རྩོམ་པ་པོ། རྣོ་སྦྲེང་།
མདུན་རིའི་སྒང་ནས་བལྟས་ཚེ། རི་བོ་གླང་ཆེན་དང་འདྲ་བ་ཞིག་གི་འདབས་རོལ་ན་ཆགས་ཡོད་པའི་སྟག་ལུང་དགོན་པ་ནི། ཅི་འདྲའི་གནས་ཁམས་ཆེན་ཞིག་ལོས་ཡིན་སྙམ་པའི་ཚོར་བ་སྟེར། བྱམས་ཁང་དང་ཇོ་ཁང་། རྗེ་ལྷ་ཁང་སོགས་ཀྱི་དཀྱིལ་ན་ཀྲོང་ངེར་མངོན་པའི་ཚོགས་ཆེན་འདུ་ཁང་གི་ཆགས་དབྱིབས་དང་། ཚོགས་ཆེན་འདུ་ཁང་སྟེང་ན་སེར་ལམ་མེར་མངོན་པའི་གསེར་ཏོག་དང་རི་དྭགས་ཕོ་མོ་གཉིས་མིག་ལམ་ལ་གསལ་ལྷང་ངེར་མངོན་ཞིང་། གྲྭ་ཤག་བརྒྱ་ཕྲག་ལྷག་གིས་སྐར་ཚོགས་ཀྱིས་ཟླ་བ་བསྐོར་བ་ཇི་བཞིན་ཚོགས་ཆེན་འདུ་ཁང་དང་ལྷ་ཁང་ཆུང་བ་དེ་དག་གི་མཐའ་བརྒྱན་འདུག་ལ། སྐྱ་ལམ་མེར་ཡོད་པའི་བསྐོར་ལམ་གྱི་མཐའ་རུ་ད་དུང་མཆོད་རྟེན་ཞིག་ཀྱང་ཁེར་ཧྲེང་ཧྲེང་གིས་མངོན། གྲྭ་ཤག་དེ་ནི་རྗེ་ལྷ་ཁང་གི་ཉེ་འགྲམ་ན་ཡོད་དེ། མཐའ་བཞི་གྱང་ཆག་གིས་བསྐོར་ཞིང་མདུན་གྱི་གྱང་ངོས་སུ་སག་རྩི་དཀར་པོ་བྱུགས་ཡོད་ལ། ཤིང་སྒོ་ཡང་རྙིང་བ་ཞིག་སྟེ་གཡས་གཡོན་གྱི་སྣེ་གཉིས་སུ་སྣག་ཚ་བྱུགས་འདུག གྲྭ་ཤག་གི་ཁྱམས་རའི་ནང་རྡུལ་གྱིས་ཟིན་ཡོད་ཅིང་། སྒེའུ་ཁུང་གི་ཡར་བཞག་ཏུ་བསིལ་རླུང་གིས་དལ་བུར་གཡོ་བའི་དཀར་དམར་ཁྲ་གསུམ་གྱི་ཕུར་མ་ཡིས་གྲྭ་ཤག་གི་སྤྱིལ་བུ་ཧྲིལ་བོར་མཛེས་སྡུག་གཞན་ཞིག་བསྣན་ཡོད་ལ། དོན་དམ་དུ་པེ་ཅིན་དྲ་མ་ཡིན་མིན་གསལ་བོ་མི་ཤེས་ལ། དྲ་མ་དེ་བོད་ལ་ནང་འདྲེན་བྱེད་མཁན་ཐོག་མ་ཡང་སུ་ཡིན་མ་ཤེས་མོད། བུ་ག་མང་པོ་ཡོད་ཅིང་དཀྱིལ་དུ་ཤེལ་གྲུ་བཞི་མ་གྱེན་ལ་ཁྲེ་ཙི་གཅིག་ཡས་མས་དང་འཕྲེད་ལ་ཁྲི་ཚེ་གཉིས་ཙམ་ལོས་ཡོད་སྙམ་པ་ཞིག་གི་ངོས་སུ་དྲ་ཡོལ་རས་དམར་ཆུང་ཆུང་ཞིག་ཐུར་དུ་དཔྱངས་ཡོད་ལ། གོང་དུ་བུ་ག་མང་པོའི་དཀྱིལ་གཉིས་སུ་ཤེལ་གྲུ་བཞི་མ་ཆུང་ཆུང་རེ་ཡང་ཉམ་ཆུང་གིས་མངོན་འདུག
