མི་གསོན་པོ།
རྒྱལ་དབང་ཀརྨ་པའི་ཐེབས་རྩ་ཁང་གིས་གོ་སྒྲིག་དང་ཞབས་ཞུས་གནང་བ་ལྟར་གངས་ཅན་བོད་ཀྱི་བླ་ཆེན་དང་རྒྱལ་བ་བཀའ་བརྒྱུད་པའི་བསྟན་པའི་བདག་པོ༧དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་སྐུ་འཁོར་ལྷན་རྒྱས་ཨ་རི་གྲོང་ཁྱེར་སན་ཧྥི་རན་སི་སི་ཁོའི་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་སྐབས་ས་གནས་ཀྱི་བོད་མི་དང་། ཆོས་སྡེ་ཁག་གི་དགེ་འདུན་པ། དེ་བཞིན་རྒྱལ་བ་བཀའ་བརྒྱུད་པའི་དད་སྦྱིན་སློབ་ཚོགས་བརྒྱ་ཕྲག་དུ་མས་ཐབས་ཤེས་ཟུང་གི་མཚོན་དོན་ལྡན་པའི་བཀའ་བརྒྱུད་ཀྱི་དར་ཆ་དང་། མེ་ཏོག་དང་དར་མཚོན་སོགས་སྣ་ཚོགས་མཆོད་སྤྲིན་གྱི་ཡོ་བྱད་ལག་ཏུ་ཐོགས་ཤིང་ཀརྨ་པ་མཁྱེན་ནོ་ཞེས་པའི་གདངས་དབྱངས་སྙན་པོས་ཕེབས་བསུའི་གོ་སྒྲིག་ཡིད་དུ་འོང་ལ་དྭངས་བ་འདྲེན་པའི་ཁྲོད་དུ་མཚན་དཔེའི་གཟི་བྱིན་ཉི་མ་འབུམ་གྱི་གཟི་མདངས་ལྡན་པའི་༧དཔལ་རྒྱལ་བའི་དབང་པོ་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་དབང་གི་རྡོ་རྗེ་མཆོག་ཆིབས་བསྒྱུར་བསྐྱངས་གནང་སོང་།
ཕེབས་བསུ་ཁྲོད་དུ་ཡོད་པའི་རྗེ་གོང་མའི་ཞལ་སློབ་རྗོན་ཁེ་རེལ་ལ་ཚོར་སྣང་ཇི་བྱུང་གི་སྐད་ཆ་དྲིས་པས། ལོ་ངོ་སུམ་ཅུ་ལྷག་ཙམ་བརྒལ་ཟིན་པའི་དུས་དེར་༧རྒྱལ་མཆོག་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེ་མཆོག་ཆོས་རྒྱལ་དྲུང་པ་རིན་པོ་ཆེས་ཇི་ལྟར་གསོལ་བ་བཏབས་པ་ལྟར་གནས་འདིར་ཞབས་སོར་བཀོད་པའི་ངོ་མཚར་གྱི་རྣམ་པ་དེ་སླར་ཡང་དེ་རིང་མཇལ་སོང་བ་འདི་ནི་”ནུབ་ཕྱོགས་མུན་པའི་གླིང་དུ་ཤེས་རབ་ཀྱི་འོད་སྣང་སྦར་ཞིང་ཞི་བདེ་ཡི་དཔལ་ཡོན་འདྲེན་པའི་ཉི་མ་ཞིག་དེ་རིང་ཤར་བ་ཡིན་”ཞེས་༧རྗེ་གོང་མ་བཅུ་དྲུག་པ་ཕེབས་སྐབས་དྲུང་པ་རིན་པོ་ཆེས་གསུངས་པ་དེ་ཉིད་ཡང་བསྐྱར་དེ་རིང་དྲན་ལམ་དུ་འཁོར་སོང་། ༧རྒྱལ་མཆོག་བཅུ་བདུན་པ་འདི་ཉིད་ཐུགས་དགོངས་ཉམས་རྟོགས་ཀྱི་ཆ་ནས་༧རྗེ་གོང་མ་དང་ངོ་བོ་དབྱེར་མེད་ལོས་ཡིན་ཀྱང་མཚན་དཔེའི་ཞལ་རས་ཀྱི་ཆ་ནས་ཧ་ཅང་འདྲ་བར་བརྟེན་དབང་མེད་དུ་མིག་ཆུ་ཤོར་སོང་། ང་མ་ཤི་ཚེ་རིང་བསྡད་པའི་དོན་གོ་ཆོད་སོང་སྙམ་ནས་སེམས་པ་དགའ་སྤྲོས་ཁེངས་ཡོད། རྒྱུ་མཚན་དེས་ངས་རང་ཉིད་དང་ཨ་རིའི་མི་མང་གི་ཆེད་དུ་༧དཔལ་རྒྱལ་དབང་ཀརྨ་པ་གདན་འདྲེན་གོ་སྒྲིག་ཞུ་མཁན་ཡོངས་ལ་ཐུགས་རྗེ་དང་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན་ཞེས་ལབ་སོང་།
བོད་རིགས་ཕེབས་བསུ་བཅར་མཁན་ཚེ་རིང་ལགས་ལ་བཀའ་འདྲི་ཞུས་པས། ཁོང་གིས་༧དཔལ་རྒྱལ་དབང་ཀརྨ་པ་ནི་བོད་ཀྱི་བླ་ཆེན་ཞིག་ཡིན་པ་ཙམ་དུ་མ་ཟད། རྒྱ་ནག་སྲིད་གཞུང་གིས་གོ་ཐོབ་མཐོན་པོ་ཇི་ཙམ་ཕུལ་ཀྱང་བོད་མི་རིགས་ལ་ཐུགས་བརྩེ་དང་ལ་ཞེན་ཆེན་པོས་བཙན་བྱོལ་དུ་ཕེབས་ཏེ་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོས་ཕྱག་ལག་གཡས་པ་དང་སྤྱན་མིག་གཡོན་པ་ལྟ་བུའི་ཕྱག་རོགས་གནང་མཁན་ཡིན་སྟབས་ཁོང་གི་བཀའ་དྲིན་ང་ཚོ་བོད་མི་ཡོངས་ཀྱི་བརྗེད་མི་སྲིད་པ་ཞིག་རེད། ང་རང་ཆོས་བརྒྱུད་བཀའ་བརྒྱུད་པ་ཞིག་མིན་ཀྱང་ཁོང་ནི་ཆེས་སེམས་ནས་དད་འདུན་དང་གུས་བཀུར་ཞུ་ཡུལ་དེ་ཡིན་པས་དེ་རིང་ཕེབས་བསུ་རུ་བཅར་བ་ཡིན་ཟེར།
