གཙང་སངས།
“ཀུན་བཟང་བསྟན་འཕེལ་”གྱིས་འཁྲབ་གཞུང་བཅོམ་འཕྲོག་གི་གནད་དོན། ཉེ་བའི་ཉིན་འགའི་རིང་། ང་རང་ངོ་ཤེས་དང་མི་ཤེས་ཚང་མས་མཐུད་དེ་ཁ་པར་དང་སྐད་འཕྲིན་ཡོང་གིན་འདུག་ལ། ཁོ་ཚོས་མ་བགྲོས་ངག་གཅིག་གིས་རྟེན་འབྲེལ་ཞུ་བཞིན་པ་རེད། རྟེན་འབྲེལ་ཞུ་ཚིག་གི་ཞར་དང་འགྲམ་ནས“ཀུན་བཟང་བསྟན་འཕེལ”གྱིས་ང་ལ་གོ་གནས་གསར་པ་ཞིག་སྤྲད་འདུག་པ་ཚོར། དོན་དེ་ཡིས་ངས་ལོ་རྒྱུས་དང་ཚོར་བ་འགོ་ནས་བརྗོད་དགོས་པར་གྱུར། “ཀུན་བཟང་བསྟན་འཕེལ་”ཞེས་པ་ནི་ཕ་ཡུལ་སྡེ་དགེ་རྫོགས་ཆེན་གྱི་འཁྲབ་སྟོན་ལས་གཉེར་པ་ཞིག་ཡིན། ངའི་སེམས་ཀྱི་ཀུན་བཟང་བསྟན་འཕེལ་ནི་གཞན་གྱི་གཟི་བརྗིད་དང་རིག་པ་ཁྱེར་ཏེ་རང་གི་ཆེ་བ་དང་ངོ་སོ་སྟོན་མཁན་ཞིག་ཡིན་པ་སྔོན་ནས་ཤེས་ཡོད།
འོན་ཀྱང་ཁོ་རང་ལ་སྒེར་ངོས་ནས་ཐེངས་འགར་བཤད་ཀྱང་གོ་བརྡ་མ་འཕྲོད་པར་ལྷག དེའི་ཁར་དེ་རིང་ཀུན་གྱི་མཐོང་ལམ་དུ་ཐོན་འདུག་པའི་《ཁྱོད་ཀྱི་ཆེད་དུ》ཞེས་པའི་འོད་སྡེར་འདི་བརྙན་ཕབ་འགོ་ཚུགས་པའི་ཉིན་ནས་བཟུང་། མི་འདི་ཡི་ཁ་གཤིས་དང་ཁོག་གཤིས་རྗེན་པར་མཐོང་བྱུང་ཡང་ཡོད་ཚད་ང་རང་གི་སྡུག་གྱོང་བྱས་ཏེ་དོན་འདི་རིགས་ཀྱིས་འཇིག་རྟེན་པའི་རྩོད་པ་སློང་གྲབ་མིན་མོད། མི་འདི་ནི་ཅི་ལྟར་གུ་ཡངས་བྱས་ན་དེ་ལྟར་སྤྱོད་ལམ་མི་བརྩི་མཁན་ཞིག་རེད་འདུག་པས་དེ་རིང་ངས་དོན་འདི་གསལ་ཆ་ལེར་ཀུན་ལ་མི་སྒྲོག་ག་མེད་བྱུང་།
ན་ནིང་དབྱར་ཁ་ཞིག་ལ། ཀུན་བཟང་བསྟན་འཕེལ་ཟེར་བ་དེས་ང་ལ་ཁ་པར་བཏང་བྱུང་། “ཨ་ཇོ། ང་ཚོས་ད་ལོ་ཡང་གློག་བརྙན་གསར་པ་ཞིག་འཁྲབ་འདང་ཡོད། འོན་ཀྱང་ང་ལ་རིག་གནས་མེད་པ་ཁྱོད་ཀྱིས་ཤེས་བཞིན་པ་རེད། གང་ལྟར་ན་ནིང་ཁྱོད་ཀྱིས་བྲིས་པའི་འཁྲབ་གཞུང་དེར་དཔེ་བྱས་ཏེ་རང་ནུས་གང་ལྕོགས་ཀྱིས་འཁྲབ་གཞུང་འདྲ་ཞིག་འབྲི་ཁུལ་བྱས་ཀྱང་ཡག་པོ་བྱུང་མ་སོང་། ཁྱེད་ཚང་གིས་དེ་ལ་ལན་གཅིག་གཟིགས་ཏེ་བསྐྱར་བཅོས་ཤིག་བྱ་རོགས། གལ་སྲིད་ཅང་མི་ཉན་ན་འཁྲབ་གཞུང་གསར་པ་ཞིག་འབྲི་བར་མཁྱེན།”(སྐབས་དེའི་ཁོ་རང་གི་ཚིག་ཕལ་ཆེར་བློ་ལ་ཡོང་བ་དག་དེ་ལྟར་བཀོད་པ་ཡིན་ཁར་དོན་མ་འཆུག་པར་བཀོད་ཡོད། ན་ནིང་གི་འཁྲབ་གཞུང་ཞེས་པ་ནི་ངས་འབྲི་བཞིན་པའི་འཁྲབ་གཞུང་ཞིག་ལ་སློབ་སྦྱོང་བྱ་དགོས་ཞེས་ཁྱེར་ཏེ་སོང་བ་དེ་ཡིན།)ཞེས་སྐུལ་མ་མང་ཙམ་བྱས།
ངས་ལན་དུ་“ང་ཚོ་ཚང་མ་སྒྱུ་རྩལ་ལ་དུངས་བ་ཟབ་པའི་རིགས་མཐུན་རེད། ཁྱད་པར་དུ་འུ་ཅག་བོད་ལ་སྒྱུ་རྩལ་བ་ཚད་ལྡན་ཉུང་ནི་རེད། འགའ་རེ་ཡོད་པ་དག་ང་ཚོ་དང་ཁ་ཐག་རིང་། དེ་བས་དཔུང་དང་འཁོར་གྱིས་གཉོམ་པའི་ཉམ་ཆུང་འུ་ཅག་གིས་ལག་རྡང་ལོས་རེ་སྦྲེལ། རོགས་ཅི་ནུས་བྱ་ཆོག”ཅེས་ཁས་བླངས་པ་ཡིན། སྐབས་དེར་ཁོ་བོ་བྱང་འབྲོག་སྡེ་རྫ་ཆུ་ཁ་ན་ཡོད།
