གླིང་གཅེར་བུ།
མལ་ལས་ལངས་ཚུལ་གྱི་མེ་ཏོག་འཚིག་རོ་མ།།
སྒེའུ་ཁུང་ཕྱི་རོལ་གྱི་སྐད་ཆའི་གོ་བརྡ་མིན།།
སྨུག་རྒྱུའི་བར་གསེང་གི་མཛེས་པ་རབ་རིབ་མ།།
ད་ནངས་ཞོགས་པ་ཡི་དཔེ་ཀློག་ངོས་ན་ཡོད།།
ལྷམ་སྒྲོག་དྲུད་པ་ཡི་དབྱངས་ཡིག་མགོ་མེད་མ།།
གོམ་པའི་བར་གླགས་ན་ཇེ་གསལ་ཇེ་ཆུང་ཡིན།།
ལྷག་པའི་ཁུར་བ་ཡི་བསྒྲག་ཡིག་མཚོན་བྲིས་མ།།
རང་སེམས་གསོ་བ་ཡི་དར་ཆ་མཐོན་པོ་ཞིག།
གོས་ཀྱིས་མ་ཐུམ་པའི་ནམ་མཁའ་རལ་བོ་མ།།
ཉལ་ཐུལ་ནང་ལོག་གི་རྨི་ལམ་ཐུན་གཅིག་ཡིན།།
སྨྱུ་གུས་མ་ཤོད་པའི་གཏམ་རྒྱུད་སྐྱུར་ཚ་མ།།
གཞན་ངོ་མཚོན་བྱེད་ཀྱི་བརྡ་ཆད་ངར་མ་ཞིག།།
ཁ་དོག་འགྱུར་བ་ཡི་ལྐོག་ཚོས་འདོད་ཆགས་མ།།
ལམ་ལ་འབུད་ཁ་ཡི་ཡོང་སྒོ་ཆེ་ཞིག་ཡིན།།
མིང་ནས་འབོད་ཚུལ་གྱི་རིན་གོང་སྟབས་བདེ་མ།།
ཐ་སྙད་སྒྲིག་པ་ཡི་རོལ་རྩེད་ཡ་མེད་ཅིག།
ཁ་པར་མགོ་ནང་གི་ལ་གཞས་འཛུམ་ཅན་མ།།
ལོ་ཟླའི་མངའ་འོག་གི་དྲན་པ་གཞན་ཞིག་ཡིན།།
དུས་ཚོད་བཞུར་བ་ཡི་རིང་ལུགས་ངུ་ཁ་མ།།
བྱུང་རིམ་བྲལ་བ་ཡི་བརྩམས་སྒྲུང་འབྲི་སྲོལ་ལོ།།
༢༠༡༥/༣/༤ ཉིན།