ཕེབས་བསུ་བཅར་མཁན་ཁྲོད་དུ་རྒྱ་རིགས་སློབ་མ་ཧ་ཅང་མང་སྟབས་ཁྲ་རི་སན་ལ་ཕེབས་བསུའི་ཐད་དུ་ཚོར་སྣང་ཇི་བྱུང་ཞུས་པས་ངས་༧རྒྱལ་དབང་ཀརྨ་པ་ཐེངས་མང་པོ་མཇལ་མྱོང་ཀྱང་ངའི་ནང་མི་མང་པོས་ཁོང་མཇལ་ཐུབ་ཡོད་མ་རེད། དེ་རིང་ང་ཚོ་ཚང་མ་མཉམ་དུ་མཇལ་ཐུབ་པར་བྱུང་བས་ང་ཧ་ཅང་དགའ་བོ་བྱུང་ཟེར། གནམ་ཐང་ནས་ཕེབས་བསུ་གྲུབ་ཏེ་ད་ལན་གདན་ཞུ་བྱེད་མཁན་གཙོ་བོ་གཙུག་ལག་སློབ་ཆེན་སི་ཊན་ཧྥོར་ཌི་ཉེ་འགྲམ་དུ་ཡོད་པའི་རོ་སི་ཧིལ་མགྲོན་ཁང་དུ་ཆོས་ཚོགས་ཁག་གི་སྐུ་ཚབ་རྣམས་ཀྱིས་མནྜལ་རྟེན་གསུམ་འདེགས་འབུལ་དང་འབྲེལ་ཕེབས་བསུ་ཟབ་རྒྱས་ཞུས་པ་དང་། གཙུག་ལག་སློབ་གྲྭ་ཆེན་མོ་སི་ཊན་ཧྥོར་ཌི་སློབ་གཙོ་དང་ཀརྨ་པ་ཐེབས་རྩ་ཁང་གི་ཚོགས་གཙོ་སོགས་ཀྱིས་༧དཔལ་རྒྱལ་དབང་ཀརྨ་པ་ཆིབས་བསྒྱུར་གནང་ཐུབ་པར་དགའ་བསུ་དང་ཐུགས་རྗེ་ཆེ་ཞུས་ཀྱི་གཏམ་བཤད་ཡང་གནང་སོང་།
ཀརྨ་པ་ཐེབས་རྩ་ཁང་གི་མཛད་རིམ་གོ་སྒྲིག་བྱེད་མཁན་ཆུང་རྒྱལ་བདེ་སྐྱིད་ཀྱིས་མཛད་རིམ་ཁག་སྙན་བསྒྲོན་ཞུས་པ་ལས་གསལ་བ་ལྟར་ན་༧དཔལ་རྒྱལ་བ་ཀརྨ་པས་སློབ་གྲྭ་ཆེན་མོ་ཁག་དྲུག་གི་ནང་དུ་བཀའ་སློབ་ལམ་སྟོན་གནང་རྒྱུ་ལས་འདི་ཟླའི་ཚེས་བཅུ་བདུན་ཉིན་ཨ་རི་གཙུག་ལག་སློབ་ཆེན་སི་ཊན་ཧྥོར་ཌི་ནང་དུ་སྙིང་རྗེ་དང་འབྲེལ་བའི་འཕྲུལ་ཆས་དང་ཁོར་ཡུག་བེད་སྤྱོད་བྱེད་ཚུལ་གྱི་བཀའ་སློབ་གནང་རྒྱུ་དང་སྐབས་དེར་མི་གྲངས་ཆིག་སྟོང་བདུན་བརྒྱ་ཙམ་མཉམ་ཞུགས་བྱེད་ཆོག་པ་ལས་ཞབས་སྟེགས་ཡོངས་རྫོགས་ཁེངས་ཚར་ནས་མི་མང་པོས་ལག་ཁྱེར་ཐོབ་མི་འདུག
ད་ལན་གཙུག་ལག་སློབ་ཆེན་ཁག་གིས་༧དཔལ་རྒྱལ་དབང་ཀརྨ་པ་ལ་མཁས་དབང་གི་མཚན་གནས་ཕྱག་ཁྱེར་དང་ཆེ་མཐོང་ཁག་གསུམ་འབུལ་གཏན་ཁེལ་འདུག དེ་ནི་དགུང་ལོ་ཆེས་གཞོན་པ་ཞིག་ལ་ཧ་ཅང་མཚན་སྙན་ཆེ་བའི་གཙུག་ལག་སློབ་ཆེན་གྱིས་མཁས་དབང་གི་ཆེ་མཐོང་དང་ཕྱག་ཁྱེར་ཐོབ་པ་ནི་ངོ་མ་གཟི་བརྗིད་ལྡན་པའི་བྱུང་བ་ཞིག་ལོས་ཡིན།
༧རྒྱལ་བ་ཀརྨ་པས་ཁོ་རང་ཉིད་ལ་དམིགས་བསལ་གྱི་འཇོན་ནུས་གང་ཡང་མེད་ཀྱང་མི་མང་པོས་རེ་བ་དང་ཡིད་ཆེས་ལ་ཆུད་ཟོས་སུ་མ་སོང་བ་གང་ཐུབ་ཀྱིས་ལས་རིམ་རྣམས་ཡག་པོ་ཡོང་བའི་རེ་བ་དང་སྨོན་ལམ་ཡོད་ཅེས་གསུངས་པ་མ་ཟད་ད་ལན་གྱི་མཛད་རིམ་འདི་ལ་དགོངས་ཁྲོལ་གནང་མཁན་གྱི་རྒྱ་གར་གཞུང་དང་འབྲེལ་ཡོད་ཀྱི་རྒྱབ་སྐྱོར་དང་རོགས་རམ་བྱེད་མཁན་ཡོངས་ཐུགས་རྗེ་ཆེ་ཞེས་གསུངས་གནང་སོང་། འཇུག་ཏུ་བོད་རིགས་རྣམས་ཀྱིས་གཙོས་པའི་སྐུ་མགྲོན་དང་མི་མང་ཡོངས་ལ་མཇལ་ཁ་གནང་སྟེ་མཛད་རིམ་ལེགས་གྲུབ་བྱུང་སོང་།
མི་གསོན་པོས་གྲོང་ཁྱེར་སན་ཧྥི་རན་སི་སི་ཁོ་ནས་བྲིས། མཛད་རིམ་གཞན་རྣམས་རིམ་བཞིན་མུ་འགོད་ཞུ་རྒྱུ་བཅས།། །།
བཅོམ་ལྡན་གནས་དེར་བྱོན་པ་ལེགས།
དད་ལྡན་མི་རྣམས་བསོད་ནམས་ཆེ།
ཇི་ལྟརའཚམས་པའི་སྐྱེ་དགུ་ལ།
ཆོས་ཀྱི་ཆར་པ་དབབ་ཏུ་གསོལ།།
་
མི་གསོན་པོ་མཆོག་གིས་ཡོངས་གྲགས་ཀྱི་མ་དག་རྒྱུན་འབྱམས་སུ་ཡོད་པ་ཁག་མ་གཏོགས་ཡི་གེ་ཤིན་ཏུ་ནས་དག་པར་བྲིས་པ་དེ་ཡིད་ལ་དྭང་བ་འདྲེན་པ་ཞིག་ཏུ་མཆིས། ལྷག་པར་དུས་རྒྱུན་གྱི་མ་དག་རྒྱུན་འབྱམས་སུ་ཡོད་པ། ད་ལམ་ལ་ད་ལན་བྲིས་པས་བོད་ཡིག་དག་ཆ་འདོད་པ་རྣམས་ལ་དགའ་བའི་ལེགས་སྐྱེས་བྱིན་ཏོ།
