ལིས་ཅང་ལིང་གིས་བརྩམས། ནགས་ཤོད་སད་མིས་བསྒྱུར།
དོན་དངོས་ཁ་འཐོར་འཛིན་སྐྱོང་འོག་གནས་པའི་མི་སེར་རྒྱལ་ཁབ་དང་བོད།
བོད་འདི་ཉིད་མི་སེར་རྒྱལ་ཁབ་རིང་དོན་དངོས་རང་བཞིན་སྒོ་ནས་ཁ་འཐོར་འཛིན་སྐྱོང་སོང་བའི་ལོ་རྒྱུས་རགས་གླེང་།
དེ་རིང་གི་གཏམ་བཤད་འདིར་སྐུ་ཞབས་ཤིན་ཧོ་ཉིང་ནས་གདན་ཞུ་གནང་བ་ལྟར། ཚོར་བ་རྣོ་བའི་མི་རིགས་གནད་དོན་འགའི་སྐོར་ལ་ང་རང་གི་བསམ་ཚུལ་བཤད་ཀྱི་ཡིན། མི་རིགས་གནད་དོན་ཞིབ་འཇུག་བྱེད་པའི་མཁས་པ་ལ་ལ་བོད་སྐོར་མང་དྲགས་པའི་གླེང་སློང་བྱེད་འདོད་མེད། དེ་ནི་བོད་ཀྱི་གནད་དོན་(雷区)ཉེན་ལྡན་ས་ཁུལ་ཞིག་ཏུ་བསམ་པས་རེད། འོན་ཏེ་ངའི་ཞིབ་འཇུག་སྔ་མོ་ཞིག་ནས་ཉེན་ལྡན་ས་ཁུལ་དུ་འཛུལ་ཚར། ང་ཚོས་མི་སེར་རྒྱལ་ཁབ་རིང་གི་བོད་དོན་གླེང་ཡོང་དུས། སླར་ཡང་དེ་ལས་གཏིང་ཟབ་པའི་ཉེན་ལྡན་ས་ཁུལ་ཞིག་ལ་འཛུལ་སོང་བ་རེད། དེ་ལྟ་མོད་ཀྱི། ང་ཚོས་དཔའ་བས་ཉེན་ལྡན་ས་ཁུལ་གྱི་ཟབ་སར་ཞུགས་པ་ཁོ་ནས། ད་གཟོད་རྒྱལ་ཁབ་དང་མི་རིགས། ཀྲུང་བོད་འབྲེལ་བ། རྒྱ་བོད་འབྲེལ་བའི་རབ་རིབ་མག་མོག་གི་བསམ་བློ་དེ་དག་བསལ་ཐུབ། ཉེན་ལྡན་ས་ཁུལ་དུ་མ་ཞུགས་པར་སྔ་མའི་རབ་རིབ་ཀྱི་བསམ་བློ་གཏོར་བརླགས་བྱས་ཚེ། ང་ཚོས་དངོས་གནས་དྲང་གནས་ཀྱི་འབྱོར་ཕྱུག་མི་སེར་རྒྱལ་ཁབ་ཅིག་དང་། མི་སེར་རྒྱལ་ཁབ་འཛུགས་སྐྲུན། མི་སེར་རྒྱལ་ཁབ་གསར་སྤེལ་བཅས་པའི་རྨང་གཞིའང་འཛུགས་སྐྲུན་བྱ་ཐབས་བྲལ་བ་རེད། གནད་དོན་འདི་ཅི་འདྲའི་གལ་ཆེ་སྟབས་ཕྲན་ནས་ངེས་པར་དུ་དེ་རིང་གི་(ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་ལོ་རྒྱུས་དང་འདས་ད) གཞིར་བཅས་པའི་བརྗོད་དོན་ཐོག་གཏམ་བཤད་བྱེད་ཀྱི་ཡིན། ཡིན་ནའང་གཙོ་བོ་བཟོ་བཅོས་ཅུང་ཙམ་བྱེད་འདོད་པ་དེ་ནི་ཀྲུང་ཧྭ་མི་སེར་རྒྱལ་ཁབ་དང་བོད་འབྲེལ་གནས་སྟངས་ཀྱི་འདས་མ་ད་གསུམ་རེད། འདི་ནི་བརྗོད་གཞི་ཧ་ཅང་ཆེན་པོ་ཞིག་རེད། དུས་ཚོད་དབང་གིས་རང་ཉིད་ཀྱི་ལྟ་ཚུལ་མདོར་བསྡུས་ཤིག་བརྗོད་རྒྱུ་ལས་མེད།
བོད་འདི་ཉིད་མི་སེར་རྒྱལ་ཁབ་སྐབས་སུ་དོན་དངོས་རང་བཙན་ངོ་བོར་གནས་ཡོད།
2011ལོའི་ཟླ་བ་ 10པར། ང་རང་ཐའེ་པེ་རྒྱལ་ཁབ་ཡིག་མཛོད་ཁང་དུ་རྒྱ་བོད་འབྲེལ་བའི་སྐོར་ལོ་རྒྱུས་འཚོལ་བསྡུ་བྱེད་བཞིན་ཡོད། ཟླ་བ་ 10པའི་ཚེས 10ཉིན། ཏག་ཏག་མི་སེར་རྒྱལ་ཁབ་དབུ་བརྙེས་ནས་མི་ལོ་ 100 འཁོར་བའི་དགའ་སྟོན་མཛད་སྒོ་རྗེས་ཟིན། 2013ལོའི་ཟླ་བ་ 1པོར། ངས་རྒྱ་ནག་སྐམ་ས་ནས་དྲ་གྱང་བརྒལ་ཏེ་ལྟ་དུས་གསར་འགྱུར་ཞིག་མཐོང་བྱུང་། དེ་ནི་རྡ་རམ་ས་ལར་མི་འགའ་རེས་བོད་རང་བཙན་ཐོབ་ནས་ལོ 100འཁོར་བའི་དགའ་སྟོན་བྱེད་བཞིན་འདུག འདི་ཡང་བསྐྱར་བཤད་ན། 1911ལོའི་ལྕགས་ཕག་གསར་བརྗེའི་ངོས་ནས་རྒྱ་མི་དང་། མན་ཇུ་བ། སོག་རིགས་བ། བོད་མི་བཅས་ཀྱི་དོན་སྙིང་གཏན་ནས་འདྲ་གི་མེད་པ་རེད། གལ་ཏེ། ལྕགས་ཕག་གསར་བརྗེ་ཡིས་ང་ཚོའི་ལོ་བརྒྱའི་ཁྲིམས་སྲིད་ཕུགས་འདུན་མགོ་བཙུགས་པ་དང་། གནའ་བོའི་རྒྱ་མི་རིགས་ཀྱི་དེང་རབས་རིག་གནས་ལམ་བུ་བཏོད་པར་འདོད་པ། དེ་བཞིན་དུ་ལྕགས་ཕག་གསར་བརྗེ་ཡིས་བོད་མི་རིགས་ཀྱི་ལོ་བརྒྱའི་རང་བཙན་ཕུགས་འདུན་དང་དེང་རབས་ཅན་འཕེལ་ཚད་མགོ་བཙུགས་པར་འདོད་ཚེ། ལྕགས་ཕག་གསར་བརྗེ་ནས་རྒྱ་བོད་མི་རིགས་གཉིས་ཀྱི་འཚོལ་སྙེགས་ལམ་ཁ་རྦད་དེ་མི་འདྲ་བ་མ་ཟད། ཚད་ངེས་ཅན་ཐོག་ནས་ད་དུང་ཕན་ཚུན་འགལ་ཟླར་སོང་ཡོད།
