མགལ་དུམ།
ཁ་བྱང་མེད་པའི་མཇལ་འཕྲད་དེ་ཉིད་སེམས་ལ་ཟུག་པའི་བག་ཆགས་ཡིན།།
ཡུན་གྱིས་འདྲིས་པའི་གོ་རིམ་དེ་ཡང་ཁྱེད་ལ་དགའ་བའི་རྒྱུ་མཚན་ཡིན།།
ཁ་པར་ཉིན་གཏོང་མཚན་གཏོང་བྱས་པ་དྲན་པའི་གདུང་བ་ཆེ་བས་ཡིན།།
མི་ཚེ་ཞེས་པའི་སྐད་ཆ་བཤད་པ་ཚེ་ལ་བཀོད་པའི་གཡར་དམ་ཡིན།།
ཟླ་ངོ་མང་པོའི་གཏམ་རྒྱུད་ཁྲོད་ན་ཁྱེད་ཉིད་བདག་གི་མེ་ཏོག་ཡིན།།
དུས་ཚོད་མོད་པོའི་སྐར་མདའི་གསེབ་ན་ཁྱེད་ཉིད་ཕྲན་པའི་རྨི་ལམ་ཡིན།།
ལྐོག་གྱུར་ཡིན་པའི་མ་འོངས་པ་ལ་རོབ་རྩིས་ཅུང་ཙམ་བརྒྱབ་བཞག་ཡོད།།
བདེ་སྐྱིད་ཡོད་པའི་འཚོ་བ་ཞིག་ཀྱང་ཇི་ལྟར་རོལ་དགོས་སེམས་བཞིན་ཡོད།།
སྟོང་ལོ་བཅོ་ལྔའི་ལོ་མཇུག་ཅིག་ལ་ཆང་ས་རྒྱག་པའི་འདོད་འདུན་ཡོད།།
ངེད་ཅག་གཉིས་ལ་གཏན་དུ་དབང་བའི་ཐོག་བརྩེགས་ཤིག་ཀྱང་ཉོ་རྩིས་ཡོད།།
གཅེས་ཕྲུག་རེ་ཟུང་པང་ལ་བཟུང་སྟེ་རང་གི་སྲོག་བཞིན་ཉོར་འདང་ཡོད།།
ལེ་བདའ་མེད་པའི་མི་ཚེ་ཞིག་ལ་སྡོམ་རྩིས་རྒྱག་པའི་འཆར་གཞི་ཡོད།།
ཁྱེད་ཉིད་སྐྱོ་བའི་མིག་ཆུ་བཞུར་ན་ཁོ་བོ་ཕྱི་མཁན་ཡིན་བཞག་ཡོད།།
ལྷུག་ལྷུག་ཡིན་པའི་དགོད་སྒྲ་སོགས་ཀྱང་ཚེ་ཉན་བྱ་བའི་མོས་པ་ཡོད།།
ཡིད་ཆེས་བསམ་ཤེས་ཡ་རབས་ཡོད་ཚད་ཚེ་ཡི་སྐྱེས་སུ་དབུལ་འདོད་ཡོད།།
སྐྱ་ཡ་ཟེར་བའི་ཐ་སྙད་དེ་ལ་རིན་ཐང་བཟོ་བའི་སྤོབས་པ་ཡོད།།
ཁྱེད་རང་སུན་འགྲོ་ཞེད་འགྲོ་སྙམ་དུས་བདག་སེམས་རྒྱང་དུ་ཤོར་གྱིན་ཡོད།།
ལན་རེ་རང་གི་རྨི་ལམ་དཀྲོགས་ཏེ་མཚན་ལ་ཁམས་བདེ་ཞུ་བཞིན་ཡོད།།
མཚམས་རེར་ཚིག་གི་ལྷུ་རྐང་བསྒྲིགས་ཏེ་ཁྱོད་ཉིད་ཁོ་ན་གླེང་གིན་ཡོད།།
མདོར་ན་འདས་པའི་ཉི་མ་དག་ལ་སྐད་ཅིག་ཙམ་ཡང་བརྗེད་མྱོང་མེད།།
གནམ་གཤིས་མག་མོག་རབ་རིབ་ཡིན་པའི་དེ་རིང་འདི་གའི་ཉིན་གུང་ལ།།
ཁོ་མོ་གཞན་གྱི་མཛའ་མོ་བྱ་བར་ཐག་གིས་བཅད་དེ་ཚར་ཡོད་ཟེར།།