“ད་ལན་གཙུག་ལག་སློབ་ཆེན་ཁག་གིས་༧དཔལ་རྒྱལ་དབང་ཀརྨ་པ་ལ་མཁས་དབང་གི་མཚན་གནས་ཕྱག་ཁྱེར་དང་ཆེ་མཐོང་ཁག་གསུམ་འབུལ་གཏན་ཁེལ་འདུག”
ནུབ་ཕྱོགས་མུན་པའི་གླིང་ཟེར་ན་ག་པ་རེད་།
ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་།
“ནུབ་ཕྱོགས་མུན་པའི་གླིང་” མྱིག་ལ་མི་འགྲོ་བའི་ཡི་གེ་འདིས། མི་གསོན་པོ་འདི། འཇིག་རྟེན་ཁམས་ན་ཡོད་ནི་ཞིག། གྲངས་ཀྱི་གྲལ་ན་མེད་ནི་ཞིག་ཡིན་པ་ཤེས་སོང་། ཡིན་ན་ཡང་། སྦྲང་དཀར་རྩ་གཟན་གཅིག་པ་ཡིན་པས། སེམས་དཀར་ཁ་ཏ་ལ་ཉན་ཤེས་ནི་ཞིག་ཡིན་ན། རྗེས་ཕྱོགས་སུ། རྩམ་པ་བལྡད་ནས་མྱིད། སྐད་ཆ་བསམ་ནས་ཤོད།
རྒྱལ་བ་བཀའ་བརྒྱུད་པའི་བསྟན་པའི་བདག་པོ་ཞེས་པ་ནོར། ཀམ་ཚང་སི་ཏུ་ཚང་གི་བསྟན་པའི་བདག་པོ་ལ་བཅོས། ནུབ་ཕྱོགས་པའི་གླིང་ཞེས་པ་ནོར། ནུབ་ཕྱོགས་ཡར་མཐོན་ཚན་རྩལ་རིག་པའི་གླིང་ལ་བཅོས། ང་དུང་མང་པོ་ནོར་བར་མང་པོ་བཅོད་ན་བཟང་།
“ཀརྨ་བཀའ་བརྒྱུད་ཀྱི་བསྟན་པའི་བདག་པོ།” རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཛད་ཕྲིན་རྒྱས་པ་ལ་དགའ་བསུ་ཡོད།xxxxx
ཕྱི་ཡི་ཁྲ་ཁྲ་ཟིང་ཟིང་ལས་ཅི་ཡང་མི་དགོས་མཁན་ཞིག་ཡིན་ན་ནུབ་ཕྱོགས་བདེ་ཅན་ཞིང་རེད། ནང་སེམས་ཀྱི་བདེ་སྐྱིད་འདོད་མཁན་ཞིག་ཡིན་ན་ནུབ་ཕྱོགས་མུན་པའི་གླིང་རེད། གང་ལྟར་དཔལ་རྒྱལ་བ་ཀརྨ་པ་མཆོག་མཛད་འཕྲིན་རྒྱས་པར་ཧ་ཅང་དགའ་པོ་བྱུང་།
ནུབ་ཕྱོགས་མུང་གླིང་ཟེར་བ་ནི། སངས་རྒྱས་ཀྱི་བསྟན་པའི་ཉི་མ་ཤར་མེད་སར་གོ དེའང་བདེན་ཏེ། ཀརྨ་སྐུ་གོང་མ་ནུབ་ཕྱོགས་ཨ་རིར་ཐོག་མར་༸ཞབས་ཀྱིས་བཅག་དུས། ནང་ཆོས་དེ་ཙམ་དར་མེད་པས་མུན་གླིང་ཅེས་སྦྱར་འོས།
གཞན་ཡང་། མཆན་འདེབས་པོ་ལར་ནས་རང་གིས་ཡི་གེ་མ་དག་བཞིན་དུ། གཞན་གྱི་ཡེ་གེ་བཅོས་ཁུལ་བྱས་འདུག་པས། རང་གིས་མཆན་བལྟ་ཡག་གྱིས།
བཀུར་འོོས་དགེན་ལ་དྭགས་འཇམ་དཔལ་ལགས་ཀྱིས་བསྟོད་བསྔགས་གནང་བར་བཀའ་དྲིན་ཆེ། དྲ་གྲོགས་ཁ་ཤས་ཀྱིས་ནུབ་ཕྱོགས་མུན་གླིང་བརྗོད་པ་མི་འགྲིག་ཚུལ་མང་པོ་གསུངས་འདུག འོན་ཏེ་འདི་ནི་ཆོས་རྒྱམ་དྲུང་པས་གསུངས་པ་ཞིག་ཁོང་གིས་སློབ་མས་རྗེས་ཟློས་གནང་བ་ཙམ་ལས་ངས་བཤད་པ་ཞིག་མིན། སྤྱིར་ཆོས་ཚིགས་ཀྱི་ཡུལ་དབུས་དང་མཐའ་འཁོབ་བརྩི་ཚུལ་དང་བསྟུན་ན་མུན་གླིང་ཞེས་བརྗོད་པ་འདིའང་མི་འགྲིག་རྒྱུ་མེད་སྙམ།
དགེན་་་་་་་དགེན་་་་་
ནུབ་ཕྱོགས་མུན་པའི་གླིང་མ་ཡིན་ཏེ། ཕཱེ་རྒན་དང་ཡེ་ཤུའི་ཆོས་ཀྱི་ཉི་མ་སྔོན་ནས་ཤར་ཟིན་པའི་ཕྱིར། ཕཱེ་རྒན་དང་ཡེ་ཤུའི་ཆོས་ཀྱི་ཉི་མ་སྔོན་ནས་ཕྱོགས་ཡོངས་ལ་ཤར་ཟིན་པ་ཡིན་ན་ལས། ད་དུང་མུན་པའི་གླིང་ཡིན་པར་འདོད་ན། འཛམ་གླིང་ཆོས་ལུགས་ཀྱི་མཐུན་ལམ་ལ་བརྩི་བཀུར་མ་ཞུས་པའི་ནང་རྟགས་ཕྱིར་བསྟན་པ་མ་ཡིན་ནམ། །
ཨ་མེ་རི་ཀ་ལྟ་བུར་ཆ་མཚོན་ན། ནུབ་ཕྱོགས་མུན་པའི་གླིང་མ་ཡིན་ཏེ། ཨ་རིའི་གདོད་མའི་མི་རིགས་ཀྱི་ཆོས་ལུགས་དང་དེ་བཞིན་ཕཱེ་རྒན་དང་ཡེ་ཤུའི་ཆོས་ཀྱི་ཉི་མ་སྔོན་ནས་ཤར་ཟིན་པའི་ཕྱིར། ཨ་རིའི་གདོད་མའི་མི་རིགས་ཀྱི་ཆོས་ལུགས་དང་ཕཱེ་རྒན་དང་ཡེ་ཤུའི་ཆོས་ཀྱི་ཉི་མ་སྔོན་ནས་ཕྱོགས་ཡོངས་ལ་ཤར་ཟིན་པ་ཡིན་ན་ལས། ད་དུང་མུན་པའི་གླིང་ཡིན་པར་འདོད་ན། འཛམ་གླིང་ཆོས་ལུགས་ཀྱི་མཐུན་ལམ་ལ་བརྩི་བཀུར་རྩ་བ་ནས་མ་ཞུས་པའི་ནང་རྟགས་ཕྱིར་བསྟན་པ་མ་ཡིན་ནམ། །