སྔོན་དུ་གལ་གནད་ཆེ་བའི་དངོས་བྱུང་ལོ་རྒྱུས་འགའ་བཤད་གི་ཡིན། 1909ལོར། ཀྲའོ་འར་ཧྥུང་གིས་སི་ཁྲོན་ཁུལ་དུ་སྡེ་དཔོན་བསྡུས་ནས་གཞུང་དཔོན་བཏང་རྗེས། ཆིང་སྲིད་གཞུང་གིས་ཐེང་ཡུང་ནས་དམག་ཁྲིད་དེ་བོད་དུ་བསྐྱོད་དགོས་པར་བཀའ་རྒྱ་ཕབ་པ་མ་ཟད། སྡེ་དཔོན་བསྡུས་ནས་གཞུང་དཔོན་བསྐོ་བའི་སྲིད་ཇུས་བོད་དུ་ལག་བསྟར་བྱ་དགོས་པར་བཤད། 1910 ལོར་མན་དམག1700ལྷག་ལྷ་སར་འཛུལ་རྐྱེན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཡང་རྒྱ་གར་དུ་ཡུལ་གྱར་སོང་བ་རེད། 1912ལོའི་ཟླ་བ 1པོའི་ཚེས 1ལ། སུང་ཀྲུང་ཧྲང་གིས་ནན་ཅིང་དུ་རྒྱ་ནག་མི་སེར་རྒྱལ་ཁབ་སྲིད་འཛིན་འགན་ཁུར། ལོ་གཅིག་གི་རྗེས་ཏེ 1913ལོའི་ཟླ་བ1པོའི་ཚེས11ལ། སོག་པོ་དང་ཏཱ་ལའི་བླ་མ་སྐུ་ཕྲེང13 པའི་སྐུ་ཚབ་སོག་པོ་ཁུ་ལོན(ཝུན་ལང་པ་ཐོར)<<བོད་སོག་མཛའ་མཐུན་མནའ་འབྲེལ་ཆིངས་ཡིག >>བཞག ཆིངས་ཡིག་ནང་ཁ་གསལ་པོས་ཕན་ཚུན་གཉིས་ཀའི་རང་བཙན་ལ་ཁས་ལེན་བྱས་པ་བཀོད། 1914ལོར། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་བོད་ཀྱི་སྐུ་དྲག་གཞོན་ནུ 4 ཕྱི་རྒྱལ་དུ་སློབ་སྦྱོང་མངགས། འདི་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་དེང་རབས་ཅན་ལམ་བུར་འཚོལ་སྙེགས་འབད་བརྩོན་བྱས་པར་ལྟ་ཆོག རེད་དེ། གཞོན་ནུ་བཞི་པོ་འདི་དབྱིན་ཇིར་བསྐྱོད་པ་ལས་པེ་ཅིང་ལ་མ་རེད། དུས་སྐབས་དེའི་ལོ་རྒྱུས་འདི་ནི་དེ་སྔ་ཡིན་ནའང་འདྲ། ད་ལྟའི་མི་སེར་རྒྱལ་ཁབ་ཞིབ་འཇུག་བྱེད་མཁན་སུས་ཀྱང་གླེང་ཉུང་བ་ཞིག་རེད།
ངས་བསམས་ན་དེ་ནི་(རྒྱ་ནག་ཆེན་པོའི་རིང་ལུགས་པ) འམ་ཡང་ན་རྒྱ་མི་རིགས་རིང་ལུགས་པ་འགའི་སྤོབས་སེམས་གཅོག་གི་ཡོད་པས་རེད། བོད་མི་རིགས་ཀྱི་མི་རིགས་རང་བཙན་དང་དེང་རབས་ཅན་ལམ་བུར་འགྱུར་བ་འགྲོ་བའི་སྐབས་སུ། ང་ཚོས་རིང་ནས་དམུ་རྒོད་རྗེས་ལུས་སུ་བལྟ་བའི་མི་རིགས་འདི་ང་ཚོས་ཀླ་ཀློར་བརྩི་བའི་ནུབ་ཕྱོགས་རྒྱལ་ཁབ་ཏུ་དེང་རབས་ཅན་ལམ་བུར་འཚོལ་སྙེགས་བྱས་པ་ལས། བཙན་རྒྱལ་དབུས་གཞུང་ཕྱོགས་ལ་ཕྱིན་པ་མ་རེད། གལ་ཏེ་མི་སེར་རྒྱལ་ཁབ་ཀྱིས་མན་ཇུའི་ལག་ནས /བོད་དང /ཤིང་ཅང་ས་ཁོངས་ཡོངས་རྫོགས་རྒྱུན་འཛིན་བྱས་པར་བརྗོད་དགོས་ཚེ། ང་ཚོས་དོན་དངོས་གནས་ཚུལ་ཞིག་ལྷོད་གཡེང་ཤོར་བ་སྟེ། མན་ཇུའི་རྒྱལ་རབས་འཐོར་ཞིག་སོང་རྗེས། དེ་སྔ་མན་ཇུ་དང་འབྲེལ་བ་ཆགས་པའི་རྒྱ་མི་རིགས་མ་ཡིན་པའི་མི་རིགས་གཙོ་བོ་དག་ཡང་བསྐྱར洗牌གཙང་སེལ་བྱ་མགོ་བཙུགས། (མི་རིགས་ལྔ་མཐུན ) གྱི་མི་རིགས་ལྔའི་ནང་། མ་མཐར་ཡང་མི་རིགས་ཆེ་ཁག་གཉིས་མི་སེར་རྒྱལ་ཁབ་མགོ་ཚུགས་ཁ་མར་རང་བཙན་དྲིལ་བསྒྲགས་བྱས་པ་རེད།
ངས་ཡིག་ཆ་འཚོལ་བའི་བརྒྱུད་རིམ་ནང་། ཞུ་ཡིག་ལྟེབ་མའི་རིགས་འདྲ་བའི་ཡིག་ཚགས་ཤིག་མཐོང་མྱོང་ཡོད། སྤྱི་མིང་དུ (བོད་གྲ་སྒྲིག་སྲིད་ཇུས)ཞེས་འབོད་ཆོག སྤྱིར་བཏང་བའི་སློབ་ཆེན་ནས་བོད་སོག་ཨུ་ཡོན་ལྷན་ཁང་ལ་ཡིེ་གེ་བཏང་སྟེ། བོད་ཀྱི་གནད་དོན་ཅི་ལྟར་ཐག་གཅོད་བྱེད་དགོས་པའམ། ཡང་ན་རྣམ་པ་འདྲ་མིན་གྱི་མགོ་ཁྲིད་མཐོན་པོས་སྙན་ཞུའམ་བསམ་འཆར་བྲིས་ནས་བོད་ཀྱི་གནད་དོན་ཇི་ལྟར་ཐག་གཅོད་གྲ་སྒྲིག་དགོས་པར་བཤད། ཡིག་ཆ་འདི་དག་སྤྱིའི་ཆ་ནས་ཁྱད་ཆོས་ཁ་ཤས་ཡོད་པ་སྟེ།