གློ་བུར་ཐོས་པའི་སྐད་ཆ་འདི་ཀོ་བདེན་ནམ་བདག་གི་སྙིང་ཉེ་མ།།
ཀུ་རེ་ཨེ་ཡིན་བདག་གི་སྙིང་ཆུང་ཚལ་བར་གཤགས་འདྲའི་ན་ཟུག་འདུག །
བསྐྱར་འདྲི་བྱས་པའི་ཚིག་གི་ཟུར་ན་བདེན་པའི་ཆ་ཞིག་ཡོད་ལེ་འདྲ།།
གཏིང་འདྲི་བྱེད་པའི་བློ་སྤོབས་མི་འདུག་ཁྱེད་རང་ཉོབ་པར་ཞེད་ནས་ཐལ།།
ཁྱེད་རང་བདེ་སྟེ་སྐྱིད་ནས་བཞུད་ན་ཁོ་བོ་ཕམ་ཡང་སྐྱོན་མེད་ཅེས།།
ཁྱེད་ཀྱིས་བདམས་པའི་ལམ་བུ་དེ་ལ་སེམས་ཀྱིས་དཀའ་ཡང་སྐྱོར་བ་ཡིན།།
བསམ་ཞིང་བསམ་ན་སྙིང་ཆུང་འདི་ཡི་ལྡིང་ཚད་སྔར་ལས་ཇེ་མགྱོགས་རེད།།
ཏིག་ཏིག་ལྡང་བའི་སྒྲ་དེ་ཐོས་ན་ཁོ་བོ་སྨྱོ་གྲབས་ལོག་གྲབས་རེད།།
ཚིག་དེ་ཡང་ཡང་མིག་ལ་མངོན་ན་དངན་པ་མགྲིན་ལས་བརྣང་གིན་འདུག།
མནབ་རྩལ་ལ་ཡང་བྲོ་བ་མི་འདུག་ལྟོགས་སྐོམ་ཟེར་ཡ་མེད་ཚོད་འདྲ།།
ཉལ་ན་མལ་ས་དམྱལ་ཁམས་འདྲ་བས་གཉིད་དུ་ཡུར་བར་ཁག་པོ་འདུག།
གཉིད་ན་རྨི་ལམ་ཁྱེད་རང་ཡིན་པས་སད་ན་མགོ་སྔས་རློན་པ་རེད།།
ཕྱི་རུ་འཆམ་ན་མུན་ནག་ཡིན་པས་རྡོག་ལམ་མིག་གིས་མི་མཐོང་ལ།།
ནང་དུ་བསྡད་ན་གོ་ར་འདྲ་བས་ལུས་སེམས་ཡོད་ཚད་ཉོབ་ཀྱིན་གདའ།།
དྭངས་ཤིང་གཙང་བའི་བརྩེ་བ་འདི་ཉིད་རྙོག་འགྲོ་བསམ་པའི་ཞེད་སྣང་མེད།།
གཏིང་དུ་ཟབ་པའི་དུང་བ་དེ་ཡང་འཇིག་འགྲོ་སྙམ་པའི་དོགས་པ་མེད།།
སྣང་བར་མེེད་པའི་སྐད་ཆ་གཅིག་གིས་ཡོད་ཚད་རྡུལ་དུ་བརྫིས་ནས་ཐལ།།
གློས་པར་གྱུར་བའི་བརྩེ་དུང་འདི་ལ་གཙང་སེལ་ལན་གཅིག་བྱ་དགོས་ཨང་།
གློ་རྡེག་གཞན་གྱི་མནའ་མར་གྱུར་བ་ཁོ་བོ་ཅུང་ཙམ་ཧད་དེ་ཡོད།།
ཕ་མས་བཀའ་ཡིས་བརྫངས་པ་ཨེ་རེད་སྲོལ་དེར་ཁྱེད་རང་དགའ་འམ་ལགས།།
རྒྱུ་ཆེན་གསར་བུས་བསླུས་པ་ཨེ་རེད་མི་དེ་ཇི་འདྲའི་ཕྱུག་པ་ལ།།
གདོང་ལྤགས་ཙམ་ལ་བལྟས་པ་ཨེ་ཡིན་བུ་དེ་ཧ་ཅང་རྫིག་ལེ་འདྲ།།
