དགའ་དགའ།
ང་འཇིག་རྟེན་འདིར
མི་དཔའ་བོ་ཞིག་ཡིན་པའི་དབང་དུ་བཏང་ན
ད་ལྟའི་ལུས་པོ་འདི་བཙོན་ཁང་ཞིག་ན་ཡོད་སྲིད
འོན་ཀྱང་གཅན་གཟན་གྱི་གདོང་པགས་ཅན་ཚོས
རྡོག་ཐོ་བཞུ ལྕགས་ཐག་བྲབས
གཟེར་མ་བརྒྱབ་ཀྱང ད་དུང་ཞུམ་མེད་ཀྱི་དཔའ་ངར
བདེན་པའི་ཚེ་སྲོག་དྲག་ཏུ་འབར་བཞིན་ཡོད་ངེས་སོ
བཙོན་ཁང་དེ་ཡང གྱང་གི་དྲེག་པ་དང
གནམ་གཅལ་གྱི་ངོས་ཡོངས་རྫོགས
སྦགས་བཙོག་གིས་ཟིན་ཅིང
ཉིན་མཚན་མེད་པར་སྒེའུ་ཁུང་ཆུང་ངུ་ཞིག་ལས་མེད་མོད
དེ་ལ་ཡང་ལྕགས་དྲ་བརྒྱབ
གཅིན་དྲི་དང་སྐྱུར་དྲི་འདྲེས་མའི་ཁང་ཆུང་དེ
ཕྱུགས་ལྷས་ཤིག་དང་མཚུངས་ཀྱང
ངས་སུ་དང་གང་ལ་མགོ་བོ་མི་སྒུར་བ་ཡོད་ངེས
མི་ཡུལ་གྱི་དག་ཞིང་དུ མ་ཤི་གསོན་པོས
དམྱལ་བའི་སྡུག་བསྔལ་མྱོང་དགོས་རུང
རྣམ་ཤེས་རྡོ་ལས་མ་གྲུབ་ཕན་ཆོད
ངས་ནམ་ཡང རང་མི་རིགས་ཀྱི་བདེ་སྡུག་ཆེད
ལྕེ་སྣར་མི་སྲིད་ལ་མགོ་བོ་དེ་བས་སྒུར་མི་སྲིད
ང་ལ་བསམ་རྒྱུ་སྟེ
མིའི་འདུ་ཤེས་དང་ཚོར་བ་འདྲ་མཉམ་སོགས་དགོས་ལ
རང་ལ་ཡོད་པ་དེ་རང་ཉིད་བདག་པོ་ཡིན་དགོས
བདེན་པའི་ཨུ་ཚུགས་ཀྱིས རང་མི་རིགས་ལ
མི་རིགས་རིང་ལུགས་ཀྱི་ལྟ་བ་བསླབ
བག་ཆགས་རྙིང་པའི་དྲི་ངན་གཙང་དག་བཟོས་ནས
ཕུང་གསུམ་པ་ཚོ་ལོག་ལམ་ནས་སྐྱོབ་ཅིང
ཐམས་ཅད་དང་ཡོད་ཚད་ནས་རྒྱལ་ཁ་ཐོབ་དགོས་པས་སོ