1.ཆེས་ཉུང་ཤས་ཕུད་དེ་མིན་གཙོ་ཆེ་བ་རྒྱ་རིགས་མཁས་དབང་ཚོས་བྲིས་པ་དང་། རྒྱ་རིགས་མཁས་དབང་ཚོས་བོད་ཀྱི(བཏང་འཛིན་བྲལ་བའི (ཞེས་འབོད )གནད་དོན་ག་འདྲ་བྱས་ནས་ཐག་གཅོད་བྱ་དགོས་པ་བསྟན་པ་རེད།
2. (བོད་གྲ་སྒྲིག་སྲིད་ཇུས)འདི་དག་གིས་དོན་དག་གལ་ཆེན་གཉིས་ལ་སྣང་འཇོག་བྱས་མེད། དེ་ནི་བཏང་འཛིན་དང་བསྒྱུར་བཅོས་རེད། ལ་ཤས་ཀྱིས་དྲག་མཚོན་སྤྱད་ནས་བཏང་འཛིན་བྱ་དགོས་པ་བཤད། འགའ་ཤས་ཀྱིས (གོང་བཀུར་སེམས་འདུལ)བྱ་དགོས་ཟེར། ཁ་ཤས་ཀྱིས་རིག་གཞུང་བསྒྱུར་བཀོད་བྱེད་དགོས་སོགས་ཟེར།
3. (བདག་དབང་ཕྱིར་བཤོལ་བྱ་མི་རུང)བས་བོད་མིའི་རེ་འདོད་སྣང་ཆུང་བྱེད་དགོས། དོན་དམ་དུ། སོག་པོ་དང་བོད་ཆིངས་ཡིག་བཞག་ནས་ཕན་ཚུན་ཁས་ལེན་རེས་བྱེད་པའི་སྐབས་སུ། སོག་པོ་དང་བོད་དངོས་ཡོད་ཐོག་ནས་དབུས་སྲིད་གཞུང་དང་འབྲེལ་ཐག་གཙང་གཅོད་བྱས་ཡོད་པས་ཁོང་ཚོའི་དབར་གྱི་འབྲེལ་བ་བསྐྱར་གསོ་བྱེད་ཐབས་བྲལ་བ་རེད།
རྒྱ་མི་མཁས་དབང་ཚོས་(མི་རིགས་ལྔ་མཐུན)དར་སྤེལ་བྱེད་པའི་ཚེ་ན། མི་རིགས་ཆེན་པོ་སོག་པོ་དང་བོད་གཉིས་ཏག་ཏག་སྒོར་བུད་ནས། ཁྱོད་ཚོ་དང་ལྷན་དུ་(མཉམ་མཐུན)བྱེད་རྩིས་མེད་ཟེར། ནན་ཅིང་སྲིད་གཞུང་དབུ་བརྙེས་པའི་སྐབས་སུ་མི་རིགས་གཞན་གཉིས་རང་བཙན་ཆིངས་ཡིག་བཞག་ཡོད། ལོ་རྒྱུས་དུམ་བུ་འདི་ང་ཚོའི་ལོ་རྒྱུས་ཡིག་ཚགས་ཚང་མས་གཡོལ་འགྲོ་གི་རེད། མཚམས་མཚམས་སུ་ཆིངས་ཡིག་འདི་གླེང་བསླངས་ན་ཡང་ཏག་ཏག (ཆིངས་ཡིག་ཁྲིམས་མཐུན་རང་བཞིན)ཡིན་མིན་ནང་བཙུད་འགྲོ་གི་རེད།
དོན་དངོས་ཐོག དེ་ལས་ཀྱང་གལ་ཆེ་བའི་དངོས་དོན་ཞིག་ནི། མི་སེར་རྒྱལ་ཁབ་དབུ་བརྙེས་ཁར། སོག་བོད་མི་རིགས་གཉིས་ཆིངས་ཡིག་བཞག་ནས་ཁ་གསལ་ངང་རང་བཙན་རེ་འདོད་བསྟན་པ་རེད། སོག་བོད་མི་རིགས་གཉིས་ཀས(མི་རིགས་ལྔ་མཐུན)དང་རང་ཉིད་འབྲེལ་བ་མེད་པ་བསམས་ཡོད། འོ་ན། (བོད་གྲ་སྒྲིག་སྲིད་ཇུས)འདི་ཚོས་ཅི་ཞིག་མཚོན་པ་རེད་དམ། དེ་ནི་དུས་སྐབས་དེར་མི་སེར་རྒྱལ་ཁབ་དང་བོད་དོན་དངོས་ཐོག་འབྲེལ་བ་མེད་པ་བསྟན་ཡོད། གལ་ཏེ་དོན་དགོས་རང་བཞིན་གྱི་འབྲེལ་བ་ཡོད་ཟེར་ན་གཞུང་དམངས་ཅི་རིགས་ནས་འདི་ལྟ་བུའི་ཐབས་འདོན་ཇུས་འགོད་བྱེད་དགོས་དོན་མེད། དོན་ངོ་མས། མི་སེར་རྒྱལ་ཁབ་ཀྱིས་བོད་གཏན་ནས་བདག་སྐྱོང་བྱེད་མྱོང་མེད། མི་སེར་རྒྱལ་ཁབ་སྐབས་སུ་བོད་དོན་དངོས་རང་བཞིན་སྒོ་ནས་རང་བཙན་རྒྱལ་ཁབ་རྣམ་པར་གནས་ཡོད། མི་སེར་རྒྱལ་ཁབ་སྲིད་གཞུང་གིས་ཁོ་པ་ཚོའི་དབང་སྒྱུར་སྒྲིག་བཀོད་བོད་དུ་སྤེལ་མེད་ལ། ཐ་ན་ཞིང་བཞིའི་བོད་ཁུལ་ལའང་སྤེལ་མེད། དེ་ནི་ཁམས་ཁུལ་དང་ཨ་མདོ་སོགས་ས་ཁུལ་མང་ཆེ་བ་ཚུད་ཡོད། ལྷག་པར་དུ་མཐོ་སྒང་འབྲོག་ཁུལ་བཅས་ལ་མི་སེར་རྒྱལ་ཁབ་ཀྱི་འཛིན་སྐྱོང་ལས་ཁུངས་ནས་གཞི་རིམ་ན་ཁྱབ་སྤེལ་བྱས་མེད། དཔེར་མཚོན་ན། མ་གཞི་མཚོ་སྔོན་དུ་ཞིང་ཆེན་འཛིན་སྐྱོང་ལས་ཁུངས་བཙུགས་ཡོད་མོད། ཡིན་ནའང་བོད་ཁུལ་ཡུལ་ཤུལ་དང་མགོ་ལོག་སོགས་ལ་ལག་ལེན་ངོ་མའི་སྒང་ནས་དབང་སྒྱུར་བྱས་མེད་སྟབས། ས་ཆ་འདི་དག་ད་དུང་ཡང་སྲོལ་རྒྱུན་གྱི་ས་གནས་རྒྱལ་པོས་དོ་དམ་བྱས་ཡོད།
