོད་ཀྱི་རིག་པ་ཡོད་ན། རྒྱང་རིང་གི་བསམ་བློ་ལྡན་ན། སྤྱི་ཚོགས་དང་དམངས་ཀྱི་ལམ་ཕྱོགས་དང་བསྟུན་ནས་བྱ་བ་བྱེད་དགོས་པ་རེད། ངས་ཞེ་དྲག་ཅིག་ཤེས་ཡོད། གོ་ཡོད་ཟེར་ནས་ཚོར་བའི་སྐད་ཆ་རྐྱང་རྐྱང་གླེང་བསྡད་པ་ཡིན་ན་མཇུག་འབྲས་བཤད་མི་ཤེས་པའི་འཇིགས་རུང་ཞིག་རེད། ད་ལྟའི་དུས་སྐབས་སུ་ང་ཚོས་རིག་པ་བསྒྲིམས་ནས་དམངས་ཀྱི་བསམ་བློ་དང་སྙིང་སྟོབས་ཡར་སྐྲུན་བྱེད་དགོས་རེད་མ་གཏོགས་ང་ཚོར་རེ་བ་མེད་པ་སོགས་བསྒྲུབས་བསྡད་པ་ཡིན་ན་དགྲ་དགའ་གཉེན་སྡུག་རང་ཡིན་པས་ཅུང་མནོ་བསམ་བཞེས་དགོས་པར་སྙམ།
༼སྡེར་ཐོག་གི་དགེ་བཤེས༽ ཟེར་བའི་ནང་དུ་བཤད་དོན་<< སྤྱི་གཞན་ལ་རེ་ཞིང་གཞན་གྱིས་བསྐྱབ་པར་འདོད་པའི་མི་རིགས་རེ་བ་པའི་མི་རིགས་ཤིག་ཏུ་ངེས་ལ >>
ཞེས་བཤད་དོན་ལ་བལྟས་ན་སྐུ་ཞབས་ཁོང་གི་མིག་ལོང་ཞིང་རྣ་བ་འོན་སོང་བ་ཡིན་ན་གང་ཤེས་མ་གཏོགས། བོད་མིའི་འཐབ་རྩོད་དང་སྙིང་སྟོབས་ཀྱིས་འཛམ་གླིང་ལ་གཡོ་འགུལ་ཆེན་པོ་ཐེབས་ཡོད་ལ། གཡོ་འགུལ་དེ་ཡང་བོད་མི་རང་ཉིད་ཀྱིས་ཞུམ་པ་མེད་པའི་མདུན་སྐྱོད་དང་བློ་སྟོབས་ལས་བྱུང་བ་མ་གཏོགས་གཞན་ལ་རེ་ཞིང་གཞན་གྱིས་སྐྱོབ་པར་འདོད་ནས་ཉལ་བསྡད་མེད་པ་དེ་ཤེས་དགོས་ངེས་རེད་ལ་ཤེས་མེད་པ་དེ་དང་། གཞན་ཡང་པར་དེའི་ངོས་སུ་གསལ་བའི་དགེ་བཤེས་མང་པོ་ཞིག་ནི་རང་གི་རིག་གཞུང་ལ་ཕན་ཐོགས་ངེས་ཅན་སྒྲུབ་བཞིན་པ་སྐོར་ཞིག་ཡིན་པས། རེ་བ་ཅན་གྱི་མི་དག་ལ་ཉེས་བཤད་བྱེད་པ་འདི་ཡང་རང་དོན་འཁོས་ཆུང་རེའི་ཆེད་དུ་དམ་པ་རྣམས་ལ་སྨོད་པའི་སྙིང་སྟོབས་ཙམ་ལས་ཅི་ཡང་མིན། ཡང་རེ་བ་མེད་པའི་མི་རིགས་ཤིག་ཏུ་ངེས་ལ་སོགས་བཤད་སྟངས་ལ་བསམས་ན་རྒྱ་ནག་གི་སིས་སིས་གསར་ཁང་གཅིག་པུར་བལྟས་པས་ངན་རྟགས་ཤིག་རེད་མ་གཏོགས་བོད་མི་རིགས་ཀྱི་འཐབ་རྩོད་དང་རེ་བ་ནི་ཁ་རྩང་ལས་དེ་རིང་ཧ་ཅང་གསལ་བཞིན་པ་འདི་མིག་མཐོང་ལག་ཟིན་རེད།
མ་གཞི་འགོ་ཚུགས་པ་དང་གྲུབ་འབྲས་དགོས་ཟེར་མཁན་དེ་ཕུགས་བསམ་དབེན་པའི་མི་བུ་བྱབ་ཆུང་ཞིག་ཡིན་པས་དེའི་རིགས་ལ་ལེགས་བྱུང་གི་འབྲས་བུ་ཞིག་བསྟན་རྒྱུ་མེད། འུ་ཅག་གངས་ཅན་པའི་ཆིག་སྒྲིལ་དང་འཐབ་རྩོད་བྱེད་སྟངས་ལ་འཛམ་གླིང་མི་མང་གིས་རྩིས་མཐོང་ཆེན་པོ་གནང་གི་ཡོད། ཡོད་པ་ནང་བཞིན་འུ་ཅག་གིས་ཀྱང་སྔར་ལས་ལྷག་ཏུ་འབད་བརྩོན་གནང་དགོས་པ་ལས་ང་ཚོ་རྗེས་ལུས་ཡིན་པ་དང་མ་འཇོན་པ་རྐྱང་རྐྱང་གླེང་བསྡད་པ་ཡིན་ན་ཁེ་ལས་གནོད་ཆེ་བས་མནོ་བསམ་བཞེས་དགོས་པའི་དུས་རེད་འདོད།