ཉིན་ཞིག ཀུན་བཟང་བསྟན་འཕེལ་ཆེད་དུ་ས་ཆ་དེར་ཁོ་བོ་འཚོལ་དུ་སླེབས་བྱུང་ལ། ཁོ་རང་གིས་བྲིས་པའི་འཁྲབ་གཞུང་《ཁྱོད་ཀྱི་ཆེད་དུ》ཞེས་པ་ཞིག་བཟུང་ནས་ཐོན་འདུག ངེད་གཉིས་ཀྱིས་ཉིན་ཕྱེད་ཙམ་ལ་འཁྲབ་གཞུང་དེར་བལྟས་མོད། ཡི་གེའི་བརྒྱ་ཆ་བཞི་བཅུ་ཡས་མས་ཤིག་ཡིག་ནོར་གྱིས་བྲིས་ཁར། སྡེབ་སྦྱོར་ཞན་པ་དང་ཕྲད་དང་རྣམ་དབྱེ། བྱ་བྱེད་ལས་གསུམ་སོགས་མང་པོ་མང་པོ་ཞིག་ལ་རྨོངས་འདུག་ཕྱིར་ཁོ་རང་གིས་འགྲེལ་ན་མ་གཏོགས་འཁྲབ་གཞུང་གི་ནང་དོན་གཏན་ནས་གོ་ཐུབ་པ་མ་བྱུང་། ངས་ཁོ་ལ་ཞུས་དོན། “འཁྲབ་གཞུང་འདི་ལ་སྒྱུ་རྩལ་ཞན་ཁར་བརྗོད་དོན་དང་བསྟན་དོན་སོགས་ཕྱོགས་གང་ཐད་ནས་ཡག་པོ་ཞིག་འཁྱོང་མེད་པར་སྣང་། གང་ལྟར་ངས་ཁྱོད་ལ་ཁས་བླངས་ཟིན་པ་བཞིན་རང་ནུས་གང་ལྕོགས་ཀྱིས་ཉིད་ལ་འཁྲབ་གཞུང་ཞིག་འབྲི་བར་བྱ”ཞེས་བཤད། དེ་ལྟར་ཐག་བཅད་དེ་ཁོ་རང་ཕྱིར་ཕ་ཡུལ་རྫོགས་ཆེན་ལ་ཆས།
སྤྱིར་བཤད་ན་ངའི་སེམས་སུ་《གཉེན་འཚོལ་འདུ་ཤེས》ཞེས་པའི་འཁྲབ་གཞུང་ཞིག་གི་བརྗོད་བྱ་ཉར་ནས་ཡུན་རིང་ཞིག་ཡིན། ཐེངས་འདིར་ཀུན་བཟང་བསྟན་འཕེལ་གྱི་རེ་བ་སྐོང་ཆེད་འཁྲབ་གཞུང་འདི་ཡིག་ཐོག་ལ་འགོད་པར་བརྩམས། ཉིན་དཀར་ཚོང་དོན་གྱི་བྲེལ་བ་ཆེ་ཕྱིན་འཁྲབ་གཞུང་གི་ཁོག་ལ་འཇུག་རྒྱུའི་ཁོམ་ལོང་ལར་ནས་མེད། དེའི་རྐྱེན་གྱིས་དགོང་མོ་རྐྱང་རྐྱང་གི་དུས་ཚོད་སྤྱད་དགོས་པར་གྱུར། བསྟུད་དེ་ཞག་མ་མི་ཉུང་བ་ཞིག་ལ་ཉལ་རྒྱུ་གཉིད་རྒྱུ་གལ་ཆུང་བྱས་ཏེ་《གཉེན་འཚོལ་འདུ་ཤེས》ཞེས་པའི་འཁྲབ་གཞུང་ཞིག་སྡུག་རུས་ཆེན་པོས་མཇུག་བསྒྲིལ། 《གཉེན་འཚོལ་འདུ་ཤེས》ཞེས་པའི་ཁོ་བོའི་འཁྲབ་གཞུང་གི་ནང་དོན་ནི་གཉེན་འཚོལ་བའི་སྐབས་ཀྱི་འདུ་ཤེས་འཛིན་སྟངས་མི་འདྲ་བ་སྐོར་དང་། ཐུན་མིན་བོད་པའི་གཉེན་འཚོལ་གྱི་འདུ་ཤེས་བཤད་ཡོད།
ང་རང་ཀུན་བཟང་བསྟན་འཕེལ་ལ་རྒྱུས་ཆ་ཆེ་བས་འཁྲབ་གཞུང་འདི་ཡང་འཁྲབ་གཞུང་གི་རང་བཞིན་དུ་བྲིས་ན་སྒྱུ་རྩལ་གྱི་ཆ་མང་པོ་ཞིག་འཁྲབ་ཁྲིད་དང་བརྙན་སོགས་སུ་མི་ཟིན་པའི་སེམས་ཁྲལ་གྱིས་འཁྲབ་ཁྲིད་ཀྱི་མཆན་ཡང་རགས་ཙམ་འདུས་པ་ཉིད་དུ་བྲིས། དེ་ལྟར་ཞི་དག་དང་བསྐྱར་བཅོས་སོགས་རེ་ཞིག་བཞག་ཏེ་ཀུན་བཟང་བསྟན་འཕེལ་གྱི་རེ་བ་ལྟར་མགྱོགས་མྱུར་ཤོག་ཐོག་ལ་ཐེངས་ཤིག་བླངས་ཏེ་ཁོ་ལ་བསྐུར། ཁོ་བོས་བྲིས་པའི་འཁྲབ་གཞུང་《གཉེན་འཚོལ་འདུ་ཤེས》ཞེས་པ་ཁོའི་ལག་ཏུ་སོན་རྗེས་བདག་ལ་ཁ་པར་སླེབས་བྱུང་།
ཁོས་བཤད་དོན“འཁྲབ་གཞུང་འདི་གྲྭ་པ་སྐོར་ཞིག་དང་མཉམ་དུ་ཐེངས་ཤིག་བཀླགས་ཡིན། ཁོང་ཚོས་དཔྱད་བརྗོད་ལྟར་ན་འཁྲབ་གཞུང་འདིའི་ནང་དོན་ལ་རྟེན་འབྲེལ་མི་བཟང་བའི་ལྟས་ངན་པ་འདུག ཁོ་རང་གིས་ཀྱང་དེ་ལྟར་འདོད་ཡོད”པའི་སྐོར་བཤད་བྱུང་། ཁོ་བོས་ལན་དུ། “སྤྱིར་གློག་བརྙན་དུ་སྒྱུ་རྩལ་དང་བདེན་པ་གཙོ་བོར་འཛིན་པ་ལས་རྟེན་འབྲེལ་དང་དད་མོས་གཙོ་བོར་འཛིན་དགོས་པ་ཞིག་ལར་ནས་མིན”སྐོར་གྱི་འགྲེལ་བཤད་མི་ཉུང་བ་བྱས་ཀྱང་། གོ་བརྡ་མི་འཕྲོད་པའི་ཁར་གྲྭ་པ་དག་ཚད་མར་བཟུང་སྟེ་ཁོ་བོར་ཅུང་ཙམ་ཁྱད་གསོད་ཀྱི་རྣམ་པའང་བྱས་བྱུང་།
སྐབས་དེར་ངའི་སེམས་སུ་བདག་གི་གཅེས་པར་འོས་པའི་《གཉེན་འཚོལ་འདུ་ཤེས》ཉིད་བདེ་བླགས་ངང་བལྟམས་མི་ཐུབ་པ་ཐག་གིས་ཆོད་མོད། གང་ལྟར་མི་དེ་ནི་བསམ་བློ་དང་ཤེས་རིག་གིས་སྟོང་པའི་བེམ་པོ་ཨུ་ཚུགས་ཅན་ཞིག་ལས་མ་འདས་ཕྱིན། ངའི་འཁྲབ་གཞུང་ཉིད་དེ་ལྟར་གཏོང་བ་ལས་ཐབས་མེད་པར་སྙམ། དུས་ཚོད་ངེས་ཅན་ཞིག་འགོར་བའི་རྗེས་སླར་ཡང་ངེད་གཉིས་ཁ་པར་ལས་མཇལ། ཁོས་བཤད་དོན“འཁྲབ་གཞུང་དུ་བྲིས་པའི་ཁྱོད་རང་གི་འཁྲབ་ཚན་ཁྱོད་ཀྱིས་འཁྲབ་པར་འདོད་དམ”སོགས་འདྲི་བར་མི་འོས་པའི་དྲི་བ་འགའ་ལས་གཞན་ཉན་པར་སྤྲོ་བའི་སྐད་ཆ་ནི་རི་བོང་གི་རྭའི་དཔེ་རུ་འདུག
གང་ལྟར་ང་ནི་ང་རང་གི་གཅེས་ཕྲུག་《གཉེན་འཚོལ་འདུ་ཤེས》ལ་དུངས་བ་ཟབ་ཕྱིན་རང་ལ་ཐོབ་པའི་འཁྲབ་ཚན་ཉིད་འཁྲབ་པའི་བློ་ཐག་བཅད། ངའི་འཁྲབ་ཚན་ཉིད་བརྙན་ཕབ་པའི་སྐབས་འཁྲབ་གཞུང་གི་ནང་དོན་དང་མི་མཐུན་པའི་ལྟད་མོ་འགའ་རེར་འཕྲད་བྱུང་ལ། དེ་དག་གི་སྐོར་ལས་ངེད་གཉིས་ཁ་རྩོད་ཀྱང་མི་ཉུང་བ་རེ་བྱ་དགོས་བྱུང་། གང་ལྟར་བདག་གི་སྒྱུ་རྩལ་གྱི་གནས་ལུགས་ཉིད་མི་དེའི་ཨུ་ཚུགས་ཀྱི་དཔའ་ངར་གྱིས་བཀག་པར་གྱུར། དུས་དེ་དག་ནི་སྤྱི་ལོ་༢༠༡༤ ལོའི་སྟོན་དུས་སུ་ཡིན།
ཉེ་བའི་ཟླ་གཅིག་ལྷག་གི་སྔོན་དུ་ཁྲིན་ཏུའུ་ནས་ངེད་རང་གཉིས་ངོ་ཐུག སྐབས་དེར་ད་དུང་ངས་མི་དེར་མཉམ་འབྲེལ་གྱི་ཟླ་བོ་ངོ་མ་ཞིག་གི་ཁ་ངོ་བྱིན་ཏེ(དར་དཀར་པོ་བོད་ཟས་ཁང)དུ་ཁྲིད་དེ་གསོལ་སྟོན་ཞིག་ཀྱང་བཤམས། དེའི་དེར་བརྙན་དེ་ཡོངས་སུ་བསྒྲིགས་ཟིན་པའི་སྐོར་སྙན་པར་ཐོས་ལ། ཁོ་བོས་ཀྱང་སྐོམ་པས་ཆུ་འདོད་པ་བཞིན་ལྟ་འདོད་ཆེ་བར་བྱུང་། དེ་བཞིན་ངེད་རང་གཉིས་ཐེ་བའི་མི་སྐོར་ཞིག་གིས་བརྙན་དུ་ཕབས་བསྒྲིགས་ཟིན་པའི་ཁོ་བོའི་འཁྲབ་གཞུང་ཉིད་ལ་བལྟས་པ་ཡིན།
ཆེས་ཐོག་མར་《ཁྱོད་ཀྱི་ཆེད་དུ》ཞེས་པའི་མཚན་བྱང་དེ་མཐོང་བྱུང་། དོན་དེ་ཡིས་ངའི་གཅེས་པར་འོས་པའི་ཕྲུ་གུའམ། ཁོ་བོའི་ཚེ་སྲོག་གི་ཆ་ཤས་ལས་བསྐྲུན་པའི་《གཉེན་འཚོལ་འདུ་ཤེས》ཉིད་ལ་ཐ་ན་རང་གི་བཏགས་མིང་ཡང་མ་དབང་བར་འདུག དོན་དམ་པར་《གཉེན་འཚོལ་འདུ་ཤེས》ཞེས་པའི་བརྩམས་ཆོས་འདི་སུ་ཡི་རྩོལ་བ་ནས་ཐོན་ནམ། ཡང་ན་བརྩམས་ཆོས་འདིའི་བདག་དབང་སུ་ལ་ཡོད་དམ་སོགས་བསམ་ན་མི་འདིའི་ཕྲོག་བཅོམ་གྱི་ལས་ལ་ཧ་ཅང་དངངས་སྐྲག་སྐྱེ་ཡོང་མོད། ང་ཚོ་བོད་པའི་རྩོམ་འབྲི་བ་ཉམ་ཆུང་དག་ལ་མཚོན་ན། བརྩམས་ཆོས་ཁེ་དབང་ཕར་ཞོག་ཐ་ན་ཚེ་སྲོག་གི་ཁེ་དབང་ཙམ་པོ་ཡང་མེད་ཕྱིན་སྡུག་གྱོང་འདི་རིགས་ནི་ནམ་རྒྱུན་ཁུར་རྐྱང་བྱས་ཏེ་གནས་ཡོད་པ་སུས་མི་རྟོགས།
དེ་ནས་རིམ་བཞིན་གོ་ཆོད་དག་གི་མིང་ཐོ་མཐོང་བྱུང་ལ། དེ་ལས་འཁྲབ་གཞུང་འདི་རྩོམ་པ་པོ་དང་འཁྲབ་ཁྲིད་པ་སོགས་སུ་“ཀུན་བཟང་བསྟན་འཕེལ”ཞེས་བྲིས་འདུག བདག་གི་སེམས་པའི་མཐུལ་དང་རྔུལ་ཆུའི་སྦུབས་ནས་ཆད་པའི་གཅེས་ཕྲུག་སྟེ། 《གཉེན་འཚོལ་འདུ་ཤེས》འདི་ཉིད་ང་རང་ལ་མི་དབང་བར་མ་ཟད། སྨྱུ་གུ་འཛིན་པར་བརྡ་དང་ཐ་སྙད་ཀྱིས་དབུལ་བའི་མི་ཞིག་གི་སྨྱུག་ཁ་ནས་རྡོལ་བར་བཤད་འདུག་པ་མཐོང་ན། ལན་རེར་དགོད་བྲོ་ལ་མཚམས་རེར་ངུ་ཡོང་བའི་ཚོར་བ་ཞིག་སེམས་པའི་གཏིང་ནས་རྒྱས།