མི་སེར་རྒྱལ་ཁབ་རིང་གང་པོར། མི་སེར་རྒྱལ་ཁབ་སྲིད་གཞུང་གིས་སེམས་ནུས་ཅི་ལྕོགས་སྒོ་ནས་བོད་དུ་འཛུལ་ཐབས་བྱས་མོད། ཏག་ཏག་མཚོ་སྔོན་ན་གོར་མོ་དང་སི་ཁྲོན་འབྲི་ཆུའི་གཡས་གཡོན་ནས་བཀག་འགོག་ཐེབས་པ་དང་སྦྲགས། མི་སེར་རྒྱལ་ཁབ་སྐབས་སུ་ཕྱོགས་གཉིས་ད་དུང་གདོང་ཐུག་ཁ་ཤས་བྱུང་མྱོང་ཡོད་པ་རེད། ལོ་རྒྱུས་ནང་དུ་ (མཚོ་བོད་དམག་འཐབ )(ཁམས་བོད་དམག་འཐབ )འབོད་པ་རེད། མི་སེར་རྒྱལ་ཁབ་སྲིད་གཞུང་ནས (བོད་དབང་སྒྱུར)སླད་བཏོན་པའི་སེམས་ནུས་ཡོད་ཚད་འབྲེལ་བ་གང་རུང་ཞིག་བསྐྱར་གསོ་ཡོང་ཆེད་རེད། རེད་དེ་ཁོང་ཚོའི་ལས་ཀ་ཚད་མཐོ་ཤོས་ནི་བོད་སོག་ཨུ་ཡོན་ལྷན་ཁང་ནས་ལྷ་སར་དོན་གཅོད་ལས་ཁུངས་འཛུགས་མྱོང་མོད་བོད་དུ་བསྡད་ཡུན་ཧ་ཅང་ཐུང་།
མི་སེར་རྒྱལ་ཁབ་སྐབས་སུ། བོད་དུ(རྒྱ་འབུད)གནས་ཚུལ་ཐེངས་གཉིས་བྱུང་བ་རེད། དེ་ནི་(རྒྱ་མི་མཐའ་སྐྲོད) དོན་རྐྱེན་རང་རེད། གཅིག་ནི་ 1913ལོར་རེད། ཏཱ་ལའི་བླ་མ་སྐུ་ཕྲེང་ 13པ་རྒྱ་གར་ལ་བཙན་བྱོལ་སོང་དུས་རེད། མི་སེར་རྒྱལ་ཁབ་མགོ་བཙུགས་མ་ཁ་སྟེ། ལྕགས་ཕག་གསར་བརྗེ་ལངས་པའི་གནས་ཚུལ་ལྷ་སར་ཁྱབ་ཚེ། ལྷ་སར་བཅའ་སྡོད་སི་ཁྲོན་དམག་མི་གློ་བུར་ཟིང་ཆ་ལངས་ནས་སི་དམག་གིས་ལྷ་སར་མེར་བསྲེག་འཕྲོག་བཅོམ་བྱས་སྟབས་བོད་མིས་མཐའ་སྐྲོད་བྱས་པ་རེད། དེ་ནི་རྒྱ་མི་ཐེངས་དང་པོ་མཐར་སྐྲོད་བྱས་པའི་དོན་རྐྱེན་བྱུང་། འདིས་ནི་བོད་ཀྱི་ལོ་རྒྱུས་ཐོག་དོན་དངོས་རང་བཙན་དུས་རིམ་ཞིག་མགོ་བརྩམས་པ་རེད། དུས་ཕྱིས། མི་སེར་རྒྱལ་ཁབ་སྲིད་གཞུང་གིས་ལྷ་སར་ཡོད་པའི་བཀའ་ཤག་སྲིད་གཞུང་དང་འབྲེལ་བ་འཛུགས་སླད་འབད་བརྩོན་ལྷོད་མེད་བྱས།
མི་སེར་རྒྱལ་ཁབ་སྐབས་སུ་བསྡོམས་པས་ཐེངས་གཉིས་འབྲེལ་བ་འཛུགས་པའི་གོ་སྐབས་བྱུང་ཡོད། གཅིག་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་ 13དགོངས་པ་རྫོགས་དུས་མི་སེར་རྒྱལ་ཁབ་ནས་མྱ་ངན་སེམས་གསོ་བྱེད་མི་བཏང་བ་མ་ཟད་འཇའ་ས་ཞིག་ཀྱང་སྤྲད་པ་རེད། ཐེངས་གཉིས་པ་ནི་ད་ལྟའང་བདེ་འཚོ་ཡོད་པའི་ཏཱ་ལའི་བླ་མ་སྐུ་ཕྲེང་ 14པའི་གསེར་ཁྲི་མངའ་གསོལ་སྐབས་རེད་ལ། གོ་མིང་སྲིད་གཞུང་གིས་ཝུ་ཙུང་ཤིང་མཛད་སྒོར་བཏང་། ད་ལྟ་ཁུངས་ཐུབ་ཀྱི་དཔང་རྟགས་གསལ་བཤད་ལྟར་ན། ཝུ་ཙུང་ཤིང་གིས་ཏཱ་ལའི་བླ་མ་སྐུ་ཕྲེང་ 14པའི་གསེར་ཁྲི་མངལ་གསོལ་མཛད་སྒོ་(གཙོ་སྐྱོང) བྱས་ཟེར་བ་བདེན་པ་མིན་པར་ར་འཕྲོད། ཁོ་རང་གི་སྙན་ཐོའི་ནང་བཀོད་པའི་ཞིབ་ཕྲའི་གནད་དོན་དང་མཛད་སྒོར་བཅར་མཁན་གཞན་དག་གི་ཟིན་བྲིས་ནང་དོན་རྩེ་མཐུན་ཡོང་གི་མེད་པ་རེད།
བོད་མིས་ཐེངས་གཉིས་པ་རྒྱ་མི་མཐའ་སྐྲོད་བྱེད་དུས་ནི་མི་སེར་རྒྱལ་ཁབ་སྲིད་གཞུང་སྐམ་ས་ཆེན་མོར་ཕྱིར་འཐེན་བྱས་པ་དང་། བོད་མིས་ཐེངས་གཉིས་པ་རྒྱ་མི་མཐར་སྐྲོད་པའི་ལས་འགུལ་སྤེལ་བ་རེད། བོད་སོག་ཨུ་ཡོན་ལྷན་ཁང་གིས་ལྷ་སར་བཙུགས་པའི་དོན་གཅོད་ལས་ཁུངས་ལས་བྱེད་བཀའ་ཤག་གིས་དུས་བཀག་བཟོས་ནས་ཁ་བྲལ་དུ་བཅུག་ལ་རྒྱ་གར་བརྒྱུད་རྒྱ་ནག་ཏུ་ལོག་པ་རེད། དེ་རྗེས། 1950ལོར། རྒྱ་ནག་གུང་ཁྲན་པས(ཆབ་མདོ་དམག་འཐབ)བརྒྱུད་སྒོ་བརྒྱབ་པའི་བོད་ཀྱི་རྒྱལ་སྒོ་ཕྱེས་པ་དང་། 1951ལོར་རྒྱ་ནག་གུང་ཁྲན་པས་དྲག་ཆས་དམག་མི་བཏང་ནས་བོད་བཙན་བཟུང་བྱས་སྟབས་རྒྱ་བོད་དུས་རིམ་གཉིས་པ་ཞིག་མགོ་བརྩམས་པ་རེད། རེད་དེ་རྒྱ་ནག་གུང་ཁྲན་བོད་དུ་འཛུལ་བས་བོད་ཀྱི་ལོ་རྒྱུས་ཁྲོད་གོད་ཆག་ཆེ་ཤོས་དེ་བཟོས་པ་རེད།
མི་སེར་རྒྱལ་ཁབ་ཐའེ་ཝན་དུ་འཐེན་སྲུང་བྱས་རྗེས་ཕྱོགས་གཉིས་ཆབ་སྲིད་ཡིད་རྟོན་མ་འདང་བ།