ཨ་རིའི་ལྟ་བུ་ལ་ཚ་བཞག་ན། ཆོས་ལུགས་རང་དབང་ཟེར་བ་དེ་སྟོན་པ་ཤཱཀྱའི་གསུང་གི་ནང་དོན་ངོ་མ་ཞིག་ལག་ལེན་གནང་བཞིན་འདུགབོད་རྒྱུད་བན་བོན་སོགས་གྲུབ་མཐའ་འཛིན་པ་ང་ཅག ཆགས་སྡང་དང་སྒེར་གཅོད་ལ་གོམས་པ་ངང་གིས་འཇུག་བཞིན་བའི་འབྲས་རྟགས་ལ། རང་ལྟ་མཆོག་འཛིན་མངོན་དུ་གྱུར་ནས་ཨ་རི་ལ་མུན་པའི་གླིང་ནུས་པ་དང་། རང་གི་སྟོབས་དང་ལྷག་བསམ་སྲིན་བུ་མེ་འཁྱེར་གི་འོད་ཀྱིས་གླིང་གཞིའི་མུན་པ་གསལ་བའི་ང་རྒྱལ་ལ་འདི་ལ་བསམ་ན་ངུ་དགོས་པའི་ཚོད་དུ་སྣང་།
ཨ་རིའི་ལྟ་བུ་ལ་ཆ་བཞག་ན། ཆོས་ལུགས་རང་དབང་ཟེར་བ་དེ་སྟོན་པ་ཤཱཀྱའི་གསུང་གི་ནང་དོན་ངོ་མ་ཞིག་ལག་ལེན་གནང་བཞིན་འདུག བོད་རྒྱུད་བན་བོན་སོགས་གྲུབ་མཐའ་འཛིན་པ་ང་ཅག ཆགས་སྡང་དང་སྒེར་གཅོད་ལ་གོམས་པ་ངང་གིས་འཇུག་བཞིན་བའི་འབྲས་རྟགས་ལ། རང་ལྟ་མཆོག་འཛིན་མངོན་དུ་གྱུར་ནས། ཨ་རི་ལ་མུན་པའི་གླིང་ཟེར་ནས། རང་གི་སྟོབས་དང་ལྷག་བསམ་སྲིན་བུ་མེ་ཁྱེར་གི་འོད་ལྟ་བུ་དེས། གླིང་བཞིའི་མུན་པ་སེལ་སྙམས་པའི་ང་རྒྱལ་ལ་འདི་ལ་བསམ་ན། ངུ་དགོས་པའི་ཚོད་དུ་སྣང་།
ཨ་རི་མུན་གླིང་ཟེར་བ་ངོ་མ་རེད། བྱིས་པ་ཀླད་མེད་བསྟན་དཀྲུག་གི་ཏེ་བོ་ཞིག་ལ་མཁས་དབང་གི་ལག་རྟགས་སྤྲད་པ་དེ་སྤྱང་ཀི་ལ་རྣ་དར་རྐུན་མ་དཔའ་དར་སྦྱིན་པའི་ཁྱབ་བསྒྲགས་འདི་ནི་སློབ་སྦྱོང་མཁན་ཡོངས་ཀྱི་ཐོབ་ཐང་ལ་རྡོལ་རོལ་དུ་གཏོང་བ་ཞིག་རེད། xxxx
ཀརྨ་པ་ཡི་སྐུ་ཚེ་ཡུན་བརྟན་ཤོག །
སི་ཏུའི་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་ལ།
་
འཆི་མེད་རྩ་གསུམ་འདུས་ཞལ་ཨོ་རྒྱན་རྗེ། །
ཐུགས་རྗེ་འགྲོ་འདུལ་ཕྲིན་ལས་གར་བསྒྱུར་བ། །
རྡོ་རྗེ་འཆང་དབང་སྐྱབས་མགོན་ཀརྨ་པའི། །
ཞབས་པད་བརྟན་ཅིང་མཛད་ཕྲིན་རྒྱལ་གྱུར་ཅིག །
་
སྙིང་མའི་བླ་ཆེན་༸སྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེས།
གནམ་འོག་འདིར་ང་མིན་ན་སུ་ཡིན་སྙམ་པའི་རང་མཐོང་ཅན་གྱི་རང་རེའི་མཁས་པ་དེ་ཚོས། སངས་རྒྱས་ཆོས་ལུགས་མེད་ན་འཛམ་གླིང་འདི་ཚར་འགྲོ་ཚུལ་དང་། སངས་རྒྱས་ཆོས་ལུགས་ཀྱི་ནང་དུ་མ་འདུས་པའི་ཤེས་བྱ་སྣ་གཅིག་མེད་ཚུལ་དང་། ལྟ་ཚུལ་གསར་པ་དེ་རིགས་ལ་ར་མ་ཞིག་གི་རིན་བབ་ཀྱང་མེད་ཚུལ་སོགས་འར་འཇུན་དང་རྫིགས་གཏམ་ཁོ་ནས་ཞོགས་དུང་སོགས་ས་འོག་གི་འཇིག་རྟེན་དུ་བརྫངས་འགྲོ་ལ་ཁད་བྱེད་ཀྱིན་འདུག ཆོས་པ་དེ་ཚོས་རླབས་རྒྱག་རྒྱུ་མང་དྲགས་པའི་དབང་གིས། ཞོགས་དུང་སོགས་ཀྱིས་ཀྱང་རིགས་པའི་གཞུང་ལུགས་ཀྱི་ཐོག་ནས་བཤད་ན་སངས་རྒྱས་ཆོས་ལུགས་འདིར་ལྗིད་གོག་རབ་གཅིག་ཡོད་རྒྱུ་རེད་སྙམ་ནས་ཞེད་སྣང་ལངས་བཞིན་ཡོད་པ་འདྲ། དོན་དངོས་སུ་རིགས་པའི་ལམ་ནས་བརྟག་ན་ཡང་སངས་རྒྱས་ཆོས་ལུགས་འདི་ཆོས་པ་ཚོས་བཤད་པ་ནང་བཞིན་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་ཞིག་རྩ་བ་ནས་མ་རེད་ལ། རང་རེའི་མཁས་པ་རྣམ་པ་ནི་རིགས་ལམ་སྐམ་པོ་ཁོ་ནར་འདྲེས་ཤིང་འགྲོགས་ནས་འཚར་ལོངས་བྱུང་ཞིག་ཡིན་སྟབས། རིགས་ལམ་གྱི་ཐོག་ནས་ཡ་ལན་ནན་པོ་ཞིག་མ་འཕྲོད་ན་ཁོ་ཚོའི་རྒྱུད་ཀྱི་བླུན་སྤོབས་དེ་ནམ་ཡང་གཞོམ་མི་ཐུབ། དེ་བས་ད་རེས་ཁོ་བོས་སྲོལ་རྒྱུན་གྱི་རིགས་པའི་འགྲོ་སྟངས་དེ་རང་གཞིར་བཞག་གི་ཐོག་ནས་ཆོས་ལུགས་འདིའི་ནང་སྙིང་ཆ་ཚང་ཕྱི་རུ་བྲུས་པ་ཡིན་ལ། ད་དུང་དུས་ཇི་སྲིད་དུ་རང་རེའི་ཆོས་ལུགས་འདིས་སྒེར་གཅོད་ཀྱི་རང་གཤིས་ངན་པ་འདི་མ་བསྐྱུར་བ་དང་། རང་རེའི་ཆོས་པ་ཚོས་རང་ལྟ་མཆོག་འཛིན་གྱི་བསམ་བློ་རེངས་པོ་འདི་མ་དོར་བ་དང་། ༼༼ཆོས་ལུགས་ཀྱི་དད་མོས་དེ་མི་སྒེར་གྱི་གནད་དོན་ཞིག་ཏུ་མ་ཆགས་པའི་དུས་དེ་སྲིད་དུ། ༽༽ང་ཚོས་ང་ཚོའི་ཆོས་ལུགས་འདི་དགྲ་བོའི་དྭངས་མར་བརྩིས་ཏེ་ཡ་ང་སྙིང་རྗེ་མེད་པའི་སྒོ་ནས་དགག་རྒྱག་དང་འཐབ་རྩོད་བྱ་དགོས། དེ་ལ་བརྟེན་ནས་ཕྱོགས་ཞེན་ཅན་གྱི་ཆོས་པ་ཚོས་མ་དགའ་ནས་གས་སོང་ནའང་འདྲ། མ་སྐྱིད་ནས་ཤི་སོང་ནའང་འདྲ། ང་ཚོས་སེམས་གསོ་དང་གུ་ཡངས་གཏོང་ཚོད་མེད། ཕྱོགས་ཞེན་ཅན་གྱི་ཆོས་པ་ཚོས། ང་ཚོ་ལ་ལྟ་ལོག དམ་ཉམས། བསྟན་བཤིག་སོགས་ཀྱི་མིང་ངན་འདོགས་ཤིང་དམྱལ་བ་ཟངས་དམར་མའི་མཐིལ་དུ་འབྱར་འགྲོ་ཚུལ་སོགས་ཀྱི་འཇིགས་སྣང་སྐུལ་བཞིན་ཡོད་མོད། ང་ཚོས་མིང་ངན་འདི་དག་དགའ་བཞིན་དང་དུ་ལེན་འདོད་ཅིང་། དམྱལ་བ་ཟངས་དམར་མའི་མཐིལ་དུ་སྤྲོ་བཞིན་འགྲོ་བར་ཕོད། སྐད་ཆ་འདི་དག་གིས་ནུས་པ་མ་ཐོན་པ་ཤེས་རྗེས། ཁོ་ཚོས་དེང་སང་དམར་སྲུང་མི་སྣ་དང་། སྲིད་གཞུང་གི་རྒྱུག་ཁྱི། དངུལ་ལོའི་བྲན་གཡོག ཨ་མའི་ནུ་མ་འཆའ་མཁན་སོགས་དཔྱིད་ཉི་རིང་མོ་ལ་དྲན་མི་དགོས་སྟོན་གནམ་ཁྲ་མོ་ལ་རྨིས་ཀྱང་མ་མྱོང་བའི་ནག་ཉེས་དང་གླེང་ཕྱོགས་སྙིང་ལ་གྲི་ཡོག་པ་ལྟ་བུ་རེ་བཟོ་འོང་གི་འདུག ནག་ཉེས་དང་གླེང་ཕྱོགས་ཇི་ཙམ་མང་བ་དེ་ཙམ་གྱིས་ང་ཚོའི་འགྲོ་སྟངས་འདི་འགྲིག་བསྡད་ཡོད་པའི་དཔང་རྟགས་བསྟན་པ་ཡིན། རྒྱུ་མཚན་ནི་ང་ཚོས་མི་མ་བསད། རྟ་མ་བཅག བླ་མ་བཙོངས་ན་ཡང་དྲན་ཚུལ་ཁ་ནས་ཐལ་བ་ཙམ་གྱིས་ང་ཚོས་ནག་ཉེས་འདི་ཙམ་ཞིག་ཁུར་དགོས་བྱུང་བ་རེད། འདིས་ང་ཚོའི་སྤྱི་ཚོགས་ཀྱི་གནས་བབ་ནི་མ་རུང་པ་ཞིག་དང་། ང་ཚོས་མ་རུང་བའི་གནས་བབ་འདི་ལ་རྒོལ་འཛིང་བྱེད་པ་ནི་དོན་སྙིང་རི་བས་ཀྱང་ཆེ་ངེས་པའི་དངོས་ར་འཕྲོས་པ་ཡིན། ཆོས་ལུགས་ཀྱི་ལྟ་བ་ཏོག་ཙམ་མཐུན་མིན་བྱུང་ནས་འཕྲལ་ཁོ་ཚོས་མི་རིགས་ཀྱི་བརྩེ་སེམས་སྐྱག་པ་བསྐྱུར་བསྐྱུར་བྱས་ནས་ང་ཚོ་ཕྱིར་འབུད་གཏོང་ཐབས་བྱེད་ཀྱིན་འདུག འདིས་ཀྱང་དོན་དུ་སུ་ཞིག་གིས་མི་རིགས་དང་རྒྱལ་ཁབ་འཚོང་རྩིས་ཡོད་པ་ཤེས་ཐུབ། མདོར་བསྡུས་ནས་བཤད་ན་ད་སྔོན་ཁོ་ཚོས་བཙན་ཚོད་ཟིན་མ་སོང་བས་ད་རེས་བཙན་ཚོད་མེད་ས་ལ་བརྡབ་པ་རེད། རྒྱུ་མཚན་རྒྱུ་མཚན་ཟེར་མཁན་དེ་ཚོ་ད་ནི་རྒྱུ་མཚན་ལ་གཡོལ་ནས་མ་འདུག་ཅིག དགག་རྩོམ་འདི་ལ་ལན་མ་བྱུང་ན་ལན་མ་ཐེབས་པ་ལས་མ་བཏབ་པའི་གྲས་སུ་བརྩི་རྒྱུ་མིན། ཚིག་སྤུ་གཏོག་ལ་དགའ་བའི་དགེ་ལྡན་པ་ཚོས་ཚིག་སྐྱོན་ཐོངས། དོན་དམར་འཇུ་ལ་མཁས་པའི་རྙིང་མ་པ་ཚོས་དོན་སྐྱོན་ཚོལ། ཡུལ་ལ་དགྲ་བྱུང་ན་རྔ་འབྱར་ཁྱི་ཡིན་ནའང་ཟུག་དགོས་པས་འཆུགས་མི་ཉན། ལྷག་པར་དུ་བསྟན་པའི་ནང་སྙིང་དོན་དམ་སྟོང་ཉིད་ཀྱི་སྐོར་ནས་གླེང་དང་། ཁྱེད་ཚོས་ཕྱོགས་འདི་ནས་ཤོར་ན་ཤོར་བ་ཡིན་ལ། ང་རང་ཕྱོགས་འདི་ནས་སྐ་རགས་མི་བོར་བ་ཕོ་བ་ལ་ཡིད་ཆེས་ཡོད། ལོག་སྟོགས་སྙིང་སྟོབས་བརྒྱ་ཆའི་ལྔ་བཅུ་ཡན་ཆོད་ཚར་གཅོད་ཐུབ་མཁན་ཞིག་བྱུང་ཚེ། ངས་མི་ལོ་སུམ་ཅུ་ཁ་ལྷག་གི་རིང་ལ་རྩོམ་པ་མེད་ཅིག་ཟོས་པ་དེ་ཡོངས་རྫོགས་འཕྲོ་བརླག་ཏུ་སོང་བའི་གསལ་བསྒྲགས་སྤེལ་ངེས་ཡིན།།