སྤྱིར་བཤད་ན་མི་འདི་ཐོག་མར་ངོ་ཤེས་དུས་ཤིག་ནས་མི་བུ་གལ་ཆེན་དག་བེད་སྤྱོད་ལ་དགའ་མཁན་ཞིག་ཡིན་པ་གསལ་པོར་ཤེས་ཡོད་མོད། འོན་ཀྱང་འདི་འདྲའི་རྐུབ་མི་བརྟན་པའི་གླེན་ལས་བྱ་བར་བསམ་བློ་མ་འཁོར། མིང་ཐོ་དེ་དག་གི་ཁྲོད་ན་གཞན་པ་དག་གི་མིང་ལ་བལྟས་ན་ཡིག་འབྲུ་ཆུང་ཞིང་། རྗེས་སུ་ཤད་ཀྱི་ཆ་རྐྱེན་ཡང་མ་འཛོམས་པའི་ཁོ་བོའི་མིང་ཞིག་(གཙང་སངས)ཀྱང་བྲིས་འདུག་ལ། དེ་ནི“འཁྲབ་ཁྲིད་གཞོན་པ”ཞེས་པ་ཞིག་མཚོན་བྱེད་དུ་རེད་གདའ།
ཁོ་བོས་ནི“འཁྲབ་ཁྲིད་གཞོན་པ”ཞེས་པ་ཞིག་གི་འགན་དེ་ཁྱོན་ནས་ཁུར་མྱོང་མེད་དེ། འཁྲབ་ཁྲིད་ཀྱི་མཆན་དང་བཅས་འཁྲབ་གཞུང་ཞིག་བྲིས་ཏེ་ཁོ་ལ་བསྐུར་བ་དེ་ལགས། མ་ཟད་གློག་བརྙན་འདི་འཁྲབ་རྒྱུའི་ཐོག་མའི་བསམ་བློ་བདག་ལ་བཤད་པ་ནས་བཟུང་། ཀུན་བཟང་བསྟན་འཕེལ་གྱིས་ཀྱང་ཁོ་བོར་མང་ཙམ་དྲིས་མྱོང་ཡོད་ཅིང་། གླེན་པ་བདག་གིས་ཀྱང་ཅི་ཤེས་གང་ནུས་ཀྱིས་སློབ་སྟོན་དང་བློ་འདོན་རྐྱང་རྐྱང་བྱ་ཁུལ་བྱས། འོན་ཀྱང་དེ་རིང་ནི“ཀུན་བཟང་བསྟན་འཕེལ”ཞེས་པའི་མི་ཆེན་ཞིག་གི་མངའ་འོག་ན“འཁྲབ་ཁྲིད་གཞོན་པ”འི་ལས་དོན་གཉེར་མཁན་ཞིག་ཏུ་ཉན་ཡོད་པ་བསྟན་འདུག
དེ་བཞིན་འཁྲབ་གཞུང་གི་སྤྱི་ཁོག་ལ་ཞུགས་པ་ཡིན། རིམ་བཞིན་གཉེན་འཚོལ་གྱི་འདུ་ཤེས་སྐོར་དང་འཁྲབ་གཞུང་འདིའི་ཐུན་མིན་བག་ཆགས་འཇོག་པའི་སྒྱུ་རྩལ་གྱི་ཆ་མང་པོ་ཞིག་གཏན་མེད་དུ་བཅོས་འདུག སྤྱིར་ན་ཀུན་བཟང་བསྟན་འཕེལ་ཟེར་བས་འཁྲབ་གཞུང་འདིའི་ཁ་བྱང་གི་དོན་ཡང་རྟོགས་ཀྱིན་མེད་པ་སྔོན་ནས་ཤེས། འཁྲབ་གཞུང་འདི་ཁོ་རང་གི་ལག་ལ་འབྱོར་བའི་ནུབ་མོ་དེར་ཁོ་བོར་ཁ་པར་གྱི་ལམ་ནས་“《གཉེན་འཚོལ་འདུ་ཤེས》ཞེས་པ་དོན་ཅི་ཡིན”ཞེས་དྲིས་མྱོང་ཡོད་ཅིང་། ཁོ་བོས་འགྲེལ་བཤད་ཀྱང་རྒྱས་པ་ཞིག་བྱས་ཡོད། དེ་ཡིས་གོ་མ་ཆོད་པར་དེ་རིང་འཁྲབ་གཞུང་གི་ནང་སྙིང་དང་ཕྱི་རྒྱན་ཚང་མ་གཡུགས་ཟིན་གདའ།
མི་ཤེས་ཤེས་མདོག་གི་ཧམ་ལས་འདི་དག་མཐོང་ན་ང་ནི་སྙིང་ལས་ཆད་པའི་གཅེས་ཕྲུག་《གཉེན་འཚོལ་འདུ་ཤེས》ཀྱི་ཆེད་དུ་བློ་ཕམ་བྱུང་བར་མ་ཟད། འཁྲབ་གཞུང་དང་འཁྲབ་སྟོན་པའི་མཛེས་པ་མང་པོ་ཞིག་བོར་སོང་བར་ཡང་བློ་ཕམ་རབ་ཏུ་ཆེ། གཞན་གདུག་རྩུབ་དང་ཨུ་ཚུགས་ཀྱི་མངའ་བདག་ཀུན་བཟང་བསྟན་འཕེལ་གྱི་ཆེད་དུ་ཡང་བློ་ཕམ་བྱུང་། འོན་ཀྱང་ཅི་བྱ་མེད་དེ་འཁྲབ་གཞུང་དང་བརྙན་སོགས་བཅད་ཅིང་གཏུབས་ཟིན་ཏེ་ཁོ་རང་བློ་བདེ་བར་གནས་འདུག
གཞན་དམིགས་བསལ་ཁོ་བོའི་འཁྲབ་ཚན་སྐོར་ཞིག་བསྣུབས་ཟིན་འདུག ངའི་སེམས་ཚོར་དུ། འཁྲབ་གཞུང་བདག་གིས་བྲིས་ཤིང་འཁྲབ་ཁྲིད་ཀྱི་གསལ་འདེབས་མཆན་ཡང་བདག་གིས་བཀོད། མ་ཟད་དུས་ཚོད་སྤྱད་ཅིང་དཀའ་ལས་བརྒྱབ་མཐར་གྲུབ་པའི་འཁྲབ་ཚན་དེ་དག་གློ་བུར་དུ་མི་དགོས་པར་འགྱུར་དོན་གྱི་འགྲེལ་ཅི་ལྟར་རྒྱག་གམ། ཡང་ན་འཁྲབ་སྟོན་འདིའི་ཁྲོད་བླངས་བརྙན་(镜头)དང་རྣམ་འགྱུར་སོགས་ལྷག་མ་རེད་དོ་སྙམ་པ་དག་ཀྱང་ཨུ་ཚུགས་ཀྱིས་བསྒྲིགས་འདུག་ན། དམིགས་བསལ་ཁོ་བོའི་འཁྲབ་ཚན་དག་ཅིའི་ཕྱིར་ལྷག་མ་ཉིད་དུ་གྱུར་སོང་བ་ཡིན་ནམ་སོགས་བློ་ཁོག་དྲི་བས་གང་ཡོང་གི མཚམས་འདི་ནས་འཕྲོས་དོན་ཉུང་ངུ་ཞིག་བརྗོད་འདོད་བྱུང་།