མི་སེར་རྒྱལ་ཁབ་ཐའེ་ཝན་དུ་འཐེན་སྲུང་བྱས་རྗེས། ཏཱ་ལའི་བླ་མ་སྐུ་ཕྲེང་14པའི་ཡུལ་གྱར་སྲིད་གཞུང་དབར་འབྲེལ་བ་ཅི་འདྲ་ཡིན་པ་རེད། འདི་ནི་ངས་བཤད་བསམ་པའི་མི་སེར་རྒྱལ་ཁབ་དང་བོད་ཀྱི་འབྲེལ་བའི་(ད་ཡོད་གནས་སྟངས་རེད།) 1959ལོར་ལྷ་སའི་དོན་རྐྱེན་རྗེས། སྲིད་འཛིན་ཅང་ཅེ་ཧྲིས་གསལ་བསྒྲགས་སྤེལ་ནས་བོད་མི་དམངས་ཀྱི་དམར་ཤོག་གཏུམ་རྒོལ་ལས་འགུལ་རྒྱབ་སྐྱོར་ཡོད་པ་བཤད་ནས་དཔུང་པ་མཉམ་གཤིབ་བྱས་ཏེ་དམག་རྒྱག་རྒྱུར་ཁས་ལེན་བྱས་པ་མ་ཟད། སྐམ་ས་ཆེན་མོར་རང་གནས་ཐུབ་རྗེས་བོད་རིགས་མིར་གདམ་ཁའི་དབང་ཆ་སྤྲད་རྒྱུའང་ཁས་བླངས་མོད་བོད་མིས་ཁ་ཡ་བྱས་མེད། དེ་ནི་ཡང་བསྐྱར་རྒྱ་མིའི་གཡོ་འོག་ཏུ་ཚུད་མི་ཉན་བསམ་ཡོད། བོད་མིའི་ངོས་ནས་བཤད་ན། རྒྱ་ནག་ས་ཆའི་སྲིད་དབང་སུས་བཟུང་ཡང་གལ་ཆེན་མ་རེད་བསམ་ཡོད་དུས་ཁོང་ཚོ་རྒྱ་མིར་ཡིད་ཆེས་གཏན་ནས་བྱེད་ཀྱི་མེད་པ་རེད།
2009 ལོར་ངས་རྡ་རམ་ས་ལར་ཏཱ་ལའི་བླ་མར་བཅར་འདྲི་ཞུ་དུས་ཁོང་གིས (བོད་ཀྱི་སྐད་ཡིག་ནང་དུ་རྒྱ་ནག་གི་རྒྱལ་རབས་ཚང་མ། ཐག་རིང་ཙམ་བཤད་ན་ཐང་རྒྱལ་རབས་ནས་བཟུང་སུང་དང་ཡོན། མིང་། ཆིང་སོགས་མི་རིགས་ཅི་འདྲ་ཞིག་གིས་རྒྱ་ནག་དབང་བསྒྱུར་རུང་། (ཡོན་རྒྱལ་རབས་སྐབས་ཀྱི་སོག་པོའི་མི་ཡིན་ནའང་འདྲ། ཆིང་རྒྱལ་རབས་ཀྱི་མན་ཇུ་ཡིན་ནའང་འདྲ།) ང་ཚོས་ཁོང་ཚོར་(རྒྱ་ནག་གི་རྒྱལ་སྲས)ཞེས་འབོད་པ་དང་། ཡེང་ཏོ་ལ་(རྒྱ་གར) ཞེས་འབོད། ཀྲུང་གོ་ལ་(རྒྱ་ནག) ཅེས་འབོད། ཡེང་ཏོ་དང་ཀྲུང་གོ་གཉིས་ལ་རྒྱ་གར་དང་རྒྱ་ནག་ཅེས་འབོད། ལོ་རྒྱུས་སུ་སྔོན་མ་ནས་དེ་ལྟར་ཡིན་པ་རེད།)
ངས་འདི་སྐོར་གོ་བ་ལེན་སྟངས་ནི་ལོ་རྒྱུས་སྒང་ནས་བལྟས་པ་ཡིན་ན། བོད་མིས་རང་ཉིད”རྒྱ་ནག”གི་ཆ་ཤས་ཡིན་པ་ནམ་ཡང་བསམ་མྱོང་མེད། ང་ཚོས་བཏོན་པའི”མི་རིགས་ལྔ་མཐུན”གྱིས་གང་ཐུབ་ཐུབ་ཀྱིས་བོད་མི་གོ་མིང་ཏང་མངའ་འོག་བསྡུ་དགོས་བསམ་པ་དེ་ནི་མང་ཆེ་བ་ཕྱོགས་རྐྱང་པའི་འདོད་མོས་རེད། གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་ 13པས 1913ལོར་བོད་མིའི་རང་བཙན་བསྒྲགས་གཏམ་སྤེལ་བ་རེད། དེ་ནི་དོན་དངོས་ཐོག་ང་ཚོ་(རྒྱ་མིས)བོད་རིགས་དང་མི་རིགས་གཞན་རྒྱུས་ལོན་ཐད་གོ་འཛོལ་ཆེན་པོ་བྱུང་བ་མཚོན་པ་རེད། གོ་འཛོལ་འདིས་དོན་དག་ཆེན་པོ་ཞིག་གསལ་པོ་བསྟན་པ་རེད།
དེ་ནི་དེང་གི་སྐྱ་རེངས་མི་སེར་རྒྱལ་ཁབ་ལ་ཕོག་པའི་སྐབས་སུ། རྒྱལ་ཁབ་གསར་པའི་རྒྱ་མི་རིགས་ཀྱི་སྔོན་ཐོན་མི་སྣས་ཤེས་རིག་དང་མི་རིགས་མི་གཅིག་པ་དང་། ལོ་རྒྱུས་དང་རྒྱལ་རབས་མི་འདྲ་བ་སོ་སོའི་སྐབས་རྒྱལ་པོའི་དབང་ཤེད་ཀྱིས་རྒྱ་རིགས་མིན་པའི་མི་རིགས་དག་ཅི་ལྟར་བཙན་རྒྱལ་དུ་འཛུད་དགོས་མིན་གནད་དོན་ཐག་གཅོད་ཡག་པོ་མ་ཐུབ་པ་རེད། གནད་དོན་འདི་མི་སེར་རྒྱལ་ཁབ་ཀྱིས་སེལ་མ་ཐུབ་པ་རེད། མི་སེར་རྒྱལ་ཁབ་སྲིད་གཞུང་ཐའེ་ཝན་དུ་འཐེན་སྲུང་བྱས་དུས་གནད་དོན་འདི་སླར་ཡང་མངོན་ལ། ཅང་སྲིད་འཛིན་གྱི་ལྷག་བསམ་ལ་བརྡ་ལན་རྣམ་པ་ཕྱིར་མངོན་བྱུང་མེད།
རྗེས་སུ། མི་སེར་རྒྱལ་ཁབ་སྲིད་གཞུང་གིས་བོད་ཡུལ་གྱར་སྲིད་གཞུང་ཐུག་པར་མི་བཏང་ནས་བོད་ཀྱིས་བོད་སོག་ཨུ་ལྷན་མགོ་ཁྲིད་དང་ལེན་བྱེད་པར་རེ་མོེད། བོད་ཡུལ་གྱར་སྲིད་གཞུང་གིས་ངོ་ལོག་ལོས་བྱེད། ཕྱིས་སུ་བོད་སོག་ཨུ་ལྷན་གྱིས་ཡུལ་གྱར་གཞིས་ཁུལ་ལ་དེ་ཙམ་མི་ལེགས་པའི་ལས་ཀ་མང་པོ་བྱས་སྟབས་ཕྱོགས་གཉིས་ཀྱི་འབྲེལ་བ་ཇེ་སྡུག་སོང་བ་རེད། དེ་སྐབས་བཙན་བྱོལ་བོད་གཞུང་གིས་ཐ་ན་ཁོང་ཚོར་རྒྱ་ནག་གུང་ཁྲན་ཕུད་པའི་དགྲ་བོ་གཉིས་པ་བརྩི་བ་རེད། བོད་ཡུལ་གྱར་སྲིད་གཞུང་གིས་བོད་སོག་ཨུ་ལྷན་དང་འགྲོ་འོང་མི་བྱེད་པའི་གྲོས་ཆོད་ཅིག་བཞག་པ་རེད། གྲོས་ཆོད་འདི་ད་ལྟའང་ནུས་ལྡན་ཆགས་པ་རེད།