དྲ་མ་དེའི་བུ་ག་མང་པོ་ཤོག་དཀར་སྦྱར་ཡོད་ཅིང་། ཆེས་གཤམ་གྱི་བུ་ག་རེ་གཉིས་སྟེང་གི་ཤོག་དཀར་མ་རབས་སུ་ཞིག་གིས་ཕུག་པ་མི་ཤེས་མོད། དེས་ཀྱང་གྲྭ་ཤག་ནི་གྲྭ་ཤག་རེད་ཨང་སྙམ་པའི་ཚོར་བ་སྟེར་སྲིད།
དེ་ནི་དབྱར་གཞུང་ཞིག་སྟེ། ཉི་འོད་ཀྱིས་སྟག་ལུང་དགོན་པའི་གྲྭ་རྒན་དར་གཞོན་གསུམ་ཡོད་དོ་ཅོག་ལ་ཚ་བའི་སྡུག་བསྔལ་སྟེར་བཞིན་པའི་ཉིན་གུང་ཞིག་ལ། ཉི་ཐིག་གིས་འཚོས་པའི་གྲྭ་ཤག་གི་སྒེའུ་ཁུང་གི་གཤམ་དུ་ཀ་ཏོ་ར་དམར་ཁྲ་ཞིག་ཤིང་ཐུར་ཞིག་ལ་ཁེན་ཏེ་བཞག་ཡོད་ཅིང་། ཤིང་ཐུར་གྱི་སྣེ་མོར་ཐག་པ་ཞིག་བརྒྱུས་ནས་སྣེ་མོ་གཞན་པ་དེ་ཉི་ཐིག་གིས་འཚོས་པའི་སྒེའུ་ཁུང་བརྒྱུད་ནས་ཤག་ལ་འཐེན་འདུག་ལ། ཀ་ཏོ་རའི་ནང་ལོག་ཏུ་ཀོ་རེའི་ནང་སྙིང་གང་སར་སྟོར་འདུག འདི་ནི་ཨ་མདོའི་ས་ཁུལ་གྱི་ཞིང་གྲོང་མང་ཤས་ཀྱི་བྱིས་པ་ཚོའི་རོལ་རྩེད་ཅིག་སྟེ། བྱེའུ་འཛིན་པའི་ཐབས་བཀོད་ལྕགས་ཀྱུའི་ཨ་ལོང་ཞིག་ཀྱང་ཡིན། དོན་དམ་དུ། ཐག་པའི་སྣེ་མོ་ན་ཁང་ཁའི་བྱེའུ་ཀ་ཏོ་རའི་ནང་དུ་ཨེ་ཡོང་ལ་སྒུག་མཁན་ནི་གཞན་མ་ཡིན་པར་ལོ་བཅུ་གཅིག་ལ་མ་གཏོགས་སོན་མེད་པའི་གྲྭ་ཕྲུག་པྲ་ཚགས་སྦྱིན་པ་མ་ཡིན་ནམ། ཁོས་སྣབས་ཡར་ལ་འཇུབ་ཞོར་དྲ་མའི་བུ་གའི་ནང་ནས་ཡང་ཡང་བལྟ་ཞིང་། རག་ཆགས་ཡོད་པའི་ལག་པའི་ནང་དུ་ཐག་པ་དམ་པོར་བསྡམས་འདུག བྱིས་པས་བྱེའུ་འཛིན་སྟངས་དང་རྒད་པོས་ཉ་མོ་འཛིན་སྟངས་གཉིས་ལ་མི་འདྲ་བའི་ཁྱད་པར་ཡོད་པར་མ་ཟད། དམིགས་ཡུལ་ལ་ཡང་བར་ཐག་ངེས་ཅན་ཞིག་ཡོད་དེ། གོང་མ་ནི་རོལ་རྩེད་ཅིག་གི་ཕྱིར་དང་། ཕྱི་མ་ནི་དགོས་མཁོ་ཞིག་གི་ཕྱིར་དུའོ།། དེ་ནི་ཞོར་འཕྲོས་ཙམ་དེ་གཙོ་བོ་མིན་ནོ།།
