བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་ ༥༦ སྐུ་མགྲོན་ཇར་མན་གྲོས་ཚོགས་ཀྱི་ཚོགས་གཞོན་མཆོག་ནས་རྡ་སར་གསར་འགོད་ལྷན་ཚོགས་ཐོག་གསུང་བཤད་གནང་བ།
ཕྱི་ལོ་༢༠༡༥ ཟླ་༣ ཚེས་༩ ཉིན་གྱི་ཆེད་ཡོལ་ཆུ་ཚོད་ ༣ ཐོག་རྡ་ས་གངས་སྐྱིད་ཕྱི་དྲིལ་ལས་ཁུངས་ཀྱི་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཇར་མན་གྲོས་ཚོགས་(Bundestag) ཀྱི་ཚོགས་གཞོན་ལྕམ་སྐུ་ཀ་ལ་འོ་ཌི་རོ་ཐི་ Ms.Caudia Roth མཆོག་གིས་གསུང་བཤད་གནང་འདུག སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག དེ་བཞིན་ཇར་མན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ Tibet Initiative Deutschland མཆོག དེ་བཞིན་ཕྱི་འབྲེལ་དང་དྲིལ་བསྒྲགས་དྲུང་ཆེ་རྣམ་གཉིས། གཞན་ཡང་བོད་དབྱིན་རྒྱ་གསུམ་དང་ཇར་མན་གསར་འགྱུར་བརྙན་འཕྲིན་ཁང་གི་གསར་འགོད་པ་སོགས་ཁྱོན་གསར་འགོད་པ་མི་གྲངས་ ༢༠ ལྷག་འདུ་འཛོམས་ཐོག
ཐོག་མར་དྲིལ་བསྒྲགས་དྲུང་ཆེ་བཀྲིས་ཕུན་ཚོགས་ལགས་ཀྱིས་ངོ་སྤྲོད་གནང་བསྟུན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ངོ་སྤྲོད་གནང་དོན། ལྕམ་སྐུ་མཆོག་དེ་རིང་རྡ་སར་དངོས་སུ་ཕེབས་ནས་བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་ ༥༦ སྐུ་མགྲོན་དུ་ཕེབས་ཐུབ་པར་ང་རང་ཧ་ཅང་དགའ་པོ་བྱུང་། ངས་གཞིས་བཞུགས་བོད་མིས་གཙོས་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་དགའ་བསུ་དང་སྦྲགས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། སྐུ་ཉིད་ལྟ་བུར་མཚོན་ན་མི་སྣ་ཧ་ཅང་གལ་ཆེན་ཞིག་ཆགས་ཡོད་ཀྱང་ས་ཐག་རིང་མིན་ལ་མ་འཛེམས་པར་ཐེངས་འདིར་བོད་མིར་གདུང་སེམས་མཉམ་སྐྱེའི་རྣམ་པ་བཏོན་ཆེད་རྡ་སར་ཆེད་མངགས་ཕེབས་ཡོད། ངས་ལྕམ་སྐུ་མཆོག་དང་དེ་སྔ་ཇར་མན་གྲོང་ཁྱེར་ཧེམ་བྷག་ཏུ་མཇལ་འཕྲད་མཐའ་མའི་སྐབས་རྡ་སར་ཕེབས་རོགས་ཞེས་འབོད་སྐུལ་ཞུས་པ་ལྟར་དེ་རིང་སྐུ་ཉིད་མཆོག་འདིར་དངོས་སུ་ཁ་ཞེ་གཉིས་མེད་ཐོག་ཕེབས་ཐུབ་པ་ནི་ང་ཚོར་རེ་བ་ཞིག་སྦྱིན་བཞིན་འདུག
ལྷག་པར་དུ་གཞིས་བཞུགས་བོད་མི་ཚོས་རྒྱ་ནག་གཞུང་གི་དམ་བསྒྲགས་ཇི་ཙམ་བྱེད་བཞིན་ཡོད་མེད་ལ་མ་ལྟོས་པར་སྙིང་སྟོབས་དང་ལྷག་བསམ་ཆེན་པོའི་ཐོག་ནས་རང་གི་ཐོབ་ཐང་རྩོད་བཞིན་པའི་སྐབས་འདིར་སྐུ་ཉིད་མཆོག་འདིར་ཕེབས་པ་དེས་ཁོང་ཚོའི་སེམས་ནང་འཛམ་གླིང་ནང་དྲང་བདེན་ལ་དགའ་བའི་དབུ་ཁྲིད་རྣམས་ཀྱིས་ང་ཚོར་རྒྱབ་སྐྱོར་གནང་གི་འདུག་བསམས་པའི་བློ་སྤོབས་སྐྱེད་ངེས་ཡིན། སྤྱིར་ལྕམ་སྐུ་མཆོག་ཇར་མན་གྲོས་ཚོགས་ནང་གི་ལྗང་ཁུ་ཚོགས་པའི་ཚོགས་གཙོ་ལན་འགའ་གནང་མྱོང་ཡོད་པ་མ་ཟད། དེང་དུས་ཀྱི་རོལ་དབྱངས་ལའང་དགའ་པོ་དང་དོ་སྣང་ཧ་ཅང་གནང་མཁན་ཞིག་ཡིན། ཕྱོགས་མཚུངས་