ཟླ་བ་གཞོན་ནུ།
སེམས་ལ་ཁ་བ་བབས་སོང་།།
ཁ་བ་རི་དང་མཉམ་སོང་།།
ཁྱོད་ལ་འཁྲེང་བའི་སེམས་པ།།
ཇོ་མོ་གླིང་མའི་མཐོ་རེད།།
རྒྱ་མཚོར་རྦ་རླབས་ཆེ་བས།།
གྲུ་ཆུང་གཡང་ལ་བསྒྱུར་སོང་།།
ང་དང་ཁྱོད་ཀྱི་ལས་དབང་།།
རླུང་ཚུབ་ནག་པོས་དེད་སོང་།།
རི་བོ་གངས་དཀར་ཏི་སི།།
དུས་བཞིས་བསྒྱུར་བ་མེད་ན།།
ཁྱོད་ལ་འཆང་བའི་དུང་སེམས།།
ཁ་བ་དཀར་པོའི་མདངས་ཡིན།།
ལོ་ཟླ་དུ་མའི་རིང་ལ།།
འུ་གཉིས་དགོད་སྒྲ་སྙན་མོ།།
ཀུ་རེའི་གཏམ་དང་འགྲོགས་ཏེ།།
སྤང་ལྗོངས་སྔོན་མོར་བཏབས་ཡོད།།
ཁ་རྩང་བཤད་པའི་སྐད་ཆ།།
དེ་རིང་སེམས་ཀྱི་གཟེར་རེད།།
འགྲོགས་པའི་ལོ་ཟླ་དེ་དག།
སེམས་པའི་དཀྱིལ་གྱི་ནད་རེད།།
སེམས་སོང་བྱམས་པའི་བརྩེ་བ།།
ཤང་ཤང་ཆུ་མོར་བསྐྱུར་ན།།
གཞོན་ནུའི་དུང་ཞེན་སེམས་པ།།
གོར་མོ་རྡོ་ལས་འཁྱག་རེད།།
ལས་དབང་རྒྱལ་མོས་གནང་བའི།།
འཛོམས་པའི་བསྐལ་བ་མེད་ན།།
རི་ཆུ་སྟོང་གི་རྒྱབ་ནས།།
སེམས་པ་དམར་པོས་ཅི་བྱེད།།
“སེམས་གཏམ་དམར་རྗེན་”བྲིས་པའི།།
ཁ་སང་བཏང་བའི་འཕྲིན་དེ།།
“ཉིན་རེར་ཚར་རེ་”གཡུག་ཞོག།
སེམས་པའི་དཀྱིལ་ལ་འཆང་རོགས།།
མཆན་”སེམས་གཏམ་དམར་རྗེན་”ནི་ཉེ་སྔོན་བཏང་ཟིན་པའི་འཕྲིན་ཞིག་གི་ཁ་བྱང་།
“ཉིན་རེར་ཚར་རེ་”ཟེར་བ་ཁོ་མོས་ཡི་གེ་དེ་ཉིན་རེར་ཚར་རེ་ཀློག་གི་ཡིན་ཟེར།།