ཚ་བ་མདའ་སྨྱུག།
ཚ་བ་མདའ་སྨྱུག
ཚ་བ་མདའ་སྨྱུག་ཚ་བ་མྱངས་མ་མྱོངས། །
ཚ་བ་མདའ་སྨྱུག་ནང་ཆོས་གོ་མ་མྱོངས། །
ཚ་བ་མདའ་སྨྱུག་ཚ་དམྱལ་འཇིགས་མ་མྱོངས། །
ཚ་བ་མདའ་སྨྱུག་ཤེས་མེད་ཚོར་མེད་ཤི། །
མའོ་ལྟ་བུའི་གདུག་རྩུབ་དང་། །
ང་ཕོད་ལྟ་བུའི་རྒྱལ་ཚོང་དང་། །
འབའ་ཕུན་ལྟ་བུའི་ལྟ་ལོག་སོགས། །
བོད་རིགས་ཀུན་ལ་མཁོ་དོན་མེད། །
ང་ཕོད་འབའ་ཕུན་ཆབས་སྲིད་དང་། །
འཇམ་ནོར་ལྷག་བསམ་རང་བཙན་དང་། །
མད་སྨྱུག་ལ་སོགས་ཆེད་རྩོམ་དག །
བོད་རིགས་སུ་ལའང་མཁོ་མི་སྲིད། །
རང་བཙན་རྩོད་ལ་ང་མི་སྡང་། །
དབུས་ལམ་རྩོད་ལ་ང་མི་སྡང་། །
དད་མེད་སྤྱོད་བཟང་ང་མི་སྡང་། །
ཆོས་གཞན་དད་ལའང་ང་མི་སྡང་། །
ཆོས་བྱས་པའི་འབྲས་བུ་དེ་རང་སེམས་ཐུལ་བ་ཞིག་དགོས་འདུག་ཀྱང་། ཆོས་ཀྱི་ཕྱིར་དུ་འཐབ་མོ། བསྟན་པ་ལ་བསྙད་ནས་འཁྲུག་རྩོད། གཞན་དོན་ཁག་བཞག་གི་བུན་སྐྱེད་སོགས་ཆོས་ནས་མི་རུང་གསུངས་པ་རྣམས་ཆོས་པ་ཕལ་ཆེར་གྱི་ལག་ལེན་གཙོ་བོར་བྱེད་བཞིན་གདའ།
དྲྭ་གྲོགས་ཚོ། གང་ཟག་སྒེར་པ་ཞིག་གིས་མ་འགྲིག་པ་བྱུང་ཚེ། ཐམས་ཅད་ལ་རྒྱུག་པ་ལེབ་བརྡུང་གནང་ན་མ་རུངས་པ་ཡིན།
རྒྱལ་བ་ཀརྨ་པའི་མཛད་འཕྲིན་རྒྱས་པར་ཤོག སྐྱེ་བ་སྔ་ཕྱི་ཁས་མི་ལེན་པའི་ཆོས་ལུགས་ཤིག་ཡོད་ཀྱང་མུན་པའི་གླིང་ཟེར་ན་མི་ཆོག་པ་ཇི་ཞིག་ཡོད། ཡུལ་གང་ཞིག་ན་ཐར་བ་ཐོབ་བྱེད་ཀྱི་ཆོས་རྣམ་དག་ཅིག་དར་མེད་ན་མུན་པའི་གླིང་རེད། །
ཀརྨ་པའི་མཛད་འཕྲིན་རྒྱས་པར་བཀྲ་ཤིས་བདེ་ལེགས་ཞུ། ཀརྨ་པ་རྣམ་གཉིས་ཐུགས་མཐུན་ཞིང་བོད་གྱི་སྤྲུལ་སྐུའི་རྩོད་པ་རྒྱུན་ཆད་པར་ཤོག །གོང་གསལ་༧བྱ་བྲལ་གསུང་ཟེར་བ་དེ་རྫུན་བཟོ་རེད་སྙམ། ཡིན་སྲིད་ཀྱང་ཀརྨ་པ་གཉིས་ཀ་ཁས་ལེན་པ་ལས་ཕྱོགས་གཅིག་ལ་ཞེན་མི་སྲིད། 93་ལོར་བལ་ཡུལ་རྙིང་མའི་མཐོ་སློབ་དུ་གསུང་པའི་སྒྲ་ཐག་ཏུ། ང་ཚོ་རྙིང་པ་འདུག་ཤེས་དགོས། ཀརྨའི་རྙོག་དྲའི་ནང་དུ་འཛུལ་མི་དགོས། དེ་ང་ཚོའི་ལས་ཀ་མ་རེད། མི་ཆེན་དེ་ཚོའི་བྱ་བ་རེད། རྙིང་མས་སྐུ་དྲག་འཁྲབ་ཤེས་རྒྱུ་མ་རེད། རང་བསྟན་ལ་ཐུགས་ཐུགས་ཁུར་ཀྱིས། གུ་རུ་རིན་པོ་ཆེ་ལ་བློ་གཏོད། མདོ་སྒྱུ་སེམས་གསུམ་ལ་ཐོས་བསམ་ཀྱིས། རྫོགས་པ་ཆེན་པོ་ལ་ཉམས་ལེན་ཀྱིས། ཕོ་ཁྱོ་ཀ་ཡོང་ན་འཇའ་ལུས་འཕོ་ཆེན་འགྲུབ་པ་གྱིས། མ་ཡོང་ཀྱང་སྐྱེ་འཆི་བར་དོ་གསུམ་ཉམས་འོག་ཏུ་ཆུད་པ་ཀྱིས། དུས་ངན་འདི་ལ་་བསྟན་པའི་བདག་པོ་དང་གུ་རུ་རིན་པོ་ཆེའི་སྐུ་པར་སྟོན་རྒྱུ་མེད་པར་ཀརྨ་པའི་པར་རེ་ཁུར་ནས་འདི་བདེན་རྫུན་ཅི་རེད་འདྲི་མཁན་མང་པོ་འདུག །ངས་ཀྃ་ཚང་ལ། ཀརྨ་བཅུ་དྲུག་པ་ལ་དད་པ་བྱེད་མཁན་ཡིན་ན་ཞྭ་དམར་དང་སི་ཏུ་གཉིས་ལ་ཡིད་ཆེས་ཀྱིས། དེ་གཉིས་ལྷ་ཡིན་ཡང་མཉམ། འདྲེ་ཡིན་ཡང་མཉམ། དེ་གཉིས་ཀྱི་ངོས་འཛིན་སྤྲུལ་སྐུ་ཡང་དེ་བཞིན་རེད་ཅེས་བཤད་ཡོད། ཅེས་གསུངས་འདུག དེས་ད་ལྟ་ཡང་བྱ་བྲལ་མ་ཤི་གསོན་པོར་ཡོད་པས་དོན་ཆེན་འདི་ལྟ་བུ་ལ་དངོས་སུ་རྙན་འཕྲིན་བརྒྱུད་ནས་གསུངས་ན་དོགས་པ་སེལ་ཐུབ། སུ་འདམ་དགོས་ཐག་ཆོད་པ་རེད། དེ་མ་ཡིན་པར་རིམ་པར་གསུང་པའི་བཀའ་རྣམས་ཡལ་བར་དོར་ནས་འབྱུང་ཁུངས་མི་ཤེས་པའི་ཡི་གེ་དེས་རྙིང་མ་ནང་དཀྲུགས་བྱས་པ་དང་གཉིས་སུ་མེད། 2000ལོ་མཇུག་ནས་བྱ་བྲལ་ཀྱི་སྲས་མོ་དང་། དམག་པ། མདུན་འདུག་སི་ཏུ་རིན་པོ་ཆེའི་ཕ་ཡུལ་གཅིག་པ་འཇང་མདའ་བ་སོགས་ཀྱིས་མགྲིན་ཚབ་བྱས་ནས་བྲིས་པའི་ཡི་གེ་དག་ལ་ཡིད་ནམ་ཡང་མི་ཆེས། རྐུན་མའི་རྒྱབ་རྩར་ཇག་པ་བཅོལ་བ་ཙམ་མོ། །