ཡང་ཨ-འཇམ་ལགས་ཀྱི་རྣ་དང་མིག་གཟེར་ནས་ངུ་འབོད་བྱེད་ས་དེ། དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པའི་དཀའ་གནད་དག་ལ་བགྲོ་གླེང་བྱེད་བཞིན་པའི་དགེ་བཤེས་སྐོར་ཞིག་གི་མདུན་ཅོག་སྟེང་གི་དཔེ་ཆ་སོགས་མ་མཐོང་བར་འཁྲིས་ཀྱི་ཀུ་ཤུ་རྟགས་ཅན་གྱི་ཁ་པར་དང་དགེ་བཤེས་དག་གི་གཟི་ཉམས། སྟོད་འགག་སེར་བོ་སོགས་ལ་བལྟས་ནས་ཕྲག་དོག་གི་ཚ་ནད་མ་བཟོད་པར་ཨག་སྐད་ཤོར་བ་རེད། དྲང་མོ་ཞུས་ན། གཞན་གྱི་ཕུན་ཚོགས་ལ་འགྲམ་ཆུ་ལྡང་བ་ལས་རང་ཉིད་ཀྱང་ཁོ་ཚོ་ལྟར་ལོངས་དང་རང་གི་གཟི་བརྗིད་རེད་ལ་བོད་མི་རིགས་ཀྱི་ལ་རྒྱ་རེད། ཡིན་ནའང་། ངས་ཚོད་དཔག་བྱས་པ་ནོར་མེད་ན་སྐུ་ཉིད་ཀྱང་སྤྱི་ཚོགས་དེའི་ཁྲོད་ནས་ཕྱི་ལ་ཐོན་པ་ཞིག་རེད་དྲན། གང་ཡིན་ཟེར་ན། དེང་གི་བོད་ཀྱི་སྤྱི་ཚོགས་ཁྲོད་ནས་རྒྱུ་མཚན་ཡོད་མེད་དང་གནས་ལུགས་ཤེས་མིན་གང་ལྟར་ཡང་བོད་བརྒྱུད་ནང་བསྟན་དང་བླ་གྲྭ་དག་ལ་ནམ་ནམ་ཞར་ཞར་དུ་བཤད་བཤད་མཁན་དེ་ཚོ་སྤྱི་ཚོགས་དེའི་ཁྲོད་ནས་ཕལ་ཆེར་ཡོང་བ་རྐྱང་ཡིན་ཟེར་ན་མ་འགྲིག་པ་གང་ཡང་མེད་བསམས།
དེའི་ཕྱིར། རང་ཉིད་སྒྲིག་འཛུགས་ཤིག་ནས་ཕྱི་ལ་ཐོན་དགོས་བྱུང་ན་སྒྲིག་འཛུགས་དེ་མི་འགྲིག་མི་བཟང་ཚུལ་རྐྱང་རྐྱང་གླེང་བཞིན་པ་འདི་མི་བུ་བྱབ་ཆུང་རྣམས་ཀྱི་རྒྱུན་ལྡན་གྱི་ཆོས་ཉིད་ཅིག་ཡིན་པས་ཧང་སངས་དགོས་པ་གང་ཡང་མེད་ནའང་། བརྟག་དཔྱད་ཞིབ་འཇུག་གི་བསམ་བློ་གང་ཡང་མེད་པར་དགེ་བཤེས་སྐོར་ཞིག་གི་སྐུ་ཤ་ལ་མདངས་རྒྱས་ཡོད་པ་དང་། སྟོད་འགག་སེར་པོ་གྱོན་ཡོད་པ། མདུན་དུ་ཀུ་ཤུ་རྟགས་ཅན་གྱི་ཁ་པར་སོགས་ཉར་འདུག་ཟེར་ནས་མང་ཚོགས་སུ་འུར་གཏམ་བསྒྲགས་ཏེ་དགོན་པ་གྲྭ་ཚང་དང་བོད་ཀྱི་རིག་གཞུང་གི་རྐང་འཛིན་མི་སྣ་དགེ་བཤེས་བླ་གྲྭ་རྣམས་ལ་མཚན་སྨད་གནང་འདུག་པ་དེས་རང་ལ་དཔྱོད་ཤེས་དང་ཤེས་ཡོན་པའི་འབྲས་བུ་མ་སྨིན་པའི་སྡོང་སྐམ་ཞིག་ཡིན་པ་མཚོན་པས་ངོ་མ་ཧང་སངས་སོང་།