སྤྱིར་བདག་གིས་འཁྲབ་གཞུང་འདི་འབྲི་སྐབས“སངས་དར”དགའ་སའི་བུ་མོ་ལ“ཆོས་སྒྲོན”བཏགས། དེ་ལ་རྒྱུ་མཚན་ཡང་ཡོད་དེ་ང་རང་སྔོན་ཆད་ཆོས་སྒྲོན་ཟེར་བའི་བུ་མོ་ཞིག་ལ་སེམས་གཏིང་ནས་དགའ་མྱོང་ཡོད། དེའི་ཆེད་དུ་《བུ་མོ་ཆོས་སྒྲོན》ཞེས་པའི་བཅད་རྩོམ་མི་ཉུང་བ་ཞིག་བྲིས་ཏེ་དྲ་ལམ་ཁག་དང་བསྡུས་དེབ་རེར་བཀོད་པ་བོད་ཡིག་ཀློག་པ་པོ་མི་ཉུང་བར་གསལ། དེ་ཕྱིར་རྣམ་འགྱུར་དང་ཚོར་བའི་ཆེད་འཁྲབ་གཞུང་དུ་“ཆོས་སྒྲོན”གྱི་མིང་གཡར་བ་ཡིན།
ཉིན་ཞིག་བདག་གིས་ཆོས་སྒྲོན་རྨི་ལམ་ནས་མཇལ་བའི་ཚན་པ་དེ་འཁྲབ་སྐབས། ཁོ་བོའི་མགོ་བོ་བཀྱགས་པ་དང་ཆོས་སྒྲོན་སྔས་མགོར་ཐོན་འདུག མཚམས་དེར་ངའི་སེམས་བསམ་པའི་གཏིང་ནས་སྔོན་གྱི་ཆོས་སྒྲོན་ལ་འཕྲད་པའི་ཚོར་བ་རྙེད་དེ་རྣམ་འགྱུར་བཅོས་མིན་ཞིག་སྟོན་ཐུབ་པར་གྱུར། དེ་ནི་དེར་ཡོད་མི་ཀུན་ཧ་ལས་བའི་འཁྲབ་རྩལ་ཞིག་ཏུ་བགྲང་། ཕྱི་དྲོ་ཁྱིམ་དུ་སླེབས་པ་དང་ཀུན་བཟང་བསྟན་འཕེལ་གྱིས་བརྙན་ལེན་ཆས་ལས་བརྙན་དེ་བརྙན་ལྷག་མ་སྐོར་ཞིག་དང་མཉམ་དུ་བསུབ་པར་གྱུར། ངས་“དེ་གཡུགས་པས་གྱོང་བརྒྱབ་སོང་”ཞེས་ལན་འགར་བརྗོད་པ་ལས་ཐབས་གཞན་ནི་མ་རྙེད་དོ། །ཁོ་བོའི་འདི་ལྟར་བཤད་ན་ཀློག་པ་པོས་ལོས་རྟོགས་ཏེ་མི་འདིའི་བྱེད་སྟངས་དེ་དག་གིས་ཁོ་རང་གི་སེམས་ཀྱི་ནག་ཆ་མངོན་ཐུབ་པར་བསྟན་པ་ཡིན།
གཞན་ད་ལྟ་ཚང་མའི་མཐོང་ལམ་ན་ཡོད་པའི་འོད་སྡེར་གྱི་ཕྱི་ཤོག་སྟེང་གི་ཁོ་བོའི་འདྲ་དེར་མཚོན་ན། གཏུབ་གྲི་ནི་ལག་པ་གཡས་པས་བཟུང་ནས་འདྲ་བླངས་པ་ཡིན་ལ་འཁྲབ་སྟོན་གྱི་སྐབས་སུའང་ལག་གཡས་པས་ཁྱེར་ཏེ་ཆས་པ་ཡིན། འོན་ཀྱང་ཀུན་བཟང་བསྟན་འཕེལ་གྱིས་ཁོ་བོའི་ལུས་ཀྱང་ཕྱིར་བསྒྱུར་དེ་བསྒྲིགས་འདུག་པ་འདི་ཡིས། མི་དེའི་བརྩི་མཐོང་གི་ཚད་དང་། འགན་ཁུར་གྱི་འདུ་ཤེས། གཞན་སྒྱུ་རྩལ་དང་ཁོ་རང་གཉིས་ཀྱི་བར་ཐག་སོགས་གསལ་ལེར་བསྟན་པ་ཅི་ལ་མིན་སྙམ།
ཡང་འཁྲབ་གཞུང་མཇུག་བསྡུ་བའི་ཚན་པ་ཉིད་ཀྱང་ཡོངས་སུ་བཅོས་ཚར་འདུག སྤྱིར་ཁོ་བོའི་《གཉེན་འཚོལ་འདུ་ཤེས》སུ་བྲིས་པའི་འཁྲབ་གཞུང་ནི་འདི་འདྲའི་བསྟན་དོན་དང་སྒྱུ་རྩལ་གྱིས་སྟོང་བའི་བེམ་རོ་རུལ་བ་ཞིག་ག་ལ་ཡིན། འོན་ཀྱང་འདིའི་སྐོར་ནས་ངེད་རང་གཉིས་དེང་ཐོག་ཀྱང་ཁ་རྩོད་མི་ཉུང་བ་ཞིག་བྱས་མྱོང་ཡོད་པ་རྩོམ་ཡིག་འདིའི་སྟོད་དུ་ཡང་ཟུར་ཙམ་བཤད་ཡོད་པས་མང་དུ་མི་བཤད་པར་ཉམ་ཆུང་རྩོམ་འབྲི་བ་གཙང་སངས་ང་ལ་ཐུབ་ཚོད་བྱས་པའི་གྲས་སུ་གཡུག་འཇོག
དེ་ལྟར་བརྙན་དེར་བལྟས་ཟིན། ངའི་འཁྲབ་གཞུང་གི་མཛེས་པ་ཡོངས་སུ་བོར་འདུག ངའི་འཁྲབ་གཞུང་གི་བརྗོད་དོན་དང་ཁ་ཕྱོགས་གཏན་དུ་བསྒྱུར་འདུག ངའི་འཁྲབ་གཞུང་གི་རིན་ཐང་ཁྱོན་ནས་བརླགས་འདུག
ཡིན་ནའང་། ཀུན་བཟང་བསྟན་འཕེལ་ཞེས་པའི་མི་དེར་བཤད་པས་གོ་བརྡ་མི་འཕྲོད་ཁོ་ཐག་ཡིན་པ་ངེད་གཉིས་བར་གྱི་ཆ་རྒྱུས་ཀྱིས་ཤེས། མ་ཟད་ང་རང་ཚོང་དོན་གྱི་མི་གལ་པོ་ཆེ་ཞིག་ལ་འཕྲད་རྒྱུའི་དུས་ཆད་ཡོད་པས་དུས་ཚོད་དམ་འཛིན་སོགས་ཀྱི་ཆེད་དུ་རེ་ཞིག་ཅི་ཡང་མི་སྨྲ་བའི་བརྟུལ་ཞུགས་བཟུང་ནས་ཆས། སྐབས་དེར་ཁོ་བོར་བྱ་བའི་བྲེལ་ཆ་ཧ་ཅང་ཆེ་ཕྱིན་ཕྱི་ཉིན་ཞོགས་པ་ནས་མཚོ་སྔོན་གྱི་ཕྱོགས་སུ་ལམ་ལ་ལངས། དེ་ལྟར་ཉིན་གཉིས་གསུམ་ཞིག་གི་རྗེས་སུ་ཁོ་ལ་ཁ་པར་བཏང་།