བཀྲ་ཤིས་བདེ་ལེགས
ཀམ་ཚང་གི་བདག་པོ་རྒྱལ་དབང་ཀརྨ་པ་རེད། བཀའ་བརྒྱུད་མང་ཆེ་བས་ཨུ་རྒྱན་འཕྲིན་ལས་ཁས་ལེན་བྱས། མི་གསོན་པོ་ལགས། རྒྱལ་བ་མ་རེད། ༧རྒྱལ་དབང་རེད། རྒྱལ་བ་ཟེར་ན་རྒྱལ་བ་རིན་པོ་ཆེ་དང་རྒྱལ་དབང་ཟེར་ན། རྒྱལ་བའི་དབང་པོ་སྟེ་རྒྱལ་བ་རིན་པོ་ཆེ་དང་མི་གཅིག ཆོས་མཆོག་ནས་རྒྱལ་བ་རིན་པོ་ཆེ་ལས་ལོ་རྒྱུས་རིང་བ་དང་། དེ་ལ་བརྟེན་ནས་རྒྱལ་བ་ལས་ཆོས་མཆོག་གི་མཛད་པ་རྒྱ་ཆེ་བ་བྱུང་ཡོད།
རྙིང་མའི་བྱ་བྲལ་དེ་ཡང་བྱ་བྲལ་གཅིག་རྩ་བ་ནས་མ་རེད། ཁོ་ལ་བཟའ་ཟླ་ག་ཤས་ཡོད་རེད། ཕྲུ་གུ་མི་ཉུང་བ་ཞིག་དང་། དེ་ཚོའི་མག་པ་དང་ཉོག དེ་བཞིན་དེ་དག་གི་ཁ་གསོ་བར་ཆབ་སྲིད་ཤ་སྟག་ཁྲབ་ནས་བསྡད་པ་རེད། ཚེ་སྟོད་རྒྱལ་བ་རིན་པོ་ཆེར་ཁ་གཏད་མ་ཆོག་པར་བསྡད་སོང་། ཚེ་དཀྱིལ་རྙིང་མ་ནང་ཁུལ་དཀྲུགས་ནས་བདུད་འཇོམས་རིན་པོ་ཆེའི་ཡང་སྲིད་ཀྱི་ཆབ་སྲིད་ཁྲབ་ནས། རྙིང་མ་ཕྱེད་བཤགས་བཏང་སོང་། ད་ཚེ་སྨད་ང་ཚོ་ཀམ་ཚང་གི་ནང་འཚངས་ནས་བཀའ་བརྒྱུད་དཀྲུགས་ཐབས་བྱ་མུས། བྱ་བྲལ་རེད་པས། མི་ཚོ་བྱ་བྲལ་ངོ་མ་ཚོར་བཟའ་ཟླ་ཕྲུ་གུ་མང་པོ་དང་། ཆབ་སྲིད་དང་སྤྲུལ་སྐུའི་བར་ལ་འཚང་མི་ཡོང་། བྱ་བྲལ་ངོ་མ་ཚོས་བུ་མོ་གང་བྱུང་ལ་ཕྲུ་གུ་མི་བཟོ་བ་གཏན་གཏན་རེད། དངོས་ཡོད་བཤད་ཀྱི་ཡོད།
ཕེབས་བསུར་བཅར་མཁན་སྐུ་ཞབས་ཚེ་རིང་ལགས་ལ་ཚོར་སྣང་ཅི་བྱུང་བཅར་འདྲི་བྱས་པས་ཁོང་གིས།
༧དཔལ་རྒྱལ་དབང་ཀརྨ་པ་ནི་བོད་ཀྱི་བླ་ཆེན་ཞིག་ཡིན་པ་ཙམ་དུ་མ་ཟད། རྒྱ་ནག་སྲིད་གཞུང་གིས་གོ་ཐོབ་མཐོན་པོ་ཇི་ཙམ་ཕུལ་ཀྱང་བོད་མི་རིགས་ལ་ཐུགས་བརྩེ་དང་ལ་ཞེན་ཆེན་པོས་བཙན་བྱོལ་དུ་ཕེབས་ཏེ་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོས་ཕྱག་ལག་གཡས་པ་དང་སྤྱན་མིག་གཡོན་པ་ལྟ་བུའི་ཕྱག་རོགས་གནང་མཁན་ཡིན་སྟབས་ཁོང་གི་བཀའ་དྲིན་ང་ཚོ་བོད་མི་ཡོངས་ཀྱི་བརྗེད་མི་སྲིད་པ་ཞིག་རེད། ང་རང་ཆོས་བརྒྱུད་བཀའ་བརྒྱུད་པ་ཞིག་མིན་ཀྱང་ཁོང་ནི་ཆེས་སེམས་ནས་དད་འདུན་དང་གུས་བཀུར་ཞུ་ཡུལ་དེ་ཡིན་པས་དེ་རིང་ཕེབས་བསུ་རུ་བཅར་བ་ཡིན་ཟེར།
ཕེབས་བསུ་ཁྲོད་དུ་ཡོད་པའི་རྗེ་གོང་མའི་ཞལ་སློབ་རྗོན་ཁེ་རེལ་ལ་ཚོར་སྣང་ཇི་བྱུང་གི་སྐད་ཆ་དྲིས་པས། ལོ་ངོ་སུམ་ཅུ་ལྷག་ཙམ་བརྒལ་ཟིན་པའི་དུས་དེར་༧རྒྱལ་མཆོག་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེ་མཆོག་ཆོས་རྒྱལ་དྲུང་པ་རིན་པོ་ཆེས་ཇི་ལྟར་གསོལ་བ་བཏབས་པ་ལྟར་གནས་འདིར་ཞབས་སོར་བཀོད་པའི་ངོ་མཚར་གྱི་རྣམ་པ་དེ་སླར་ཡང་དེ་རིང་མཇལ་སོང་བ་འདི་ནི་”ནུབ་ཕྱོགས་མུན་པའི་གླིང་དུ་ཤེས་རབ་ཀྱི་འོད་སྣང་སྦར་ཞིང་ཞི་བདེ་ཡི་དཔལ་ཡོན་འདྲེན་པའི་ཉི་མ་ཞིག་དེ་རིང་ཤར་བ་ཡིན་”ཞེས་༧རྗེ་གོང་མ་བཅུ་དྲུག་པ་ཕེབས་སྐབས་དྲུང་པ་རིན་པོ་ཆེས་གསུངས་པ་དེ་