ལྕམ་སྐུ་མཆོག་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཞིག་ཀྱང་ཡིན་པ་མ་ཟད། ཇར་མན་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་གཙོ་ཡང་གནང་མྱོང་ཡོད་པ་དང་སྦྲགས། ཨ་རབ་ཡུལ་གྲུའི་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་སྲོག་ཁྲིམས་གཅོད་རྒྱུའི་ལམ་སྲོལ་ལ་དགག་པ་ཤུགས་ཆེ་གནང་མཁན་ཞིག་ཀྱང་ཡིན། ཐེངས་འདིར་ལྕམ་སྐུ་མཆོག་འདི་གར་ཕེབས་རྒྱུར་ཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པས་མཐུན་འགྱུར་ཧ་ཅང་གནང་བ་དེར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་རྗེས་ཇར་མན་ནས་ཕེབས་པའི་གྲོས་ཚོགས་ཀྱི་ཚོགས་གཞོན་ལྕམ་སྐུ་ཀ་ལ་འོ་ཌི་རོ་ཐི་མཆོག་གིས་གསུང་བཤད་གནང་དོན། ང་རང་དེ་རིང་འདིར་བཅར་རྒྱུ་བྱུང་བ་ཧ་ཅང་དགའ་པོ་བྱུང་། ང་རང་འདིར་བོད་མིའི་གྲོགས་པོ་ཞིག་ཡིན་བསམ་པའི་འདུ་ཤེས་ཐོག་ནས་བཅར་བ་ཡིན།
སྤྱིར་ངས་ལོ་ངོ་ ༢༥ གོང་ནས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཞུ་མྱོང་ཡོད། སྐབས་དེར་ང་རང་ཡུ་རོབ་གྲོས་ཚོགས་ནང་གི་ལྗང་ཁུ་ཚོགས་པའི་ཚོགས་གཙོ་ཡིན། དེ་ནས་ཟུང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཡང་ཡང་བྱུང་ཡོད། དེར་བརྟེན་དེ་རིང་ང་རང་འདིར་བཅར་སྐབས་བསམ་བློ་གུ་ཡངས་པོ་ཞིག་དང་བློ་བདེ་པོའི་ཐོག་ནས་ཡོང་བ་ཡིན། ངས་དེ་རིང་རྡ་སར་བཅར་ནས་བོད་མི་ཚོའི་དཀའ་ངལ་དང་སྡུག་བསྔལ། ཁྱེད་ཚོའི་མིག་ཆུ་དང་འཛུམས་གདང་སོགས་ལ་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན། ངའི་གྲོགས་མོ་ཞིག་གིས་དེ་སྔ་ང་ལ་དཀའ་སྡུག་མྱོང་བཞིན་པ་རྣམས་བརྗེད་རྒྱུ་མེད། བརྗེད་པ་ཡིན་ན། ཁོང་ཚོའི་ཚེ་སྲོག་ཤོར་རྒྱུ་རེད། ཅེས་གཏམ་དཔེ་ཞིག་དང་སྦྲགས་འགྲོ་བ་མི་སུ་ཞིག་ཡིན་ཡང་མི་གཞན་དཀའ་སྡུག་མྱོང་བཞིན་པ་རྣམས་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེ་ཞུ་དགོས་པ་གསུངས་བྱུང་། དེར་བརྟེན་གལ་ཏེ་ང་ཚོས་དཀའ་སྡུག་འོག་མྱོང་བཞིན་པའི་མི་རིགས་རྣམས་བརྗེད་པ་ཡིན་ན་ཁོང་ཚོའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རིམ་བཞིན་རྩ་མེད་དུ་འགྲོ་རྒྱུ་རེད། བོད་མི་ཚོས་རང་བཙན་དང་ཁ་བྲལ་རྩོད་ཀྱི་མེད། ཁོང་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་འོག་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་རྩོད་བཞིན་ཡོད། དེར་བརྟེན་རྒྱ་ནག་གཞུང་གིས་ངེས་པར་དུ་བསམ་ཤེས་བྱས་ནས་བོད་མིའི་དཀའ་ངལ་སེལ་ཐབས་གནང་དགོས། བོད་མི་དེ་དག་གིས་རྒྱ་རིགས་ལ་དགྲ་བོར་བཟུང་ནས་སྡང་ཟུག་བྱེད་ཀྱི་མེད། དེ་ལས་ལྡོག་སྟེ་བོད་མི་དེ་དག་གིས་རྒྱ་ནག་མི་མང་དང་ལྷན་གྲོགས་པོའི་འདུ་ཤེས་འཛིན་བཞིན་ཡོད། ང་རང་ཐེངས་འདིར་བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་ ༥༦ ཐོག་སྐུ་མགྲོན་དུ་བཅར་རྒྱུ་བྱུང་བ་ཧ་ཅང་དགའ་པོ་བྱུང་། ཉིན་མོ་དེ་ནི་བོད་མི་ཚོས་ཞི་བའི་སྒེར་ལངས་བྱས་པའི་ཉིན་མོ་དེར་དྲན་གསོ་ཞུ་རྒྱུའི་ཉིན་མོ་ཞིག་ཡིན།
བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར། ཞེས་པའི་ཡིག་ཆ་དེ་གཞི་རྩར་བཞག་པའི་ཐོག་ནས་བོད་ཀྱི་གནད་དོན་དེ་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱུ་རྒྱུ་ནི་གཞི་རྩའི་ཆ་ནས་ཧ་ཅང་ཡག་པོ་ཞིག་མཐོང་གི་འདུག དེར་བརྟེན་ངས་འབྲེལ་ཡོད་རྒྱ་ནག་དཔོན་རིགས་ཚོས་གུ་ཡངས་ཐོག་ནས་བོད་མི་ཚོ་དང་ལྷན་གྲོས་མོལ་གནང་དགོས་པའི་རེ་འདུན་ཞུ་རྒྱུ་མ་ཟད། བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་ལྷན་འབྱུང་འགྱུར་བོད་མིའི་གནད་དོན་ཐོག་གྲོས་མོལ་གནང་རྒྱུ་དང་། དེ་ནི་བོད་མི་ཙམ་མ་ཟད། གལ་ཏེ་བོད་མི་ཚོར་མང་གཙོའི་ལམ་ལུགས་གཞི་རྩར་བཞག་པའི་ཐོག་ནས་དོན་དམ་གྱི་རང་སྐྱོང་གནས་བབ་ཞིག་ཐོབ་པ་ཡིན་ན། རྒྱ་ནག་ལའང་ཁེ་ཕན་ཡོད་པ་མ་ཟད། རྒྱ་ནག་གི་རྩ་ཁྲིམས་ནང་དུའང་དེ་ལྟར་རང་སྐྱོང་གི་ཐོབ་ཐང་རྩོད་རྒྱུའི་ཐོབ་ཐང་ཡོད། ང་རང་བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ནམ་བྱུང་སྐབས་ཁོང་གིས་ངོས་རང་ལ་བོད་མིའི་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ཧ་ཅང་གསལ་པོ་བཀའ་གནང་མཛད་ཀྱི་ཡོད་པ་མ་ཟད། དེ་ལྟར་རང་སྐྱོང་ཚད་ལྡན་ཞིག་བྱུང་བ་ཡིན་ན། བོད་མི་ཚོས་རང་གི་ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡུག ཤེས་ཡོན་སོགས་སྲུང་སྐྱོབ་ཐུབ་རྒྱུ་ཡིན། དེར་བརྟེན་རྒྱ་ནག་གི་རྩ་ཁྲིམས་ཀྱི་དོན་ཚན་གཞིར་བཟུང་ཐོག་བོད་མི་ཚོར་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་སྤྲོད་ཆེད་ངེས་པར་དུ་བསམ་བློ་ཤུགས་ཆེ་གཏོང་དགོས། བོད་ཀྱི་ཁོར་ཡུག་ནི་ཧ་ཅང་གལ་ཆེན་པོ་ཡིན། བོད་ཀྱི་འཁྱག་རོམ་བཞུ་ནས་མེད་པ་ཆགས་སོང་ན་ཁྱིམ་མཚེས་རྒྱལ་ཁབ་གཙོ་བོར་གྱུར་བའི་འཛམ་གླིང་ཡུལ་གྲུ་མང་པོ་ཞིག་ལ་ཧ་ཅང་དཀའ་ངལ་འཕྲད་ངེས་རེད། ཅེས་སོགས་ཀྱི་གསུང་བཤད་གནང་བསྟུན་གསར་འགོད་པའི་དྲི་བ་རྣམས་ལ་ལན་འདེབས་ཀྱང་གནང་ཡོད་པ་བཅས།།
༼བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ནས་དྲངས།༽
ཧ་ཧ་གད་མོ་ཤོར་སོང་། མི་ལོ་ལྔ་བཅུ་ང་ལྔ་གཏམ་བཤད་བཀའ་སློབ་དང་རྒྱབ་སྐྱོར་ཡོད་ཟེར་ནས་དུས་ཚོད་རྫོགས་པ་རེད་། རྒྱ་ནག་ལ་འབོད་བསྐུལ་བྱས་ནས་དོན་དག་འགྲུབ་ཀྱི་ཡོད་ན་དུས་སྔ་མོོ་ནས་བོད་དོན་འགྲུབ་ཡོད་རེད་། བོད་ཀྱི་ས་ཆ་དང་བོད་མི་རིགས་བོད་ཀྱིི་ལུང་པའི་བདག་དབང་ཚང་མ་། རྒྱ་ལ་སྤྲད་ཚར་ནས་ད་ག་རེ་འབོད་བསྐུལ་བྱ་རྒྱ་ལྷག་ཡོད་རེད།ཧ་ཧ་