སྐབས་དེར་ད་དུང་། “གྲོགས་པོ་དགོངས་དག ང་རང་བྱ་བ་ཞིག་གི་བྲེལ་ཆ་ཡིས་མྱུར་མོར་ཆས་དགོས་བྱུང་། ད་ལྟ་རྨ་ལྷོ་སོག་རྫོང་ན་ཡོད། ངས་དེ་རིང་ཉིད་ལ་ཁ་པར་གཏོང་དོན་ནི། འུ་ཅག་གི་བརྙན་གྱི་ཁྲོད་དུ‘འཁྲབ་ཁྲིད་གཞོན་པ་གཙང་སངས’ཟེར་བ་ཞིག་ཡོད་པ་དེ་བསུབ་རོགས་ཟེར་འདོད་པ་ཡིན”ཞེས་བཤད། སྐབས་དེར་ངའི་སེམས་སུ། ངའི་མིང་དེ་བསུབ་བཞག་ཚེ་ངའི་《གཉེན་འཚོལ་འདུ་ཤེས》འདི་ལྟར་རྣམ་ཤེས་བྲལ་བའི་བེམ་པོ་རྙིད་པ་ཞིག་ཏུ་གཏུབས་འདུག་ཀྱང་། ང་རང་གིས་ཁོ་ལ་དེ་སྐོར་གྱི་གོ་བརྡ་ཞིག་སྤྲད་རྒྱུ་ལས་གཞན་ལ་ཀུན་བཟང་བསྟན་འཕེལ་གྱི་ངོ་གདོང་མི་སྟོན་པའི་བློ་རྒྱ་ལྐོག་ལ་བསྐྱེད།
སྐབས་དེར། བདག་གིས་གུ་ཡངས་གཏོང་གྲངས་མང་དྲགས་པའི་ཀུན་བཟང་བསྟན་འཕེལ་གྱིས་ཁོ་བོར་ལན་དུ། “དེ་ཆོག་གི འོན་ཀྱང་ཁྱོད་ཀྱིས་མྱུར་མོར་འུ་ཅག་གི་བརྙན་ལ་འགྲེམ་བརྡ་ཞིག་འབྲི་བ་གལ”ཞེས་ད་དུང་སྐུལ་མ་གཏོང་གིན་འདུག ཁོ་བོར་འགྲེམ་བརྡ་འབྲི་བའི་བློ་ཞིག་གང་ནས་ཡོད་དེ་མ་བྲིས་མོད། དེའི་དབང་གིས་ཡིན་ཀྱང་སྲིད་དེ“འཁྲབ་ཁྲིད་གཞོན་པ་གཙང་སངས”ཞེས་པ་མ་བསུབ་པར་འོད་སྡེར་བསྐྲུན་ཏེ་སྤྱི་ཚོགས་ལ་བཀྲམ།
དེ་རིང་བདག་གི་སྙིང་སྒུལ་བའི་ཐོལ་རླུང་ཡང་གནས་དེ་ནས་བལྡིངས་ཏེ་ཐོན། ད་ནི་བྱ་བའི་འགོ་ནས་བསམ་ན། ཀུན་བཟང་བསྟན་འཕེལ་གྱི་ངོ་གདོང་འགྲོ་བས་མཐོང་འོས་པར་སེམས། མི་འདི་ལྟ་བུའི་སྤྱི་ཚོགས་ཀྱི་གད་སྙིགས་དག་གུ་ཡངས་ལ་གཏོང་གྲངས་མང་མི་འོས་པའི་ངེས་ཤེས་ཤིག་གིས་ཞེ་ཡི་ཐོག་མཐའ་ཀུན་ཁྱབ་པར་གྱུར།
ངས། ཀུན་བཟང་བསྟན་འཕེལ་གྱི་མི་གཞི་དངོས་ནི་ད་དུང་གླེང་མེད། གལ་སྲིད་ཀུན་བཟང་བསྟན་འཕེལ་གྱི་ཡོད་ཚད་ཡི་གེའི་འབྲི་མ་ཡིས་བརྗོད་ཚེ། ཀློག་པ་པོ་དག་མི་དེར་སུན་པ་ལས་ཀྱང་སུན་པོ་བཟོ་བ་ཞིག་ལས་མི་འདུག་ཁོ་ཐག་ཡིན། འདིར་གསལ་བཤད་བྱ་དགོས་པ་ཞིག་ལ། ངས་འདིར་ཀུན་བཟང་བསྟན་འཕེལ་ཞེས་པའི་མི་སྒེར་བ་དེ་གླེང་གིན་པ་ལས་མི་དེའི་ཕ་མ་དང་“རིག་དངོས་སྒྱུ་རྩལ་ཚོགས་པ་”སོགས་ལ་འབྲེལ་བ་སྤུ་ཙམ་ཡང་མེད།
ཀུན་བཟང་བསྟན་འཕེལ་གྱི་ཕ་མ་གཉིས་ལ་མཚོན་ན། ཁོ་བོར་ཧ་ཅང་དགའ་མཁན་གཉིས་ཡིན་པར་མ་ཟད། ངས་ཀུན་བཟང་བསྟན་འཕེལ་ལ་《གཉེན་འཚོལ་འདུ་ཤེས》ཞེས་པའི་འཁྲབ་གཞུང་འདི་བྲིས་ཏེ་བྱིན་པེ་བཀའ་དྲིན་དང་ཡི་རངས་ཀྱི་སྐད་ཆའང་མང་དུ་བཤད་མྱོང་ཁར། ཁོ་བོ་ས་ཆ་དེར་འབྱོར་སྐབས་སྣེ་ལེན་དང་མགྲོན་བསུ་བྱས་པའི་རྣམ་འགྱུར་ཡང་ཁོ་བོའི་སེམས་ན་གསལ་པོ་ཡིན། གཞན་“རིག་དངོས་སྒྱུ་རྩལ་ཚོགས་པའི་”ཚོགས་མི་དག་ཀྱང་ང་དང་འགྲིག་པོ་ཡོད་པར་མ་ཟད། མཁན་པོ་དང་སྤྲུལ་སྐུ་ཡི་མཚན་འཛིན་པ་སྐོར་ཞིག་གིས་ལོ་སྔོན་མའི་ནང་ང་ལ་རོགས་རམ་རེ་བྱས་པའང་ཁོ་བོས་བརྗེད་ག་ལ་སྲིད།
2015-02-18 ཉིན།
