དགའ་དགའ།
དེང་གི་དགོན་སྡེའི་ནང་བླ་གྲྭ་དག་གིས།།
ཁ་ནས་ནང་ཆོས་ཟེར་ལྷ་འདྲེ་གསོལ་བའི།།
བོད་བརྒྱུད་ནང་བསྟན་གྱི་བྱེད་སྟངས་དེ་ཚོ།།
ཆོས་དད་རྨོངས་དད་ལ་འགྱུར་བ་མིན་ནམ།།
ཞྭ་ཅན་མཁན་སྤྲུལ་ཚོས་ཐོས་བསམ་སྒོམ་གསུམ།།
བར་སྟོང་རྣམ་གཡེང་རེས་རླུང་ལ་སྤུར་ནས།།
འདུས་ཚོགས་གྲལ་མགོ་ནས་ཡིན་མདོག་ཙམ་གྱིས།།
ཆོས་ཀྱི་གནད་དོན་དེ་ཤེས་པ་ཨེ་རེད།།
སྟོན་པས་རྔ་རོལ་ཞིག་རྡུང་མྱོང་མེད་རུང་།།
མགོ་རེག་ཞབས་རྗེན་ཚོ་དེ་ལ་འབྱར་ནས།།
ལུང་དང་རྟོགས་པ་ཡི་བསྟན་པ་འདི་ལ།།
ཞབས་རྗེས་གསར་པ་རེ་ཕབ་འདོད་ཨེ་རེད།།
མི་རྐང་ཐུང་ཐུང་ཞིག་འུར་ཆིལ་བུས་ཤིང་།།
མི་ཐོད་ཕྱེད་ཀའི་ནང་ཤ་ཆང་བླུགས་ནས།།
སྐྱ་མིན་སེར་མིན་ཚོས་བརྡ་ཐབས་ཡིན་མདོག།
སྔགས་པ་དམ་ལོག་གཅིག་བྱས་ནས་ཨེ་འདུག།
མི་ཟས་རྩམ་པ་དེས་གཏོར་མ་བཟོས་ནས།།
ལྷ་འདྲེ་མེད་ན་ཡང་བཙན་གྱིས་འཚོལ་བའི།།
རྗེས་ལུས་མི་བུ་ཚོའི་རྣམ་རྟོག་རྒོད་པོས།།
བག་ཆགས་ངན་པ་རེ་བཞག་པ་མིན་ནམ།།
བསྐྱེད་རྫོགས་གང་གིས་ཀྱང་མྱོང་བ་མེད་བཞིན།།
ཧཱུཾ་ཤི་ཕཊ་འགྱེལ་གྱིས་དམོད་ངན་བྱས་ནས།།
དམངས་ཀྱི་རྔུལ་ཁྲག་དག་འཇིབ་པའི་རིགས་ལ།།
ཡ་ཀིའི་རྣལ་འབྱོར་ཚོ་དགོད་བཞིན་ལོས་ཡོད།།
ཡུལ་ལྷ་གཞི་བདག་སོགས་སྐྱབས་གནས་མིན་ཀྱང་།།
བླ་རྒན་མགོ་དམར་འགས་མི་ལོ་མང་པོར།།
ཡར་མཆོད་མར་གཡུག་གིས་ནང་བསྟན་ཡིན་མིན།།
བསམ་བློ་རྣལ་མ་ཞིག་འཁོར་ནས་ཨེ་ཡོད།།
གཞན་གྱི་མི་རིགས་ཚོས་སོ་སོའི་གནད་དོན།།
རང་ཐག་རང་ཆོད་ཅིག་བྱེད་པའི་སྐབས་ལ།།
ང་ཚོའི་རིགས་རྒྱུད་འདིས་ལྷ་འདྲེར་རེ་ནས།།
རང་ཚུགས་ཤོར་བ་དེ་མཐོང་གི་འདུག་གམ།།
ད་དུང་རྨོངས་དད་ཀྱི་གཉིད་ལས་མ་སད།།
ཕུགས་ཀྱི་འདུན་མ་དེ་མུན་པས་བཀབ་ནས།།
རང་ལྟ་མཆོག་འཛིན་གྱི་གོམ་པ་འཁྱོར་པོས།།
རིག་པའི་ས་ཆེན་འདིར་བཀབ་ནས་འདུག་གོ །
