རྡོ་མེ་འབུད།
བྱིས་དུས་ཀྱི་ཕ་ཡུལ་ནི
གོ་ཁ་ཆུང་ཆུང་ལྟ་བུ་དེ་ཡིན་ནའང
དེ་རུ་གཙང་བོ་བཞུར་ས་དང
ནོར་ལུག་འཚོ་སའི་རྩྭ་ཐང་ཞིག་ཤོང་ངེས
ལོ་འདི་ཚོར
ཕ་ཡུལ་ཟེར་བའི་ཐ་སྙད་སྣུམ་པོ་དེ
བྱིས་པ་ཚོའི་རྣ་ལམ་ན་
ལྷ་སྒྲུང་ཞིག་གམ་གནའ་གཏམ་ཙམ་ཏུ་ཟད་མོད
ཨ་མྱེས་དག་གི་སེམས་ངོ་ན
ད་དུང་ཡང་མུ་ཏིག་བཞིན་འོད་དུ་འཚེར
རྟ་ནག་སྒྲོག་འགྲོས་བཞིན་ཤིན་ཏུ་སྙན
རྒྱང་ཐག་རིང་བའི་ཕ་ཡུལ་གྱི་དགུན་ཁ་
ཧ་ཅང་འཁྱག་རུང
ཨ་མ་སྒྲོལ་མས་གསོས་པའི་
འབྲོག་ཐབ་ཀྱི་མེ་ཁ་དེས
བུ་བུ་མོ་དག་ནམ་ཡང་འཁྱག་མ་མྱོང
ཡིན་རུང་། ལོ་དུ་མའི་ཡར་སྔོན་ཞིག་ལ
བྱང་ཕྱོགས་ཀྱི་ནམ་མཁའི་ངོས་སུ
སྐར་མ་མཇུག་རིང་ཞིག་ཤར་སྐད
ཡུལ་མི་ཚོས་བཤད་ན་
དེ་ནི་ལྟོས་ངན་པ་ཞིག་ཡིན་རབས་ཟེར
དེ་བས ལོ་འདི་ཚོར
ཕ་ཡུལ་གྱི་གནམ་ངོར་ལྷན་པ་ཞིག་འབྱར་ཡོད
དེ་ནི་རས་ཡུག་གི་ངོས་སུ་སྒོས་པའི་སྣུམ་ཞག་བཞིན
རི་རབ་དང་གཙང་བོ
ནགས་ཚལ་དང་རྩྭ་ཐང
ཡོངས་སུ་ག་ལེར་གཤེར
ཕ་ཡུལ བོར་སོང་བའི་ཕ་ཡུལ
ད་ནི་གཡའ་ཆགས་པའི་མེ་ལོང་ནང་བཞིན
ན་ཟུག་གིས་གས་པའི་སེར་ཁ་ཞིག་མ་གཏོཊ
དེའི་ངོས་སུ་གང་ཡང་མཐོང་མི་སྲིད།
༥/༠༣/༢༠༡༥ ལ་ཕ་རེ་སི་ནས།