སྐུ་ཞབས་གཙང་སངས་ལགས། ངས་ཉིད་ཀྱིས་བྲིས་གནང་བའི་’འཁྲབ་གཞུང་བཅོམ་འཕྲོག་པ་ཞིག་གཅེར་བུར་ཕུད་པ’ཞེས་པ་འདི་ཡོངས་སུ་བཀླགས་པས་བདག་ལ་བརྗོད་མི་ཤེས་པའི་ཚོར་སྣང་དམིགས་བསལ་ཞིག་བྱིན་བྱུང་། ང་ཚོ་སྙུག་ཐོགས་པ་སྟེ་བརྩམས་ཆོས་འབྲི་རྒྱུར་དགའ་མཁན་ཞིག་ལ་མཚོན་ན། རང་གི་རིན་ཐང་བྲལ་བའི་དུས་ཚོད་དང་ངལ་བ་དུ་མ་ཞིག་དེའི་ཕྱིར་བཏང་དང་གཏོང་གིན་ཡོད། ལྷག་པར་དུ་སྒྲུང་དང་འཁྲབ་གཞུང་འབྲི་རྒྱུ་ནི་དེ་འདྲའི་ལས་སླ་བོ་ཞིག་ག་ལ་ཡིན། དེར་བརྟེན་ཉིད་ཀྱིས་རྔུལ་ཁྲག་ལས་གྲུབ་པའི་འཁྲབ་གཞུང་དེ་མི་ངན་ཁྱི་སྐྱག་དེས་ངན་གསུབ་བྱས་པ་མ་ཟད་ཐ་ན་རྩོམ་པོ་བོའི་མཚན་གྱི་ཟུར་ཙམ་ཡང་མི་གླེང་བ་ནི་མི་སྤྱོད་ལས་འདས་པ་ཞིག་རེད་སྣང་། འོན་ཀྱང་ཉིད་ཀྱིས་དཀའ་ལས་བརྒྱབ་པའི་གྲུབ་འབྲས་བུ་འདི་ནམ་ཡང་འགྱུར་བ་མེད་ལ། ནམ་ཞིག་གསལ་གསལ་ཐིང་ཐིང་ངང་ཐོན་ངེས་རེད། ངའི་རེ་བ་ལ་ཉིད་ཀྱི་ད་དུང་དེ་བཞིན་གྱི་འཁྲབ་གཞུང་ཞིག་མི་འགྱང་བར་འབྲི་རྒྱུ་དེ་ཡིན།
་་་་་་་་་་ ཀུན་བཟང་བསྟན་འཕེལ་གྱི་ཕ་མ་གཉིས་ལ་མཚོན་ན། ཁོ་བོར་ཧ་ཅང་དགའ་མཁན་གཉིས་ཡིན་པར་མ་ཟད། ངས་ཀུན་བཟང་བསྟན་འཕེལ་ལ་《གཉེན་འཚོལ་འདུ་ཤེས》ཞེས་པའི་འཁྲབ་གཞུང་འདི་བྲིས་ཏེ་བྱིན་པེ་བཀའ་དྲིན་དང་ཡི་རངས་ཀྱི་སྐད་ཆའང་མང་དུ་བཤད་མྱོང་ཁར། ཁོ་བོ་ས་ཆ་དེར་འབྱོར་སྐབས་སྣེ་ལེན་དང་མགྲོན་བསུ་བྱས་པའི་རྣམ་འགྱུར་ཡང་ཁོ་བོའི་སེམས་ན་གསལ་པོ་ཡིན།
གཞན་“རིག་དངོས་སྒྱུ་རྩལ་ཚོགས་པའི་”ཚོགས་མི་དག་ཀྱང་ང་དང་འགྲིག་པོ་ཡོད་པར་མ་ཟད། མཁན་པོ་དང་སྤྲུལ་སྐུ་ཡི་མཚན་འཛིན་པ་སྐོར་ཞིག་གིས་ལོ་སྔོན་མའི་ནང་ང་ལ་རོགས་རམ་རེ་བྱས་པའང་ཁོ་བོས་བརྗེད་ག་ལ་སྲིད། ་་་་་་་་་་་་་་་
གཙང་སངས་ལགས་དེ་དག་ནི་རྒྱལ་སྤྱིའི་ཁྲིམས་སྲོལ་འགལ་བ་ཡིན་པས་ཁྲིམས་ལ་སྦྱོར་དགོས་པ་རེད་དེ་མིན་མི་དེ་དང་དེ་འདྲ་བ་ཚོས་སླར་ཡང་དེ་མི་གཞན་ལ་མགོ་སྐོར་དང་རྐུ་བརྫུས་བྱེད་ཀྱི་རེད་དེ་འདྲ་མི་འབྱུང་བའི་ཆེད་དུ་ཁྲིམས་ལ་གཏུག་དགོས་པ་རེད། བོད་རིགས་ཚོས་ཁྲིམས་ཁང་ལ་འགྲོ་རྒྱུར་མཚེར་སྣང་བྱེད་ཀྱི་རེད་རྒྱ་གར་བ་དང་ཕྱི་རྒྱལ་བ་ཚོས་མི་ཚེ་གཅིག་ལ་ཁྲིམས་གཏུག་གཅིག་བྱེད་མ་ཐུབ་ན་མ་འཇོན་པར་བརྩི་སྲོལ་འདུག ཁྲིམས་ལ་སྦྱོར་རོགས། བོད་པའི་སྤྱི་ཚོགས་ནང་དུ་དེ་འདྲ་མང་པོ་རེད། སྔར་ཀྱང་བྱུང་བ་ནི་དེང་སང་ཆོས་རྒྱུད་ཆོས་ལུགས་མི་འདྲ་ནའང་རྩོམ་བྲིས་སམ་གཏེར་མ་སྙན་རྒྱུད་དགོངས་གཏེར་ཡིན་བ་དེ་ཚོར་དཔྱད་ན་གཞན་ནས་དཔེ་བཤུས་ཆ་ཚང་བྱས་པ་མངོན་གསལ་རེད། མི་སུས་ལྟས་ཀྱང་ཤེས་གསལ་འདུག འོན་ཀྱང་བདག་པོས་རྐུ་མར་རྐུ་འཛུགས་བྱེད་རྒྱུའི་ཚབ་ཏུ་རྐུ་མས་བདག་པོར་རྐུ་མ་བཙུགས་ཡོང་གི་འདུག་གནས་སྟངས་དེ་འདྲ་རེད།