སྤྱིར་ཡིན་ན་གྲྭ་བའི་སྤྱི་ཚོགས་སུ་ཕར་བལྟས་ཚོད་ལ་ལས་སླ་པོ་ཞིག་དང་བསྡད་ཆོག་ཆོག་ཞིག་མཐོང་ཡང་དོན་ངོ་མ་དེ་འདྲ་ཞིག་རྩ་བ་ནས་མ་རེད། ཁོར་ཡུག་དེར་བསྡད་པ་ལ་ངེས་པར་དུ་ཕུགས་རྒྱང་གི་བསམ་བློའི་སྙིང་སྟོབས་དང་མི་གཞིའི་སྒེར་ཚུགས་སོགས་མེད་ན་ལས་སླ་པོ་ཞིག་ཡོད་པ་མ་རེད། མི་ཁ་ན་ཅི་ལྟར་གྲགས་མིན་གཙོ་བོ་མིན་ལ་དོན་དངོས་ཡོད་ཀྱི་སྟེང་ནས་ཉོན་མོངས་རྒྱུན་ལྡན་གྱི་གང་ཟག་ཞིག་གིས་སྲུང་བྱ་བཞི་གཙོ་བོ་གྱུར་བའི་འཇིག་རྟེན་གྱི་འཚོ་བའི་ནང་དུ་མེད་ན་བྱེད་ཐབས་བྲལ་བའི་བྱ་དངོས་མང་པོ་ཞིག་ལ་ཆགས་སེམས་སྤང་དགོས་པ་ཡིན་ཙང་ལས་སླ་པོ་ཞིག་གཏན་ནས་མིན། ལྷག་པར་དུ་གྲྭ་བ་ཡང་མི་ཡིན་པ་ཤེས་དགོས་ལ་མི་ལའང་རབ་འབྲིང་ཐ་གསུམ་ཡོད་པ་ཤེས་ན་ད་གཟོད་དཔྱོད་ཤེས་ལྡན་པའི་མི་བུ་ཞིག་གི་གྲལ་དུ་བསླེབས་པ་རེད་ལ་སྨྲ་ཤེས་དོན་གོ་བའི་མི་ཞིག་ཏུ་ཚུད་ཐུབ་པ་རེད།
དྲང་བདེན་ཀྱི་མིག་ཅིག་ཡོད་ན་གདན་གསུམ་གཙོ་བོར་གྱུར་བའི་དགོན་པ་གྲྭ་ཚང་ཁག་གི་ཁྲིམས་སྒྲིག་གཞི་དང་བསླབ་པ་སློབ་གཉེར་གྱི་གོ་རིམ་དང་ཆ་རྐྱེན་སོགས་གང་ཅིའི་ཐད་ལ་གཟིགས་ན་ཁྱོའི་མིག་ནང་ལ་མི་ཤོང་བའི་སྟོད་འགག་སེར་བོ་གྱོན་མི་ཚོས་འགན་ཅི་ཞིག་ཁུར་ཡོད་མེད་ཤེས་ངེས་ཡིན། གྲྭ་བ་འམ་སློབ་མ་སྟོང་ཕྲག་མང་པོར་བོད་ཀྱི་ཆོས་དང་རིག་གཞུང་སྦྱོང་སའི་ཁོར་ཡུག་སོགས་འཛམ་གླིང་ན་ངོམ་རིན་ཆོག་ཆོག་ཅིག་བསྐྲུན་ཡོད། དེ་དག་ཚང་མ་སྟོད་འགག་སེར་པོ་ཅན་ཚོའི་བཀའ་དྲིན་རེད་མ་གཏོགས་བོད་གཞུང་གི་ངོས་ནས་བཏང་ཡོང་བ་མ་རེད་ལ་འབངས་མི་སེར་གྱི་ལག་ནས་ཁྱེར་ཡོང་བ་དེ་བས་ཀྱང་མ་ཡིན་པར། དེ་ནི་སྟོད་འགག་སེར་པོ་ཅན་ཚོའི་ལྷག་བསམ་དང་སྙིང་སྟོབས་ལས་བྱུང་བ་རེད།
ཨ-འཇམ་གྱིས་<<བོད་ཡུལ་ཆོལ་ཁ་གསུམ་གྱིས་མུན་ནག་གི་ཀློང་ཆེན་འཚོ་ཞིང་གནས་ནས་ལོ་ཡི་ཁོར་མོ་ལྔ་བཅུ་ལྷག་འདས་ཟིན་ན། ཁོ་ཚོ་སྔར་བཞིན་སྤྲོ་དགའ་བག་ཕེབས་ཀྱི་ཁྲོད་ནས་བདེན་པའི་ཉི་ཟེར་རང་ལ་ཐོབ་སོང་བ་ལྟར་བཞུགས་འདུག་དོན་ག་རེ་ཡིན་ནམ་ཞེས་མུ་མཐུད་དུ་བཤད་དོན། བོད་ཡུལ་ཆོལ་ཁ་གསུམ་ལ་བཤུ་གཞོག་དང་གཉའ་གནོན་ཁྲོད་གྱིས་མི་ལ་མི་ཡི་ཐོབ་ཐང་ཐོབ་སླད་དུ་ཞི་བདེའི་དར་ཆ་མཐོན་པོར་བསྒྲེངས་ན། ཁོ་ཚོ་སྔར་བཞིན་ལྷོད་ཤིག་གེ་བཞུགས་དོན་ག་རེ་ཡིན་ནམ། བོད་ཡུལ་ཆོལ་ཁ་གསུམ་ཀྱི་ཕུ་ནུ་མིང་སྲིང་དག་གི་ཚེ་སྲོག་ཉག་མ་འདྲ་བོ་རལ་གྲི་དང་མེ་མདའི་སོ་ཁ་ནས་འགུལ་སློག་མི་ཐུབ་པའི་ཚོད་དུ་འདུག་ན། ཁོ་ཚོ་སྔར་བཞིན་འཛུམ་དམུལ་དམུལ་གྱིས་བཞུགས་དོན་ག་རེ་ཡིན་ནམ>>
ཞེས་སོགས་བཤད་སྟངས་ལ་གཞིགས་ན་སྐུ་ཞབས་ཁོང་ནི་ཉིན་མཚན་ཁོར་མོར་བོད་བསྟན་སྲིད་ཀྱི་ཆེད་དུ་འབད་འབུང་གིས་བང་རྩལ་ལ་ཞུགས་ཏེ་རྔུལ་ཆུ་དང་སྐྱོ་གདུང་གིས་མགོ་བོའི་སྐྲ་ཡང་བྱི་སྟེ་སྤྱི་ཐེར་དུ་གྱུར་ཡོད་ཚོད་ཅིག་བཤད་འདུག་ནའང་། དོན་ངོ་མ་ཁྱོད་ཀྱིས་གང་བཤད་པ་དེ་ཁྱོད་རང་ཉིད་ལ་འཚམས་འདུག་པས་གད་མོ་སློང་བའི་གཏམ་དེ་འདྲ་མ་བཤད་ན་བཟང་། ཁྱོད་ལ་བསམ་བློ་དང་དཔྱད་སྟོབས་ཀྱི་མིག་འབྲས་ཡོད་ན། ཁྱོད་ལ་སྤྱི་ཚོགས་ལ་འགན་ཁུར་ཀྱི་འདུ་ཤེས་ཡོད་ན། ཁྱོད་ལ་དྲང་བདེན་ཀྱི་སྐད་ཆ་བཤད་པའི་སྤོབས་པ་ཡོད་ན། གདོང་དང་གདོང་ཐུག་ནས་བཤད་དགོས་པ་ལས་ལྐོག་ཡིབ་བྱས་ནས་བསྒྲགས་པ་འདི་རང་སྐྱོན་རང་གིས་བསྟན་པ་ཞིག་རེད། བོད་མི་རིགས་འདི་ཡོད་པ་ནས་མེད་པར་གྱུར། མེད་པ་ནས་ཡོད་པར་འགྱུར་བཞིན་པ་འདི་ཚང་མས་ཕྱར་གྲུ་མཉམ་འདེགས་དང་ཧུར་སྐྱེད་གཅིག་ཏུ་བྱས་པའི་འབྲས་བུ་ཞིག་རེད་མ་གཏོགས་གཅིག་གི་དཀའ་སྡུག་དང་ཧུར་བརྩོན་ལ་གཅིག་གིས་འཛུམ་དམུལ་དམུལ་གྱིས་བདེ་སྐྱིད་ལ་རོལ་ནས་སེམས་ཁུར་མེད་པ་དང་འགན་ཁུར་མ་བྱས་པ་ཞིག་གཏན་ནས་མིན་ཡང་།
ཁྱོད་ལ་ཐུགས་ཁག་མེད་དེ། ཁྱོད་སྤྱི་ཚོགས་མང་པོ་ཞིག་ཏུ་སོང་ཡོད་ཀྱང་དོན་ངོ་མ་ཕྱོགས་གཅིག་མ་གཏོགས་མཐོང་མེད། ཁྱོས་དེབ་མང་པོ་ཞིག་བཀླགས་ཡོད་ཀྱང་དོན་དངོས་སུ་ཕྱོགས་གཅིག་ལས་བལྟས་མེད། འདི་དག་ཀུན་ཁྱེད་གཅིག་པུའི་གོམས་སྐྱོན་མིན་པར་དཔྱོད་ཤེས་དང་བསམ་བློ་ཀུམ་པའི་མི་བུ་ཝ་སྐྱེས་དག་གིས་གཤིས་ཀ་ཡིན་པ་ཡང་ངས་ཤེས་ཡོད། མ་གཞི་ང་ཚོ་སུ་ཞིག་ཡིན་ཡང་མི་བུ་གཞན་ལ་མཛུབ་མོ་འཛུགས་དུས་ཚོར་བ་དང་མིག་མདུན་གཅིག་པུའི་མཐོང་སྣང་ལ་གཞིགས་ཏེ་སྐད་ཆ་བཤད་མི་ཉན་ལ་བྱེ་བྲག་སྤྱི་ལ་དེ་བས་ཀྱང་འགེབས་མི་རུང་། སྤྱིར་འཛམ་གླིང་གི་ལུང་པ་སོ་སོའི་ནང་གི་ཡེ་ཤུ་པ་དང་ཁ་ཆེ་པ། ཧིན་རྡུ་པ། ནང་པ་སོགས་ཀྱི་གྲུབ་མཐའ་ལ་ཞུགས་པའི་ཆོས་ལུགས་མི་སྣ་དང་དགེ་འདུན་བླ་དཔོན་དག་གི་སློབ་གསོ་བྱེད་སྟངས་དང་སློབ་གཉེར་གྱི་བརྒྱུད་རིམ། ཀུན་སྤྱོད་འཁྱེར་སྟངས་སོགས་ལས་བྱ་ཆ་ཚང་ལ་ཞིབ་གཟིགས་བྱས་ན། ད་གཟོད་བོད་བརྒྱུད་ནང་བསྟན་གྱི་བླ་གྲྭ་རྣམས་ལ་བལྟས་ན་རིན་ཐང་ལྡན་པའི་ཁྱད་ཆོས་མང་པོ་མཐོང་རྒྱུ་ཡོད། ཡིན་ནའང་། ང་ཚོར་གཅིག་གྱུར་གྱི་འཇིགས་རུང་ཞིག་ཡོད་པ་དེ་བླ་གྲྭ་རེ་ཟུང་གི་འཛེམ་བག་བྲལ་བའི་ཧམ་སེམས་དང་ཚོད་འཛིན་མེད་པའི་ཀུན་སྤྱོད་རེད། འོན་ཀྱང་། བྱེ་བྲག་སྤྱི་ལ་བཤད་མི་རུང་བས་རེ་ཟུང་གི་བྱ་སྤྱོད་ལ་ང་ཚོས་ངེས་པར་དུ་ངོ་རྒོལ་བྱས་ན་འགྲིག་ཀྱང་། བླ་གྲྭ་དགེ་བཤེས་ཚོ་ཚོམ་པོར་གྱུར་རབས་དང་སྐུ་ཤ་གྱོན་པས་བརྒྱན་རབས། ཀུ་ཤུ་ཁ་པར་སོགས་ཉར་ཡོད་རབས་གླེང་པ་ནི་ཕྲག་དོག་གི་དྲི་ནོག་མཐུག་དྲག་པ་ལས་སྤྱི་ཚོགས་ལ་དོ་ཁུར་ཞིག་ག་ལ་ཡིན་གཏན་ནས་མ་ཡིན།