སློབ་སྦྱོང་ཅན་ཞིག་འདེམས་པ་ཨེ་ཡིན་བོད་སྐད་བོད་ཡིག་ག་འདྲ་འདུག །
ལས་ཀ་འཇོན་པའི་མི་ཞིག་ཨེ་རེད་ནང་ལས་ཕྱི་ལས་འགྲིག་ལེགས་སམ།།
གཤིས་ཀ་འཇམ་པའི་ཕོ་ཞིག་ཨེ་རེད་རྒྱུ་འབྲས་བློ་མིག་ག་ཙམ་འདུག།
སྐད་གྲགས་ཆེ་བའི་མྱི་ཆེན་ཨེ་རེད་མི་གཞི་སྒལ་ཚིགས་སྲ་འམ་གང་།།
རྟོགས་པ་མཐོ་བའི་བླ་མ་ཨེ་རེད་མོ་རྩིས་ལུང་བསྟན་ཨེ་མཁྱེན་ལགས།།
སྤྲུལ་མིང་འཛིན་པའི་མི་ལྷག་ཨེ་རེད་བཞུགས་སྒར་ཐོག་བརྩེགས་ག་ཚོད་འདུག།
ལག་སྟོང་ཅན་གྱི་སྤྲང་པོ་ཨེ་རེད་ང་ལས་ཀོས་ཐག་རེད་དམ་ཅི།།
ཁྱིམ་རྒྱུད་ཆེན་མོའི་གཅེས་ཕྲུག་ཨེ་རེད་ང་རྒྱལ་ཁེངས་དྲེགས་ཅི་ཙམ་མཆིས།།
བསམ་གཞིགས་ག་ཙམ་ག་ཙམ་བཏང་ཡང་ཁྱེད་ཀྱི་ཁྱོ་ག་མ་རྙེད་ཐལ།།
གསར་བུ་དེ་ལ་སྐད་ཅིག་བསྐུར་དགོས་སྐད་ལྷག་མེད་པར་འཕྲོད་པར་གྱིས།།
བདག་གི་དགའ་མ་ཁྱེད་ལ་དབང་བ་ཁྱེད་ཉིད་རླུང་རྟ་ཆེ་ལེ་འདྲ།།
དཀོན་ཅོག་གང་དེར་ཕྱག་གསུམ་འཚོལ་ལ་ཡང་དང་བསྐྱར་དུ་བཀའ་དྲིན་ཞུས།།
ཕྲན་གྱིས་ཁོ་མོ་སེམས་ནས་གཅེས་ཡོད་ཁྱེད་ཀྱིས་དེ་ལྟར་ཉོར་རོགས་གནང་།།
རྒྱུན་དུ་བརྩེ་བའི་མགུར་མ་བཞེངས་ཡོད་ཉིད་ཀྱིས་དེ་བཞིན་འཇོན་པར་བྱོས།།
རྟག་ཏུ་དུང་བའི་སྙིང་གཏམ་གླེང་ཡོད་གསར་བུས་དེ་ལུགས་མ་བརྗེད་ཨ།།
སྙན་ངག་མང་པོས་ཁོ་མོ་བྲིས་ཡོད་བུ་ཁྱོས་སྙན་ངག་ཡག་པོ་སྦྱོངས།།
ཁྱེད་གཉིས་མཐུན་འཇུག་ཉིན་མོ་དེེ་ལ་ང་ཡིས་སྨོན་འདུན་གྲངས་མེད་ཡོད།།
ཁོ་བོ་གསར་བུའི་དྭངས་མ་ཡིན་པ་ཕྲན་པས་རང་ངོ་ཟིན་ནས་ཡོད།།
ད་ཀོ་ཁྱེད་ལ་འཚང་ཁ་མི་རྒྱག་བདག་གིས་གཞན་ཞིག་བཙལ་ན་འགྲིག།
བརྩེ་དུང་དྭངས་མར་སུ་ཡང་འཆེལ་བས་སེམས་མཐུན་ཟེར་ཡ་གང་དུ་ཡོད།།
༢༠༡༥-༢-༢༦ཉིན།
རོགས་གཅེས་གདུང་སེམས་མཉམ་བསྐྱེད་ཡོད། གང་ལྟར། གཅིག་ཤོར་བ་དེ་གཅིག་འཐོབ་པའི་རྒྱུ་ཚོགས་པའོ།།