ཡག་པོ་གསུངས་འདུག གནས་ལུགས་ཡོད་པའི་སྙན་ངག་ཞིག་བྲིས་འདུག
ལྷ་འདྲེ་ཁོག་ཞུགས་ཚོས་ལུང་བསྟན་བརྒྱབ་ཐལ།
སངས་རྒྱས་ཁོག་ཞུགས་ཚོས་ལམ་སྟོན་མཛད་ཐལ།
མ་མཁྱེན་མཁྱེན་མདོག་གིས་ལོག་ལམ་ཁྲིད་ནས།
ཁ་བའི་མི་རིགས་འདི་རྗེས་ལུས་ཤོར་སོང་།
ལྷ་སྲུང་ཁོག་ཞུགས་ཚོས་སྐྱག་རྫུན་བཤད་དུས།
སངས་རྒྱས་ཁོག་ཞུགས་ཚོས་མགོ་སྐོར་བཏང་དུས།
མི་ཆོས་བླ་མ་ཡི་རྫུན་ཆེན་བཤད་ནས།
ཤཀྱའི་འདུལ་ཁྲིམས་ཀྱི་རུས་རྐང་བཅགས་སོང་།
དངོས་ཡོད་གནས་ཚུལ་དེ་རྒྱབ་ཏུ་བསྐྱུར་ཐལ།
དངོས་མེད་ལྷ་སྤྲུལ་ལ་རྨོངས་ནས་དད་ཐལ།
རྨོངས་དད་གྲུ་ཆེན་གྱིས་ལམ་དུ་ཞུགས་ནས།
འགྲོ་བ་མིའི་རིགས་ཀྱི་གྲལ་མཐའ་གཡུགས་སོང་།
བསྟན་ལ་འཚེ་བ་བསྟན་པའི་དགྲ་བ་ོརེད་།
བསྟན་ལ་དད་པ་མེད་ན་ཕྱི་ལ་འཐོན་།
བསྟན་པའི་གྲལ་ལ་བསྡད་པ་ངོ་རེ་ཚ་།
བསྟན་དགྲ་གུང་ཁྲན་ཆོས་མེད་ཀླ་ཀློ་རེད།
ནང་དོན་རིག་པ་ནང་པའི་བསྟན་པ་ལ་།
ནང་གི་མི་གི་སྨད་པ་ཡིད་རེ་མུག་།
ནང་དང་ཕྱི་ཡི་ཁྱད་པར་མ་ཤེས་ན་།
ནང་པའི་བསྟན་ལ་འཇུག་པ་ངོ་རེ་ཚ་།
ཆོས་སྲིད་བཟུང་དུ་སྦྲེལ་བ་མེས་པོའི་སྲོལ་།
སྲོལ་བཟང་རྒྱུད་ནས་བོད་ཀྱི་བསྟན་སྲིད་དར་།
དར་བ་ཡུན་དུ་མ་གནས་བོད་མིའི་ལས་།
ལས་ངན་བསག་པའི་འབྲས་བུ་དུས་སུ་སྨིན་།
འབངས་མི་སེར་གྱི་ཁྲག་འཇིབ་ཡ་མང་སོང་ན་ཁོག་པ་འབུས་ཟ་གི་རེད་ད།
ཁོག་པ་འབུས་ཁེངས་མེད་ན་ཚན་རིག་དང་འགལ།
ཁས་ལེན་མེད་པར་དགག་ལན་འཕེན་ན་ཚུལ་གསུམ་རིག་པ་དང་འགལ
ཁོག་པའི་ནང་གི་འབུ་ཡིན་ན་ཁོག་པ་ཟ་མཁན་གྱི་འབུ་ཡིན་པའི་མ་ཁྱབ།
བཙུན་པས་དགོངས་ཟས་བཟས་ནའང་ཟ། །
སྤྲུལ་སྐུས་འཆོར་པོ་བྱས་ཀྱང་བྱས། །
བླ་མས་མོ་རྫུན་བཤད་ཀྱང་ཤོད། །
ང་ལ་དགོས་རྒྱུ་དགེ་འདུན་སྡེ། །
སྔགས་པས་ཆང་འཐུང་བརྒྱབ་ནའང་བརྒྱབས། །
སྔགས་པས་ལོག་གཡེམ་སྤྱད་ནའང་སྤྱད། །