ཨ-འཇམ་གྱིས་<<དེར་བརྟེན་་་མི་ལྷ་རུས་པ་དང་་་ཉམས་མེད་ཙོང་ཁ་པ་སོགས་སྔོན་གྱི་པཎ་གྲུབ་དག་གིས་ཆོས་ལུགས་གཟུངས་གཞུག་སྒེར་གྱི་གནད་དོན་དུ་མ་ཁྱེར་བར་མི་ཚེ་ཆོས་ལ་བསྟིམས་པའི་སྒལ་ཚིགས་དང་རྣམ་ཐར་ནི་ཅི་འདྲའི་མཛེས་ཨང་>> ཞེས་ཡིད་སྨོན་ཤོར་ཁུལ་བྱས་འདུག་ཀྱང་དོན་དངོས་ཡིན་མིན་གང་ལྟར་ཡང་ངེས་དོན་གྱི་དམ་པ་དེ་ཚོ་ཁས་ལེན་མ་བྱས་ཐབས་མེད་རེད། ཁྱོད་ཀྱིས་དམ་པ་དེ་དག་ལ་ཡིད་སྨོན་ཤོར་བ་ནང་བཞིན་ངས་ཀྱང་སྲོང་བཙན་སྒམ་པོ་དང་ཁྲི་རལ་པ་སོགས་སྔོན་གྱི་རླབས་ཆེན་དག་གིས་སྒེར་གྱི་གནད་དོན་ཁ་བཤད་ཙམ་དུ་མ་ཁྱེར་བར་བོད་བསྟན་སྲིད་དང་མི་རིགས་ཀྱི་ཆེད་དུ་མི་ཚེའི་མདུང་ཁ་གཞན་ལ་གཏད་པའི་དཔའ་བོའི་རང་ཚིགས་དེ་ཅི་འདྲའི་མཛེས་ཨང་ཞེས་བཤད་ན་འདོད། ཡིན་ན་ཡང་། མི་བུའི་ལས་དབང་དང་མཐུན་པའི་བསོད་ནམས་དེ་སུ་ཞིག་གིས་བཅོས་ཐབས་མེད་པས། མི་ཚང་མར་ལས་སྐལ་དང་མཐུན་པའི་ལམ་བུ་རེ་ཡོད་པ་ཤེས་ན་ད་གཟོད་འཇིག་རྟེན་འདིར་བག་ཡངས་ཀྱི་སྡོད་ཆོག་ལ་འཇིག་རྟེན་འདི་ཧ་ཅང་གི་རྒྱ་ཆེན་པོ་ཆེན་པོ་ཞིག་ཡིན་པའང་རྟོགས་ནུས།
དེ་མིན་མི་བུ་ཚང་མ་གཅིག་མཚུངས་སུ་འགྲོ་དགོས་ཚུལ་གླེང་པ་འདི་རང་གི་རྣམ་དཔྱོད་ལ་ཐན་པ་བྱུང་བ་རེད་མ་གཏོགས་ཤེས་བྱ་ལ་མི་སྲིད་པ་ཞིག་ལབ་བསྡད་ན་ཕན་ཐོགས་གང་ཡང་མེད། དེ་ལས་དེང་གི་དུས་ཚོད་ཀྱི་འགྲོས་དང་མཐུན་པའི་གོམ་པ་སྤོ་དགོས་པ་འདི་ཧ་ཅང་གི་གལ་གནད་ཆེན་པོ་རེད་སྙམ། དེང་གི་སྤྱི་ཚོགས་ཤིག་དུས་རབས་གོང་མའི་སྤྱི་ཚོགས་དང་བསྡུར་ན་མི་འགྲིག་པ་ཡིན། ཁྱོས་ཡིད་སྨོན་ཤོར་སའི་རྗེ་མི་ལ་རས་པ་དང་ཉམས་མེད་ཙོང་ཁ་པ་སོགས་སྔོན་གྱི་པན་གྲུབ་དག་དེང་སང་ཡོད་ན་ཏན་ཏན་ཕྱག་ཏུ་ཀུ་ཤུ་རྟགས་ཅན་སོགས་ཀྱི་ཁ་པར་ཉར་ཡོད་པ་ཡིད་ཆེས་བྱ་ཆོག ཡང་གཅིག་བཤད། སྔོན་ཆད་ཅི་ཞིག་འཇོན་ཡོད་མེད་བོད་མི་རིགས་འདི་རྒྱལ་ཁབ་བཞི་བཅུ་ལྷག་ཏུ་གནས་སྡོད་བྱེད་པ་དེས་ང་ཚོར་གསལ་བཤད་སྲ་ཐག་ཐག་ཅིག་བྱས་ཡོད། མ་གཞི་ཆོས་ཉམས་ལེན་བྱས་ནས་དབེན་ནས་ཤིག་ཏུ་འགྲིམ་ཐུབ་པ་ཡིན་ན་མི་འགྲིག་ཅེས་ངས་ནམ་ཡང་བཤད་མི་ཕོད་ལ་འགྲིམ་དགོས་ངེས་ཤིག་ཡིན་ཡང་།