རྐུན་བརྫུན་འཁན་་འགའ་རེ་ལ་ཕོག་པར་མི་གནང་ཆེན་དང་རྟ་རྒྱབ་ཆད་ཟེར་བ་ཅིས་མི་བདེན། ཀུན་བཟང་བསྟན་འཕེལ་ལ་དཔལ་འབྱོར་རྒྱ་བླ་མ་ཚོས་རོགས་དན་ལས་ཡོན་ཏན་མེད་པར་ཀུན་གསལ་རེད། ཡིན་ན་ཡང་ངོས་ནས་གཙང་སངས་ཀྱིས་རྩོམ་པར་སྔོན་ནས་ཤེས་ཡོད་ཀྱང་བརྙན་ཐག་སྟོན་ཚར་འདུག དེ་བཞིན་རྒྱ་བླ་ཚོས་སྟོན་པའི་བརྙན་ཐག་ཁྲི་ཁྲག་དུ་མ་ཅན་དེ་ཚོས་རྩོམ་རྐུན་ཕལ་ཆེ་བ་རེད་འདུག བོད་ནང་གི་གླུ་བ་གླུ་མ་ཕལ་ཆེ་བ་ཡོན་ཏན་མེད་པ་འདྲ་ཞིག་མཐོང་སོང་། ཐལ་ཆེ་དྲག་གི་འདུག དེ་བཞིན་རྫོགས་ཆེན་ཚང་གི་སྔ་འགྱུར་ཆོས་འབྱུང་ཟེར་བ་དེ་ཡང་སྐལ་བཟང་གིས་རང་གིས་ཚ་བོ་དབང་ཆེན་དར་རྒྱས་ལ་རྫོགས་ཆེན་ཡིད་བཞིན་ནོར་བུའི་མིང་བཏགས་ནས་ཕྱོགས་ཞེན་གྱི་བརྩམས་ཆོས་ཀྱང་དཔར་བསྐྲུན་བཟོས་ཚར་འདུག ༧གོང་ས་མཆོག་གིས་སྐལ་བཟང་དེ་སྔོན་མ་ཡག་པོ་འདྲ་ཡོད། སྙན་ངག་ཙམ་འབྲི་ཤེས་ཀྱང་ཁྲམ་པ་བཟོས་སོང་ཞེས་ཞལ་དྲོན་མོས་གསུངས་འདུག གང་ལྟར་གཙང་སངས་ལ་རྒྱ་ཆ་བརྒྱ་ཐམ་པའི་བདེན་ཁ་སྟེར་ཆོག་གི་ཡོད། བདེན་པ་རྒྱལ་ལོ། བོད་རྒྱལ་ལོ།།
གཙང་སངས་ནི་བོད་ནང་གི་ན་གཞོན་ཁེ་ལས་པ་དང་རྩོམ་པ་པོ། འཁྲབ་སྟོན་པ་སོགས་བོད་སྤྱི་ཚོགས་ཀྱི་གཟེངས་སུ་ཐོན་པའི་ན་གཞོན་ཡར་ཐོན་པ་ཞིག་ཡིན། མ་ཟད་མི་གཞི་དྲང་ཞིང་བག་ལྷོད་ཀྱི་ཡ་རབས་སྤྱོད་བཟང་ཅན་ཞིག་ཡིན་པས། ཁོད་ལ་དང་ཁོང་གི་བརྩམ་ཆོས་ལ་འདི་འདྲའི་མཐོང་ཆུང་བྱས་པར་ཧ་ཅང་བློ་ཕམ་བྱུང་། འདི་ནི་གཙངས་སངས་དང་ཁོང་གི་བརྩམས་ཆོས། ཀུན་བཟང་བསྟན་འཕེལ་གཅིག་པུའི་གནད་དོན་ཙམ་མིན་པར། བོད་སྤྱི་ཚོགས་ཡོངས་དང་བོད་ཀྱི་ཤེས་ལྡན་མི་སྣའི་བར་གྱི་གལ་གནད་གལ་ཆེན་ཞིག་ཡིན་པས་དོན་འདི་རིགས་ངེས་པར་ས་ར་རྒ་ར་རྒ་ར་བྱེད་དགོས། ཁྲེལ་མེད་ཀྱི་བྱ་སྤྱོད་འདི་འདྲ་བོད་ཀྱི་སྤྱི་ཚོགས་ན་ཧ་ཅང་མང་བས་འདི་དག་ལ་ཁ་རྡུང་ནན་མོ་གཏོང་དགོས། མ་ཚད་ངེས་པར་དུ་ཁྲིམས་ཀྱིས་རྗེད་འདེད་བྱ་དགོས།
དོན་དག་ནི་བྱུང་ཚར་བ་རེད།
ད་བཟོད་སྒོམ་བྱེད་ན་མ་གཏོགས་ཐབས་ཤེས་ཡོད་མ་རེད།
གཙང་སངས་ཟེར་བ་སུ་ཡིན་མི་ཤེས་མོད།
བཟོད་སྒོམ་གནང་རོགས་ཞུ་ཡ་ཡིན།
གཙང་སངས་ནི་བོད་ནང་གི་ན་གཞོན་ཁེ་ལས་པ་དང་རྩོམ་པ་པོ། འཁྲབ་སྟོན་པ་སོགས་བོད་སྤྱི་ཚོགས་ཀྱི་གཟེངས་སུ་ཐོན་པའི་ན་གཞོན་ཡར་ཐོན་པ་ཞིག་ཡིན། མ་ཟད་མི་གཞི་དྲང་ཞིང་བག་ལྷོད་ཀྱི་ཡ་རབས་སྤྱོད་བཟང་ཅན་ཞིག་ཡིན་པས། ཁོད་དང་ཁོང་གི་བརྩམ་ཆོས་ལ་འདི་འདྲའི་མཐོང་ཆུང་བྱས་པར་ཧ་ཅང་བློ་ཕམ་བྱུང་། འདི་ནི་གཙངས་སངས་དང་ཁོང་གི་བརྩམས་ཆོས། ཀུན་བཟང་བསྟན་འཕེལ་གཅིག་པུའི་གནད་དོན་ཙམ་མིན་པར། བོད་སྤྱི་ཚོགས་ཡོངས་དང་བོད་ཀྱི་ཤེས་ལྡན་མི་སྣའི་བར་གྱི་གལ་གནད་གལ་ཆེན་ཞིག་ཡིན་པས་དོན་འདི་རིགས་ངེས་པར་དུ་ས་ར་རྒ་ར་བྱེད་དགོས། ཁྲེལ་མེད་ཀྱི་བྱ་སྤྱོད་འདི་འདྲ་བོད་ཀྱི་སྤྱི་ཚོགས་ན་ཧ་ཅང་མང་བས་འདི་དག་ལ་ཁ་རྡུང་ནན་མོ་གཏོང་དགོས་པ་མ་ཟད། ངེས་པར་དུ་ཁྲིམས་ཀྱིས་རྗེད་འདེད་བྱ་དགོས།
གོང་དུ་ཡིག་སྐྱོན་རེ་འགའ་ཤོར་བས་བསྐྱར་དུ་མཆན་བཏབས་པའོ།།
ཀུན་བཟང་སྟོབས་རྒྱལ་ཟེར་བ་དེ་ཡག་པོ་འདྲ་འདུག་བསམ་སོང་མོད།
དོན་ངོ་མ་དེ་འདྲ་ཡིན་པ་རེད། སྦག་སྦག་བརྡབས་མཁན་དེ་ཕ་གསར་དེ་ཡག་པོ་འདུག རྗེས་མ་ཁོས་གློག་བརྙན་ཡག་པོ་ཐུབ་ས་རེད།