ཉིད་ཡང་བསྐྱར་དེ་རིང་དྲན་ལམ་དུ་འཁོར་སོང་། ༧རྒྱལ་མཆོག་བཅུ་བདུན་པ་འདི་ཉིད་ཐུགས་དགོངས་ཉམས་རྟོགས་ཀྱི་ཆ་ནས་༧རྗེ་གོང་མ་དང་ངོ་བོ་དབྱེར་མེད་ལོས་ཡིན་ཀྱང་མཚན་དཔེའི་ཞལ་རས་ཀྱི་ཆ་ནས་ཧ་ཅང་འདྲ་བར་བརྟེན་དབང་མེད་དུ་མིག་ཆུ་ཤོར་སོང་། ང་མ་ཤི་ཚེ་རིང་བསྡད་པའི་དོན་གོ་ཆོད་སོང་སྙམ་ནས་སེམས་པ་དགའ་སྤྲོས་ཁེངས་ཡོད། རྒྱུ་མཚན་དེས་ངས་རང་ཉིད་དང་ཨ་རིའི་མི་མང་གི་ཆེད་དུ་༧དཔལ་རྒྱལ་དབང་ཀརྨ་པ་གདན་འདྲེན་གོ་སྒྲིག་ཞུ་མཁན་ཡོངས་ལ་ཐུགས་རྗེ་དང་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན་ཞེས་ལབ་སོང་།
༧རྒྱལ་བ་ཀརྨ་པས་ཁོ་རང་ཉིད་ལ་དམིགས་བསལ་གྱི་འཇོན་ནུས་གང་ཡང་མེད་ཀྱང་མི་མང་པོས་རེ་བ་དང་ཡིད་ཆེས་ལ་ཆུད་ཟོས་སུ་མ་སོང་བ་གང་ཐུབ་ཀྱིས་ལས་རིམ་རྣམས་ཡག་པོ་ཡོང་བའི་རེ་བ་དང་སྨོན་ལམ་ཡོད་ཅེས་གསུངས་པ་མ་ཟད་ད་ལན་གྱི་མཛད་རིམ་འདི་ལ་དགོངས་ཁྲོལ་གནང་མཁན་གྱི་རྒྱ་གར་གཞུང་དང་འབྲེལ་ཡོད་ཀྱི་རྒྱབ་སྐྱོར་དང་རོགས་རམ་བྱེད་མཁན་ཡོངས་ཐུགས་རྗེ་ཆེ་ཞེས་གསུངས་གནང་སོང་།
རྒྱལ་བ་ཤཱཀ་ཐུབ་གུ་རུ་ཨོ་རྒྱན་རྗེ།།
ས་ཆེན་རྣམ་ལྔ་རྗེ་བཙུན་ཡབ་སྲས་གསུམ།།
སྒྲུབ་བརྒྱུད་གོང་མ་ཤིང་རྟ་ཉེར་ལྔ་སོགས།།
གཅིག་འདུས་ཡོངས་རྫོགས་བསྟན་པའི་བདག་པོ་རྒྱལ།།
མི་གསོན་པོར་ཐུགས་རྗེ་ཆེ་ཞུ།
སྒྲུང་ནི་སྒྲུང་རེད། སྒྲུང་ཡིན་ན་དངོས་ཡོད་མ་ཡིན་པས་ཁྱབ།
༧དཔལ་༧རྒྱལ་བ་ཀརྨ་པ་མཆོག་ནི་དུས་རབས་གསར་བའི་ནང་གི་བོད་མིའི་མགོན་སྐྱབས་གཅིག་བུར་འགྱུར་བའི་རེ་བ་ཡོད། ༧གོང་ས་མཆོག་གི་ཐུགས་ཀྱི་དགོངས་པ་ཟབ་མོས་ལེགས་པར་བསྐྱངས་པའི་རྗེས་འཛིན་པ་སྟེ། བོད་མི་རིགས་ཀྱི་རེ་བ་རྒྱག་ས་གཅིག་བུ་ཁོང་ཡིན། ཁོང་ཡང་༧གོང་ས་མཆོག་ནང་བཞིན་རིས་མེད་ཀྱི་བསྟན་པའི་བདག་པོ་ཞིག་ཆགས་ཐུབ་ན། ༧གོང་ས་མཆོག་གིས་འཛམ་གླིང་ལ་མཚན་སྙན་འབར་བའི་ལམ་ཁ་ཆ་ཚང་བསྟན་ཟིན།
དྲ་གྲོགས་ཁ་ཤས་ཤིག་གིས་ཆོས་ལུགས་དང་གྲུབ་མཐའི་འཐེན་འཁྱེར་གྱིས་ཀརྨ་པ་མཆོག་གི་མཚན་མཐོང་ལ་གནོད་གཞི་དག་གསུང་བ་ཡག་པོ་མ་རེད། འདི་འདྲའི་སྐབས་སུ་ཤིན་ཏུ་གཟབ་དགོས། ༧ ཀརྨ་པ་འདིས་མཁས་ཚུལ་བཞེས་པ་མ་ཟད། སྤྱོད་པ་རྣམ་པར་དག་པ་འདི་ལྟ་བུ་ནི་འུ་ཅག་གངས་ཅན་པ་རྣམས་ཀྱི་བསོད་ནམས་ཀྱིས་ཐེག་ན་དེ་རེད།
་་་་་་་་་་་་་་་་་་ ལོ་ངོ་སུམ་ཅུ་ལྷག་ཙམ་བརྒལ་ཟིན་པའི་དུས་དེར་༧རྒྱལ་མཆོག་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེ་མཆོག་ཆོས་རྒྱལ་དྲུང་པ་རིན་པོ་ཆེས་ཇི་ལྟར་གསོལ་བ་བཏབས་པ་ལྟར་གནས་འདིར་ཞབས་སོར་བཀོད་པའི་ངོ་མཚར་གྱི་རྣམ་པ་དེ་སླར་ཡང་།
དེ་རིང་མཇལ་སོང་བ་འདི་ནི་”ནུབ་ཕྱོགས་མུན་པའི་གླིང་དུ་ཤེས་རབ་ཀྱི་འོད་སྣང་སྦར་ཞིང་ཞི་བདེ་ཡི་དཔལ་ཡོན་འདྲེན་པའི་ཉི་མ་ཞིག་དེ་རིང་ཤར་བ་ཡིན་”ཞེས་༧རྗེ་གོང་མ་བཅུ་དྲུག་པ་ཕེབས་སྐབས་དྲུང་པ་རིན་པོ་ཆེས་གསུངས་པ་དེ་ཉིད་ཡང་བསྐྱར་དེ་རིང་དྲན་ལམ་དུ་འཁོར་སོང་།
༧རྒྱལ་མཆོག་བཅུ་བདུན་པ་འདི་ཉིད་ཐུགས་དགོངས་ཉམས་རྟོགས་ཀྱི་ཆ་ནས་༧རྗེ་གོང་མ་དང་ངོ་བོ་དབྱེར་མེད་ལོས་ཡིན་ཀྱང་མཚན་དཔེའི་ཞལ་རས་ཀྱི་ཆ་ནས་ཧ་ཅང་འདྲ་བར་བརྟེན་དབང་མེད་དུ་མིག་ཆུ་ཤོར་སོང་། ་་་་་་་་་་་་་་་་་་་་་་་