གཙོ་བོ་དེང་གི་དུས་ཚོད་འདིར་སེར་སྐྱ་ཕོ་མོ་དང་རྒན་གཞོན་གང་ཡིན་ལ་མ་ལྟོས་པར་སློབ་པ་དང་ཤེས་དགོས་པ་དེ་གལ་ཆེན་རེད་མ་གཏོགས་དུས་རབས་ཉི་ཤུ་པའི་མི་བུ་ཞིག་དུས་རབས་བཅུ་བའི་ནང་གི་མི་ལ་བསྡུར་ན་བཞད་བགད་སློང་བྱེད་ཅིག་ཡིན་པ་ལས་ཕན་པ་མེད། ལྷག་པར་དུ་བླ་གྲྭ་དག་གི་ལག་ཏུ་མེ་མདའ་དང་འབར་རྫས་སོགས་བཟུང་ཡོད་ན་འགྲིག་མིན་བཤད་ན་འོས་ཤིང་འཚམས་ན་ཡང་། ཀུ་ཤུ་ཁ་པར་སོགས་དེང་གི་དགོས་མཁོ་ལྡན་པའི་ཅ་དངོས་ཤིག་ཉར་བ་ཙམ་གྱིས་བོད་ཀྱི་བླ་གྲྭ་ཚོ་གང་མིན་ཚད་ཡིན་ཞེས་འུར་སྒྲོག་བྱས་པ་འདི་ཡག་རྟགས་ཤིག་མིན། མདོར་ན་རང་གཞན་སུ་ཞིག་ཡིན་ཡང་གཞན་ལ་མཛུབ་མོ་སྟོན་དུས་དང་པོ་རང་ཉིད་ལ་ལྷག་བསམ་ཡོད་ཀྱང་རྣམ་དཔྱོད་འདང་ངེས་ཤིག་ཡོད་མེད་ཤེས་དགོས་པ་ཡིན་པས། གཞན་ལ་བཤད་པའི་ལྕེ་ཡོད་པ་ལ་རང་ལ་ལྟ་བའི་མིག་ཡོད་དགོས་པ་འདི་གསལ་འདེབས་ཐེངས་ཤིག་ཞུས་པ་ཡིན།
༢༠༡༥/༠༢/༢༠ ལ།
བརྩོན་འགྲུས་ཀྱིས་བྲིས་པའི་རྔ་པ་གངས་རི་མཆོག་གི་རྩོམ་ཡིག་རིང་པོ་བདག་ལ་ཞིབ་པར་ཀློག་པའི་ལོང་མེད་ཀྱང་། “བློ་དང་དཔྱོད་ཤེས་ཀྱིས་མ་འདང་བའི” ཞེས་པའི་འདང་ལ་སྔོན་བྱོན་བོད་ཀྱི་མཁས་པའི་བཞེད་ཚུལ་དེ་ལྟར་མ་ཡིན་པ་ལན་མང་པོ་བྲིས་ཟིན་ཀྱང་། འདང་ཞེས་པའི་སྒྲ་དང་། ལང་ཞེས་པའི་སྒྲ་གཉིས་ལ་དོན་ལ་ཁྱད་པར་ཡོད་མེད་དང་། ལང་ཞེས་པ་ཟུར་མ་ཆག་པར་འདོན་ན། ཇི་ལྟར་ལགས་རྣམ་དཔྱོད་དང་ལྡན་པ་རྣམས་ཀྱིས་དཔྱད་པར་རིགས་སོ།
བོད་ཀྱི་ལོ་ཆེན་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་། རིན་ཆེན་བཟང་པོ་དང་། བློ་ལྡན་ཤེས་རབ་སོགས་ཀྱིས་ཞུས་དག་མཛད་པའི་དཔེ་ཆ་ན།
་
ས་སྟེང་འདི་དག་ཀོས་གཡོག་ཏུ།
དེ་སྙེད་ཀོ་བས་ག་ལ་ལང་།
ལྷམ་མཐིལ་ཙམ་གྱི་ཀོ་བས་ནི།
ས་སྟེང་ཐམས་ཅད་གཡོགས་དང་འདྲ།། ༡༣ །། སྤྱོད་འཇུག་ལེའུ་ལྔ་པ།
་
གཞན་ཡང་འདང་ཞེས་པ་ཆུ་རྙོག་སེལ་བ་ལ་འཇུག་སྟེ། ཆོས་རྗེ་ས་པཎ་གྱིས།
་
ཆུ་ཀླུང་རྙོག་པས་ཆུད་གསན་པ།
ཆུ་འདང་ནོར་བུས་དྭངས་པར་བྱེད།། ༡༤ །། ལེགས་བཤད་རབ་བྱེད་དང་པོ།
ཡིག་ནོར་ལ་ཞུས་དག་མཛད་པ་བོད་རིག་གཞུང་གི་ཞབས་ཏོག་ཏུ་རྩིའོ།
དགག་ལན་གནད་ཐོག་ལ་འཁེལ་ངེས། དེང་སང་མང་པོ་ཞིག་གིས་ཕྱི་ཚུལ་ཙམ་མ་གཏོགས་དོ་སྣང་བྱེད་གི་མེད་ལ་ཤེས་རྟོགས་ཀྱང་ཡོད་པ་མ་རེད།
