ཆང་སྐྱེས།
སྣ་ཚོགས་གཡུ་ལོ་ཚང་ཚིང་ནགས་ན་བཞད།།
མེ་ཏོག་དཀར་་དམར་ཆུ་བོའི་འགྲམ་ན་འཛུམ།།
གནས་ཚང་གཡར་མ་ཞིག་ལ་ཞེ་འཁྲེང་ནས།།
ལོ་དང་ཟླ་བའི་ཕྲེང་བ་སྟོང་བས་ཟད།།
ས་སའི་saxའགྱུར་ཁུགས་རྣ་བའི་རྒྱུད་དུ་སྙན།།
རྒུན་ཆང་དམར་བོ་ཞལ་གྱི་རོ་ལ་ཞིམ།།
ཟང་ཟིང་ཁྲོམ་གཞུང་འདི་ན་མགོ་འཐོམ་མེ།།
ཉིན་མཚན་རེས་མའི་འཁོར་སྐྱོད་རྡོག་པས་བརྫིས།།
བསླུ་བྲིད་ངག་དབྱངས་ལྷོད་པོ་ཡིད་དུ་འོང་།།
བཅོས་མའི་འཛུམ་མདངས་ཞིམ་པོ་སྙིང་ལ་སྡུག །
སྐྲ་སེར་བུ་མོ་ཞིག་ལ་སེམས་ཤོར་ནས།།
འབའ་འབའ་ལུག་གི་འཚོ་རོགས་རྒྱང་དུ་བསྐྱུར།།
ཁ་ཚིག་སྙན་མོ་ཞལ་ལྕེའི་ཁུགས་ན་བཞུར།།
དུག་ནག་ཚེར་མས་སེམས་ཀྱི་རི་ལུང་ཁེབས།།
ཤུན་པགས་མཐུག་པོའི་གདོང་ལ་མིག་ཅེར་རེ།།
ཨ་མའི་བསླབ་བྱ་དྲོན་མོ་རླུང་ལ་བསྐུར།།
༢༠༡༥ ༢་༢༨ ལ་ཧིན་གྷ་རི་ནས