ཧྰུམ་ཤི་ཕཊ་འགྱེལ་བསྒྲལད་ནའང་བསྒྲལད། །
ང་ལ་དགོས་རྒྱུ་དམ་ཚིག་རེད། །
བོད་པས་དཀོན་མཆོག་མཆོད་ནའང་མཆོད། །
བོད་པས་ཆོས་གཞན་བྱས་ནའང་ཆོག །
བོད་པས་ལྷ་འདྲེ་བསྟེན་ནའང་བསྟེན། །
ང་ལ་དགོས་རྒྱུ་བདེ་སྐྱིད་རེད། །
ཆོས་མེད་རྣམས་ཀྱིས་ཆོས་ལ་སྨོད་པ་ཆོས་མེད་རྣམས་ཀྱི་རང་གཤིས་ཡིན།།
སྤྲུལ་མིན་འགའ་ཡིས་སྤྲུལ་སྐུ་མཐོང་ན་ཕྲག་དོགས་སྐྱེས་པའང་ཆོས་ཉིད་ཡིན།།
དུག་གསུམ་ཁོལ་བའི་ཁོལ་བོར་གྱུར་རྣམས་ཀུན་ལ་སྡང་བ་སྨོས་མེད་ཡིན།།
གཞན་སྐྱོན་མཐོང་བའི་མིག་ཟུང་ཡོད་ཀྱང་རང་སྐྱོན་མཐོང་བའི་མེ་ལོང་མེད།།
ཕར་ཕྱིན་དྲུག་ལ་ཉམས་ལེན་བགྱིས་།
ནང་པའི་ཆོས་ཀྱི་སྙིང་པོ་དེ་རེད་།
ནང་པའི་གྲལ་དུ་བསྡད་ནས་ནང་ཆོས་ལ་ཁ་མ་གཏོང་ལོ།
ཁམས་གསུམ་སེམས་ཅན་བསད་ལས་སྡིག་ཆེ་བ་།
བྱང་ཆུབ་སེམས་པ་རྣམས་ལ་བཀུར་བ་བཏབ་།
དོན་མེད་སྡིག་ཆེན་བསག་་པ་འཐོལ་ལོ་བཤགས་།
ཨོམ་སྦ་རྫ་ས་ཏོ་ཧུང་།་་་་་་་་་་་་ས་་ཏོ་ཧུང་་་་་་ ས་ཏོ་ཧུང་
དགེ་འདུན་རྒྱ་མཚོ་ལགས། ཆོས་མེད་པ་སྨྲ་བ་ཟེར་ན་སུ་རེད་དམ། ལུང་རྟོགས་ཀྱི་བསྟན་པ་མི་འདུག་སྨྲ་བཞིན་འདུག་གམ།་་་་ཁ་སྟོང་ནང་གི་སྟོང་གཏམ་བཤད་མ་བསྡད།
ཇུས་ཏོག་ལགས་་་་ཕར་ཕྱིན་དྲུག་བཤད་མཁན་ཚོས་ངོས་ནས་རྒྱུ་ནོར་ཕར་སྤྱིན་པ་བཏང་གི་འདུག་གམ་ཚུར་ལེན་གྱི་འདུག མིག་གིས་ལྟོས། ལོང་བ་མིན་ན་མཐོང་ཚོད་དང་འོན་པ་མིན་ན་ཐོས་ཚོད་ཡིན་དགོས་ས་ཡོད། བྱང་ཆུབ་སེམས་ཀྱི་དྲི་མ་ཙམ་མེད་པའི་སྒེར་གཅོད་པ་ཚོ་ལ་སྐྱོན་བརྗོད་བྱས་ན་དགེ་བ་མ་གཏོགས་སྡིག་པ་ཡོང་དོན་ཅང་ཨེ་ཡོད་ན།
གཞན་ཕན་བྱ་བ་སྦྱིན་པ་མཐོང་།
གཞན་ཕན་བྱ་བ་ཚུལ་ཁྲིམས་སྲུང་།
གཞན་ཕན་བྱ་བ་བཟོད་པ་སྒོམ་།
གཞན་ཕན་བྱ་བ་བརྩོན་འགྲུས་བསྐྱེད་།
གཞན་ཕན་བྱ་བ་ཤེས་རབས་རྣོ་།
གཞན་ཕན་བྱ་བ་བསམ་གཏན་བརྟན་།
ཕ་རོལ་དུ་ཕྱིན་པ་དྲུག་མཁྱེན་པ་མཛོད་།