ངོ་ནས་ཡག་པོ་བྲིས་འདུག ཧ་ཅང་རྒྱུ་མཚན་འདུག་བཀའ་དྲིན་ཆེ།
སྤྱིར་ཡིན་ན་གྲ་པ་ཚོ་ཡག་པོ་སྡད་ཤེས་ཀྱི་མི་འདུག ཡིན་ན་ཡང་། ད་ལྟའི་སྐབས་གྲ་པ་མེད་ན་ཏོག་ཙམ་བོད་པ་ཚོར་དཀའ་ངལ་ཡོད་པ་རེད་ལ་གནད་འགག་འདུག སྡེར་ཐོག་གི་དགེ་བཤེས་འབྲི་མཁན་དེ་བོད་ཁམས་ཉུལ་འབྲི་མཁན་ཨ་འཇམ་དབྱངས་ཚུར་ཁྲིམས་ཟེར་དེ་རེད། ད་ལྟ་ཁོ་མིན་མདོགས་མདོགས་ལབ་ཀྱི་འདུག བོད་ཀྱི་རྩོམ་པ་པོ་ཚོའི་དང་པོ་འབྲི་ཀི གཉིས་པ་ཡང་མིན་ཟེར་གྱི་རེད། མདོར་ན་འགན་འཁུར་ཀྱི་མ་རེད།
ལོ་གསར་ལ་མ་མཐར་ཡང་། ཆུ་འདང་མ་ཞིག་ནང་། རྩམ་པ་ལྡང་ངེས་ཤིག ཟ་རྒྱུ་འོངས་བར་ཤོག
འདང་ཞེས་པ་འདི་ནི་ཚིག་མཛོད་དག་ལས་ཀྱང་ཚད་ལོངས་པའི་དོན་ལ་འཇུག་པ་མ་ཟད། རང་གི་སྐད་དུ་ཡང་ད་དུང་བེད་སྤྱོད་བྱེད་བཞིན་ཡོད། ད་ལྟ་པ་ལ་འདང་། མ་འོངས་པ་ལ་འདང་། འདས་པ་ལ་འདངས་ཞེས་བེད་སྤྱོད་བྱེད་བཞིན་ཡོད། སྒང་ནས་གྲོགས་པོ་ཞིག་གིས་ཆོས་རྗེ་ས་པན་གྱི་ལུང་ཞིག་དྲངས་ནས་འདང་ཞེས་པ་ཆུ་རྙོག་སེལ་བ་ལ་འཇུག་པའི་རྒྱུ་མཚན་གྱིས་ཚད་ལོངས་པའི་དོན་ལ་མི་འཇུག་ཚུལ་བཤད་འདུག་པ་དེ་ལྟ་ན། ཁོ་ལ་སྐྱོན་འདི་ལྟརའཇུག་སྟེ་འོ་ན་ལང་ཞེས་པ་ཡང་ཚད་ལོངས་པའི་དོན་ལ་མི་འཇུག་པར་ཐལ། ལང་ནི་ཡར་ལངས་པའི་བྱ་ཚིག་ད་ལྟ་པ་ལ་འཇུག་པས་ཕྱིར། ཞེས་པའི་ཐལ་བ་འབབ་བོ། །གཞན་སྤྱོད་འཇུག་གི་ནང་གི་ག་ལ་ལང་ཞེས་པའི་སྐབས་ཀྱི་ལང་འདི་ལ་ཡང་ཡི་གེ་ཆད་པའི་སྐྱོན་ཡོད་དེ་ལང་ཞེས་པ་མ་ཡིན་པར་ལོང་ཞེས་པའི་ན་རོ་ཆད་པ་རེད། ད་ལྟ་པ་ལ་ལོང་དང་། མ་འོངས་པ་ལ་ལོང་། འདས་པ་ལ་ལོངས་ཞེས་འབྲི་དགོས་པ་ཡིན་ནོ། །འདི་ལྟར་གཞུང་དང་སྐད་ཆ་སོགས་ལ་དཔྱད་ན་གང་ཞིག་ནོར་བ་དང་མ་ནོར་བའི་ཁྱད་པར་ཤེས་པ་ལས། བྱ་ཚིག་ཅིག་ལ་དོན་དག་གཅིག་ཁོ་ནར་བསམ་བློ་བཏང་བ་ཡིན་ན་རང་ཉིད་ཀྱི་མགོ་ཉོག་པ་ལས་གཞན་རྣམ་དཔྱོད་ལྡན་པའི་དཔྱད་པ་གནང་མི་ཐུབ་བོ།།
སློབ་དཔོན་མིག་བརྒྱད་པ་ང་། ཀརྡོ་གཉེར་ཕྱག་པ་རྣམ་པ་གཉིས་ལ་ལོ་གསར་གྱི་འཚམས་འདྲི་ཞུའོ།
མཁས་པའི་ཆུ་རྒྱུན་འབབ་པར་རྔ་པ་གངས་ཀྱི་རིར།
བོད་ཀྱི་མཁས་པ་དག་གི་བསྟན་བཅོས་ཉི་མའི་འོད།
ཕོག་པར་དགོས་ཀྱི་མ་དག་ཚིག་མཛོད་དང་ཁ་སྐད།
ཆོས་ཀྱི་སྐད་དང་མཐུན་པར་མི་འོས་མཁྱེན་པར་མཛོད།།
་