ཏཱ་ལའི་བླ་མ་ཐེངས་དང་པོ 1997ལོར་ཐའེ་ཝན་ལ་ཕེབས་པ་རེད། ཁོང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕྱག་འཁྱེར་བ་རེད་ལ། ཁོང་རི་བོ་ཧི་མ་ལ་ཡ་བརྒལ་ནས་མི་ལོ་་ 40སོང་ཚར། འདིས་ང་ཚོར་བློ་སྒོ་ཅི་ཞིག་འབྱེད་དུ་བཅུག 1959ལོར་ཏཱ་ལའི་བླ་མས་བདུན་ཕྲག་གཉིས་སྤྱད་ནས་རང་ཡུལ་གྱར་ཏེ་རང་དབང་མང་གཙོའི་རྒྱ་གར་ལ་ཕྱིན་པ་རེད། ཏཱ་ལའི་བླ་མ་རྒྱ་གར་ནས་མང་གཙོ་རང་དབང་འབྱོར་ཕྱུག་ལྡན་པའི་ནུབ་གླིང་དུ་མི་ལོ 20བཏང་བ་རེད། ད་ཐེངས་ཚོགས་འདུའི་ཐོག་ཏུ་གྲོགས་མང་པོ་ཞིག་གིས་རྒྱ་ནག་སྐམ་ས་ནི་(རྒྱ་ནག་མི་སེར་རྒྱལ་ཁབ་དགྲ་ལག་ཤོར་ས)ཞིག་ཏུ་བརྩི་གི་ཡོད་པ་རེད་ལ། ཐའེ་ཝན་ནི་(མི་སེར་རྒྱལ་ཁབ་རང་དབང་ས་ཁུལ)ཞིག་ཏུ་བོས་པ་རེད། ཡིན་ནའང་། ཏཱ་ལའི་བླ་མས་(ཀྲུང་ཧྭ་མི་སེར་རྒྱལ་ཁབ་དགྲ་ལག་ཤོར་སའི་ས་ཁུལ)ནས་བདུན་ཕྲག་གཉིས་ཁོ་ན་སྤྱད་ནས་ཐོན་པ་རེད། (མི་སེར་རྒྱལ་ཁབ་རང་དབང་ས་ཁུལ)དུ་ཕེབས་རྒྱུར་མི་ལོ་ 40འགོར་བ་རེད། མ་གཞི་ཏཱ་ལའི་བླ་མ་རང་དབང་ངང་ཨ་རི་འགྲོ་འོང་བྱེད་ཐུབ། ད་ལྟའི་བར་དུའང་ཐའེ་ཝན་དུ་རང་དབང་ངང་འགྲོ་འོང་ཐུབ་ཀྱི་མེད། གནད་དོན་འདི་ཚོས་ཅི་ཞིག་མཚོན་པ་རེད། འདི་ཚོ་ཚང་མ་ང་ཚོས་བསམ་ཞིབ་བྱེད་རིན་ཡོད་པ་རེད།
ངེས་པར་དུ་རྒྱ་ནག་གུང་ཁྲན་གྱི་(ཞོར་སྐྱོན་རྒྱུ་ནོར) འཁུར་ཐུབ་དགོས།
ང་ཚོས་བསྐྱར་གསོ་བྱུང་ན་བསམ་པའི་མི་སེར་རྒྱལ་ཁབ་དོན་དམ་པས་མི་སེར་རྒྱལ་ཁབ་ཅི་འདྲ་ཞིག་ཡིན་དགོས། མ་གཞི་མི་སེར་རྒྱལ་ཁབ་ཀྱིས་བོད་དང་མི་རིགས་གཞན་ལ་ཁྲག་གི་བུ་ལོན་ཆེན་པོ་ཟུག་མེད་ནའང་། གལ་སྲིད་མི་སེར་རྒྱལ་ཁབ་སླར་གསོ་བྱུང་རྗེས་ང་ཚོས་མི་སེར་རྒྱལ་ཁབ་དང་བོད་ཀྱི་འབྲེལ་བ་ག་འདྲ་ཞིག་འཛུགས་དགོས་སམ། མི་སེར་རྒྱལ་ཁབ་སླར་གསོ་བྱུང་ནའང་ 1949ལོའི་རྗེས་ཀྱི་ལོ་རྒྱུས་མཆོངས་བརྒལ་བྱ་མི་རུང་ལ། ལོ་རྒྱུས་དུས་ཚིགས་དེ་དང་དེས་ཁུར་བའི་དོན་དག་ཡོད་ཚད་ཀྱང་གཡོལ་མི་རུང་། དེ་ནི1949 ལོའི་སྔོན་གྱི་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཐད་ཀར་འབྲེལ་བ་རེད། ཡང་གཅིག་བཤད་ན། སླར་གསོ་བྱུང་བའི་མི་སེར་རྒྱལ་ཁབ་ཀྱིས་ངེས་པར་རྒྱ་ནག་གུང་ཁྲན་གྱིས་བོད་དུ་བཟོས་པའི་ཞོར་སྐྱོན་རྒྱུ་ནོར་ཐེག་དགོས། རྒྱ་ནག་གུང་ཁྲན་གྱིས་བོད་དུ་ཤ་ཁྲག་གི་བུ་ལོན་ཡོད་པ་མ་ཟད། ངས་ཉུང་མཐར་རྒྱ་མི་རིགས་མིན་པ་ཁག་10 ལ་རྒྱ་ནག་གི་སྡེབ་གསོད་ཕོག་མྱོང་ཡོད་པ་བགྲང་ཆོག
ཞོར་སྐྱོན་རྒྱུ་ནོར་འདིའི་རྒྱུན་འཛིན་བྱས་ཚར་རྗེས་ཅི་ལྟར་བྱ་དགོས་སམ། ངས་སྐུ་ཞབས་ཤིང་ཧོ་ཉིང་གིས་བཏོན་པའི་མི་རིགས་གནད་དོན་རྩ་དོན་བློ་མོས་ཧ་ཅང་ཆེ། རྒྱ་རིགས་མིན་པའི་སྤྱི་ཚོགས་ལམ་ལུགས་རང་ཐག་རང་གཅོད་བྱ་ཆོག ཡིན་ནའང་། ངས་ཡོངས་སུ་བསམ་ཚོད་བྱ་ཐུབ་པ་ཞིག་ནི་རྒྱ་རིགས་མིན་པའི་མཁས་དབང་མང་པོ་ཞིག་གིས་རྒྱ་རིགས་གཙོ་བོར་འཛིན་པའི་དབུས་སྲིད་གཞུང་ལ་(ཁྱོད་མེད་རྒྱུ་ནི་ང་ཆེས་གལ་ཆེ) ཟེར་བའི་རྣམ་འགྱུར་འཛིན་གྱི་རེད། འདིའི་ཚེ་ན་ང་ཚོ་ཅི་ལྟར་བྱ་དགོས་སམ། ང་ཚོའི་ཤེས་རྟོགས་ཀྱིས་ཏེང་ཞོ་ཕིང་གིས་བཤད་པའི་(རང་བཙན་ཕུད་དེ་མིན་ག་རེ་ཡིན་ན་བསྡུར་ཆོག )ཅེས་པའི་སྐད་ཆ་འགོངས་ཨེ་ཐུབ།