བོད་ཀྱི་མཁས་པ་མང་པོས་དག་ཡིག་གི་གཞི་རྩར་བཟུང་བའི་ཞ་ལུ་ཆོས་སྐྱོང་གི་དག་ཡིག་ཟ་མ་ཏོག་ཏུ།
་
ཉལ་ལས་ལྡང་དང་འཁོབས་པའི་ལྡང་།
་
ཞེས་དང་། ངག་དབང་ཆོས་ཀྱི་རྒྱ་མཚོ་དབྱངས་ཅན་སྙེམས་པའི་སྡེའི་དག་ཡིག་ངག་གི་སྒྲོན་མ་ན།
་
ནེའུ་ལྡང་ལྡོམ་བུ་སྟན་ལས་ལྡང་།
ལྡང་ཚད་ལ་སོགས་སར་བཏགས་དའོ།
་
ཞེས་པ་ལྟར་སྤྱོད་འཇུག་ན། དེ་སྙེད་ཀོ་བས་ག་ལ་ལང་། ཞེས་པར་ཟུར་མ་ཆག་པར་འདོན་ན། དེ་སྙེད་ཀོ་བས་ག་ལ་ལྡང་། ཞེས་དཔེ་་ཆ་དག་པ་འདྲ་རྙེད་ན། དེ་ལྟར་ཡོད་ཤས་ཆེ། རིམ་པས་ཞུ་ཆོག་གོ །
ཀརྡོས།
ལྡང་དང་ལང་གཉིས་དོན་གཅིག་ཏེ། །
ཕྱེ་དང་ཕེ་གཉིས་དོན་གཅིག་བཞིན། །
རྩོམ་ཡིག་ལ་འགན་མི་ཁུར་བ་དང་བདག་པོ་མི་རྒྱག་པའི་བོད་ཀྱི་ཡིག་བྲིས་པ་འགའ་རེ་ཡོད་པ་ཁོ་བོས་སྔར་ནས་ཤེས། ཨ་འཇམ་ཟེར་བ་དེ་ཡང་དེའི་གྲས་ཤིག་ཡིན་པ་འདྲ། ཨ་ཁ་ཁ།
རྔ་བ་གངས་རི་ལགས་ཀྱིས་དགག་ཡུལ་གྱི་རྩོམ་ཡིག་༼ སྡེར་ཐོག་གི་དགེ་བཤེས་༽ ཞེས་པ་རྩོམ་མཁན་ཨ་འཇམ་ལགས་ཀྱིས་བྲིས་པ་མིན་པར་ཁོང་གི་མིང་མི་གཞན་གྱིས་བེད་སྤྱོད་བཏང་བ་འདྲ། ཨ་འཇམ་གྱི་ངོ་དེབ་ཐོག་ཏུ་”ཁོ་བོའི་མིང་གང་བྱུང་དུ་མི་སྤྱོད་པར་ཞུ།” ཞེས་རེ་སྐུལ་དང་མཉམ་གོང་གི་རྩོམ་དེའི་པར་བཞག་འདུག གཤམ་གྱི་དྲ་བའི་ཁ་བྱང་འདི་ནས་གཟིགས་དང་། https://www.facebook.com/photo.php?fbid=765574093520202&set=a.250713631672920.58352.100002028548008&type=1&theater
རྔ་བ་གངས་རི་ལགས་ཀྱིས། གནད་ལ་ཁེལ་བ་ཞིག་བཤད་འདུག བརྒྱ་ཆའི་དགུ་བཅུ་ཁས་ལེན་རྒྱུ་ཡིན། རེད་རེད། སྤྱིར་མི་ཞིག་ཡིན་ཚེ། དགེ་སྐྱོན་དང་བཟང་ངན་གྱི་ཆ་རེ་རེ་བཙལ་ན་འཚོལ་རྒྱུ་ཡོད་པ་རེད། འོན་ཏེ། དགེ་སྐྱོན་དབྱེ་ཞིབ་ཀྱིས་སྲང་ལ་མཇལ་རྒྱུ་གལ་ཆེན་རེད་འདོད། དེ་ཡང་སྐབས་ཀྱི་དགོས་འཁོ་ལ་གཞིག་རྒྱུ་གལ་ཆེ་སྙམ། ཡིན་ཡང་། ད་སྐབས་མང་ཆེ་བར་ཁ་ལབ་མ་གཏོགས་དབྱེ་ཞིབ་ཀྱི་བློ་གྲོས་ཡོད་པ་མ་རེད། ཨ་འཇམ་ཟེར་བ་ཁོ་རང་ངོ་མ་ཡིན་ཚེ། སྔར་བྱས་ཀྱི་ཉེས་པ་ཉེས་པར་ངོས་ཟིན་ནས་ད་མིན་ཟེར་གྱིན་ཡོད་པ་འདྲ། ཨ་འཇམ་ངོ་མ་མིན་ཚེ། ཡང་ཅིག་གིས། གཡོ་རྒྱུ་འཁྲབ་ཀྱིན་པ་ཁོ་ཏག་རེད། མིང་ལ་གཏན་ཁེལ་མེད་པ་མི་ལ་ངེས་བཟུང་མེད་པའི་དྲ་ཁྱི་དག་གི་སྐད་ཆ་དང་རྩོམ་ཡིག་ལ་སུས་ཀྱང་བདག་པོ་མ་བརྒྱབ་ན་ཡག་གི་རེད། ཁོང་ཚོར་འགན་འཁུར་དང་དམིགས་གཏད་ཏན་ཏན་ཞིག་མེད་པས་སོ།།