མ་གཞི་འབྱུང་འགྱུར་རྒྱ་ནག་ཅི་འདྲའི་མཛེས་སྡུག་ལྡན་པའི་ཕུགས་འདུན་བཅངས་མོད། འོན་ཏེ་མི་རིགས་གནད་དོན་ཐད། ད་ལྟའི་མཁས་པ་དང་དབང་འབྱོར་བ་ཚོ་ཆབ་སྲིད་ལངས་ཕྱོགས་སམ་འབྱུང་འགྱུར་ཕུགས་འདུན་བཅས་ལ་ཕལ་ཆེ་བ་ཏེང་གི་རང་བཙན་ཕུད་དེ་མིན་ག་རེ་ཡིན་ན་བསྡུར་ཆོག་ཟེར་བའི་སྐད་ཆ་འདའ་འགོངས་ཐུབ་མེད། འགྲོ་མིའི་ཐོབ་ཐང་དང་བདག་དབང་བཅས་ཀྱི་གནད་དོན་མི་རིགས་བྱེ་བྲག་པའི་འབྲེལ་བར་བཞག་པའི་སྐབས་སུ། དེའི་གོ་དོན་ཕལ་ཆེར་འགྱུར་བ་འགྲོ་སྲིད་པ་རེད། ཡང་གཅིག་བཤད་ན། རྒྱ་རིགས་མིན་པའི་ངོས་ནས་བཤད་ན། རང་བཙན་ཡང་རང་ཆས་སུ་མངའ་བའི་འགྲོ་མིའི་ཐོབ་ཐང་རེད། ང་ཚོ་རྒྱ་མི་ཆེན་པོ་ཞིག་དང་སྟོབས་ཤུགས་ཡོད་པའི་མི་རིགས་རེད་དེ་བཙན་གནོན་ཕོག་པའི་རྒྱ་རིགས་མིན་པའི་མི་རིགས་ཚོའི་གདམ་ཀའི་ཚབ་བྱེད་ཐུབ་བམ།
ཏཱ་ལའི་བླ་མས་ 1999ལོར་ཝ་ཤིང་ཊོན་གསུངས་དོན། བོད་ཀྱི་གནད་དོན་ཀུན་སྤྱོད་གནད་དོན་ཞིག་རེད་ཟེར། ཁོང་གིས་ཅིའི་ཕྱིར་ས་ཁོངས་གནད་དོན་དང་། ཆབ་སྲིད་གནད་དོན། འགྲོ་མིའི་གནད་དོན་མ་བཤད་པར་(ཀུན་སྤྱོད་གནད་དོན)ཞེས་བརྗོད་པ་རེད་དམ། རྒྱ་ནག་མདུན་ལམ་མནོ་བསམ་གཏོང་མཁན་གྱི་མིའི་ངོས་ནས་བཤད་ན། ང་ཚོས་ངེས་པར་ཀུན་སྤྱོད་གནད་དོན་འདིར་དོ་སྣང་དང་བསམ་ཞིབ་བྱ་དགོས། བོད་ཀྱི་གནད་དོན་འདིས་ང་ཚོའི་ངོ་ཚ་བཀའ་ཁྲེལ་རྒྱུགས་ལེན་བཞིན་ཡོད་ལ། རྒྱ་རིགས་མིན་པའི་མི་རིགས་ཚོས་མ་འོངས་གདམ་ཀའི་སྐུ་ཚབ་བྱེད་པའི་དབང་ཆ་ཅི་ཙམ་ཡོད་མེད་ཡིག་ཚད་གཏོང་བཞིན་ཡོད་པ་མ་རེད་དམ། འདི་ནི་གཡོལ་ཐབས་མེད་པའི་གནད་དོན་ཞིག་རེད། ད་ཆ་བོད་ཀྱི་གནད་དོན་མི་ལོ་ 100སོང་ཚར་བ་རེད། ཁོང་ནི་མི་སེར་རྒྱལ་ཁབ་དབུ་སྐུ་འཁྲུངས་པའི་དུས་སྐབས་དང་བསྡོངས་ཏེ་སྐུ་འཁྲུངས་པ་རེད་ལ། ཁོང་ནི་སླད་མར་མང་གཙོ་དང་རང་དབང་གི་རྒྱ་ནག་སྐུ་འཁྲུངས་པ་དང་འགྲོགས་ཏེ་མཇུག་བསྒྲིལ་རྒྱུ་རེད་དམ། འདི་ནི་ང་ཚོའི་འབད་བརྩོན་ལ་བལྟ་རྒྱུ་རེད།
མཇུག་ཏུ། མ་འོངས་རྒྱ་ནག་གི་རྣམ་པ་ཅི་འདྲ་ཞིག་རེད་དམ་ཟེར་རྒྱུ་ཡིན། དུས་ཐུང་སྔོན། ངས་རྒྱ་ནག་སྐམ་ས་ནས་ཨ་རིར་ཡུལ་སྐོར་ལ་ཡོང་བའི་ལོ་གཞོན་གཉིས་ཧྥེད་ཁྲིང་རང་བཙན་ཕོ་བྲང་དུ་ལྟ་སྐོར་ཁྲིད་པ་ཡིན། ཨ་རི་རྒྱལ་ཁབ་འཛུགས་མཁན་གྱིས་ 1776ལོར་རང་བཙན་བསྒྲགས་གཏམ་ལ་མིང་རྟགས་བཀོད་པ་རེད། 1787ལོར་རྩ་ཁྲིམས་གཏན་འབེབས་བྱས་པའི་ས་ཆར་ཨ་རི་རྒྱལ་ཡོངས་ཀྱི་མི་རིགས་སྣ་ཚོགས་དང་། འཛམ་གླིང་རྒྱལ་ཁབ་སོ་སོའི་ཡུལ་སྐོར་བའང་ཡོད་པ་རེད། དེ་རིང་ང་ཚོས་མཐོང་ཐུབ་པ་ནི་ཨ་རི་འདི་ཉིད་འཛམ་གླིང་ནང་ལབ་གླེང་མེད་པའི་སྟོབས་ཆེན་རྒྱལ་ཁབ་དང་པོ་དེ་རེད་ལ། ཨ་རིའི་མི་རིགས་དང་རིག་གནས་སྣ་མང་ཅན་ཆུ་ཚད་འཛམ་གླིང་ཨང་དང་པོ་ཡིན་པ་མ་ཟད། ཨ་རི་མི་རིགས་རིག་གནས་སྣ་མང་གི་མི་དམངས་འཆམ་མཐུན་ཚད་རིམ་ཡང་འཛམ་གླིང་ཨང་དང་པོ་ཡིན་པ་རེད།
འདི་དག་ཐམས་ཅད་མི་ལོ་ཉིས་བརྒྱ་ལྷག་སྔ་རོལ་ན་ཚོམས་ཆེན་འདིའི་ནང་འཚོགས་པའི་མི་དྲག་བཅུ་གྲངས་ཤིག་གིས་རྒྱུན་འཁྱོངས་བྱས་པའི་འདུ་ཤེས་ལས་བྱུང་བ་རེད། ཁོང་ཚོས་རང་སོ་སོ་རྒྱུ་ནོར་ལོངས་སྤྱོད་ལས་འདའ་འགོངས་བྱས་པ་མ་ཟད། རང་ཉིད་འཚོ་སྡོད་བྱ་སའི་ཆོས་ལུགས་དང་རིག་གནས། ཚོགས་སྡེ། མི་རིགས། ཆབ་སྲིད་བྱེད་སྒོ་སོགས་ཀྱིས་ཚད་གཞི་དང་རིན་ཐང་ལྟ་བ་ལས་ཀྱང་འགོངས་པ་རེད།
ཁོང་ཅག་གིས་གནའ་སྔ་མོའི་རོ་མན་ཕྱིན་ཆད་ཀྱི་ནུབ་ཕྱོགས་སྲོལ་རྒྱུན་རིག་གནས་ཀྱི་བླ་མེད་འདུ་ཤེས་དང་། སྤྱི་བཀུར་ཡ་རབས་སྤྱོད་བཟང་གི་ཕུགས་བསམ་རིང་ལུགས་ཆབ་སྲིད་ལྟ་བ་རྒྱུན་འཛིན་བྱས་པ་མ་ཟད། ཁོང་ཚོས་ད་དུང་རང་སྟེང་ན་ཡོད་པའི་སྲོལ་རྒྱུན་རིག་གནས་ཀྱི་འཆིང་བའང་བཀྲོལ་ཏེ། མིའི་རིགས་ཀྱི་མ་འོངས་རང་དབང་ཕུགས་བསམ་མཐོང་བ་རེད་ལ། མི་ལུས་འདྲ་མཉམ་གྱི་ཕུགས་འདུན་ས་སྒང་འདིར་དངོས་སུ་ཐེངས་དང་པོ་མངོན་འགྱུར་ཡོང་བ་མཐོང་ཡོད། མིའི་རིགས་ཀྱི་ཆེས་མཐོའི་ཕུགས་འདུན་མངོན་འགྱུར་སླད། ཁོང་ཚོས་རང་ངོས་ཀྱི་གུ་དོག་ཁེ་དབང་དང་བློ་ཆུང་ལྟ་བ་དོར་བ་རེད། ཏག་ཏག་མི་དྲག་བཅུ་གྲངས་ཤིག་གིས་འདི་ལྟར་ཕུགས་འདུན་རྒྱུན་འཁྱོངས་དང་བློ་སྟོབས་འདི་འདྲ་ཡོད་རྐྱེན། ད་གཟོད་གཞི་ནས་ཨ་རིའི་རང་བཙན་བསྒྲགས་གཏམ་འདི་བྱུང་བ་རེད་ལ། རྒྱལ་ཁབ་ཁག་གི་རྩ་ཁྲིམས་རྣམས་བྱུང་བ་རེད། ད་ལྟའི་ཨ་རིའི་རྒྱལ་ཁབ་ཀྱི་ཡོངས་རྫོགས་བྱུང་བ་རེད། ང་ཚོ་ཡང་རང་དབང་བའི་མི་བུ་ཞིག་གི་ཐོབ་ཐང་སྒང་ནས་ས་ཆ་འདིར་འཚོ་བཞིན་ཡོད་པ་རེད།
ད་ཆ། ང་ཚོ་རང་དབང་བའི་ས་གཞིར་འཚོ་བཞིན་པའི་མི་རྣམས་ཀྱིས་རྒྱལ་ཁབ་དང་མི་རིགས། གཅིག་གྱུར། སྲིད་གཞུང་ལ་སོགས་ཀྱི་ཐ་སྙད་ཕུད། ད་དུང་སྤྱོད་བཟང་དང་མི་ཆོས། དྲང་བདེན་སོགས་ཀྱི་སྐད་ཆ་དང་ལེན་བྱ་ཐུབ་བམ། ང་ཚོས་ཏེང་ཞའོ་ཕེང་གི་ཤེས་རྟོགས་ཆུ་ཚད་ལས་བརྒལ་ཐུབ་བམ་མི་ཐུབ། གལ་ཏེ་ང་ཚོས་འདི་འདྲ་བའི་ཤེས་རྟོགས་ལས་ཕྱིར་ཐོན་མ་ཐུབ་ཚེ། ང་ཚོའི་རྒྱལ་ཁབ་འདི་ཧ་མཐོ་ནའང (ཀྲུང་ཧྭ་མི་སེར་རྒྱལ་ཁབ)དང(མི་རིགས་ལྔ་མཐུན)ལྟ་བུའི་ཚད་ཐིག་ཅིག་ལས་ད་ལྟའི་ཨ་རིའི་མི་རིགས་སྣ་མང་དང་ཞི་བདེ་མཉམ་གནས་ཀྱི་ཆུ་ཚད་གཏན་ནས་སྙོབ་མི་ཐུབ། ང་ནི་ལོ་རྒྱུས་སྨྲ་བ་ཙམ་ཡིན་པས་མ་འོངས་སྔོན་དཔོག་བྱ་མི་ཐུབ་མོད་གནད་དོན་འདི་དག་ང་ཚོས་བསམ་ཞིབ་ཟབ་ནན་བྱ་དགོས། ཚད་ངེས་ཅན་ཐོག་ནས་གླེང་ན། བསམ་གཞིགས་པ་ཞིག་ཡིན་དུས་དེ་རིང་ང་ཚོའི་བསམ་བློའི་རྒྱང་ཐག་ག་ཙམ་བསྐྱོད་ཐུབ་ན། གཅིག་བྱས་ན་འབྱུང་འགྱུར་བའི་རྒྱ་ནག་གམ་མ་འོངས་པའི་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱང་དེ་ཙམ་བསྐྱོད་ཐུབ།
མི་སེར་རྒྱལ་ཁབ་ཞིབ་འཇུག་ཚོགས་འདུའི་གཏམ་བཤད་བསྡུས་སྒྲིག
2014.10 ས་ཕང་གྲོང་ཁྱེར།
ཡིག་སྒྱུར་བའི་མཆན། བཙན་བྱོལ་བོད་གཞུང་གི་དབུ་མའི་ལམ་རྒྱབ་སྐྱོར་ཡོད་ཟེར་མཁན་གྱི་རྩེ་ཕུད་རྒྱ་མི་རེད་ཟེར། དོན་དུ་རྩོམ་ཡིག་ཅི་འདྲ་ཞིག་བྲིས་ཡོང་ནའང་ར་གན་གསེར་བྱུག་གི་སྤུན་འཇགས་ལས་མེད་པ་རེད། ཀློག་པ་པོ་རྣམ་པས་གོ་བ་ལེན་བདེ་བའི་ཆེད་དུ། ངས་གོང་གི་རྩོམ་ཡིག་འདིའི་ར་གན་ཡོད་སར་ཐིག་ནག་པོ་འཐེན་ཡོད། གཞན། བརྡ་གསར་ཞིག་ནི་རྒྱ་སྐད་དུ 雷区ཟེར་བ་འདིར་ཉེན་ལྡན་ས་ཁུལ་དུ་བསྒྱུར་དགོས་བྱུང་། རྒྱ་ཡིག་རང་གི་ནང་དོན་ནི་འབར་རྫས་སྦས་ཡོད་པའི་ས་ཆར་གོ་དགོས།
ེདེང་སང་བོད་ཀྱི་སྲིད་དོན་རྒྱལ་རབ་སྨྲ་མཁན་ཚོས་རྒྱ་མི་འདིའི་ཀླད་རྩ་དང་འགྲན་རྒྱུ་ཁག་ཙམ་ཡིན་པ་འདྲ། རྒྱ་ཡིག་གི་མ་རྩོམ་དེ་དྲ་ཐོག་འདིར་བཀོད་ན་ལེགས།
བོད་ལོ་རྒྱུས་སྒང ༡༩༡༣ ལོར་རང་བཙན་ཐེངས་དང་པོ་རག་པ་རེད་ཟེར