ཨ་ཙི། དངོས་གནས་ཀ་ཏོ་རའི་འགྲམ་དུ་བྱེའུ་གཉིས་གསུམ་ཞིག་བབས་ཡོད་ཅིང་། ཀོ་རེ་ནང་སྙིང་རེ་རེ་རྒུམ་ཞོར་ཕར་ལྡང་ཚུར་འཕུར་བྱེད་པ་དང་། དྲ་མའི་ནང་ན་མིག་རྡོ་གཅིག་དཀར་ལོག་གེར་ཨེན་ཙམ་ཡང་མི་རྡེབ་པའི་སྦྱིན་པས། གློག་བརྙན་ནང་གི་ལྐོག་གསོད་པ་ཚོས་མེ་མདའི་རྒྱང་ཤེལ་ནང་དུ་ཕ་རོལ་བ་ཐིག་གི་ནང་ལ་ལེན་པའི་གཟབ་ནན་དང་ཆ་འདྲ་བའི་བཟོ་ལྟ་ཞིག་མངོན་ནས་གོ་སྐབས་ལ་སྒུག་ཡོད་ཅིང་། བྱེའུ་གཉིས་ཀྱིས་ཕར་ཚུར་གཉིས་ནས་མགོ་བོ་ཀྲོག་ཀྲོག་བྱེད་ཞོར་མཆུ་ཏོ་ཀ་ཏོ་རའི་ནང་ལ་བཏང་སྟེ་གོ་རེའི་ནང་སྙིང་རྒུམ་མགོ་བརྩམས།
བྱེའུ་གཅིག་ཀ་ཏོ་རའི་ནང་དུ་འཛུལ་ཅིང་། གཅིག་གིས་ད་དུང་མགོ་བོ་ནང་དུ་བཏང་སྟེ་ཁོག་སྨད་ཕྱི་རུ་ལུས་ཡོད་པས། མདའ་གཅིག་གིས་བྱ་གཉིས་གསོད་དགོས་སྙམ་པའི་ཧམ་སེམས་ཤིག་སྦྱིན་པ་ལ་སྐྱེས་ཤིང་། སྐར་ཆ་འགའི་རྗེས་ནས་བྱེའུ་གཞན་པ་དེ་ཡང་ཁོག་སྟོད་ཀ་ཏོ་རའི་ནང་ལ་ཐོན་པའི་སྐད་ཅིག་མ་དེར། ཁྲོག་སྒྲ་དང་བཅས་དཀོན་མཆོག་གིས་གཟན་གྱི་འོག་ཏུ་དངོས་པོ་ཞིག་སྦས་ནས་ཐོན་ཞིང་། དེ་མ་ཐག་བྱེའུ་ཚོ་ཐག་སྒྲ་བཅས་ཁང་ཁར་ཞོགས་སོང་།
“ཨ་བ་ཨ་མ། དཀོན་མཆོག་གསུམ།”སྦྱིན་པས་ངག་ནས་དེ་ལྟར་ཟློ་ཞོར་སྒོ་ལ་རྒྱུགས།
“དཀོན་མཆོག་ཀླད་ཁྲ། ཁྱེད་མི་ཡོང་རྒྱུ་ན་ངས་བྱེའུ་གཉིས་ཟིན་སོང་།”
“མནའ་སྐྱོལ།”
“གྲྭ་ཚང་སྟོང་ཕྲག”
“ངས་མ་ཤེས་ཡ། ད་སྤོ་མ་ལངས།”
“སྙིང་ལངས་ཀི་ཡ། དཀོན་མཆོག་གསུམ།”
“ཁྱེད་ཚང་གི་ཨ་ཁུ་ནམ་ཕྱིར་ཐོན་རྒྱུ་རེད།”
“ད་དུང་ཉིན་མ་གཉིས་གསུམ་ཞིག་འགོར་རྒྱུ་རེད་ཟེར།”
“ཅི་ཞིག་ལ་སོང་བ་རེད།”
“དགོན་པའི་ལོ་རྒྱུས་ཀྱི་དཔེ་ཆ་དཔར་དུ་སོང་བ་རེད།”
“ཨོ།”
“གཟན་འོག་གི་དེ་ཅི་ཞིག་ཡིན།”
“འགྲོ འགྲོ ནང་ལ་འགྲོ” དཀོན་མཆོག་ཀླད་ཁྲ་ཡིས་དེ་ལྟར་ཟེར་ཞོར་བྲེལ་འཚུབ་ཀྱིས་ནང་ལ་ཕྱིན། དཀོན་མཆོག་ནི་ཁོའི་དངོས་མིང་དང་ཀླད་ཁྲ་ནི་ཁོའི་མཚང་མིང་ཡིན། ཀླད་པའི་འགྲམ་ངོས་སུ་གོར་ཐིག་ཅིག་ལྷུང་ཡོད་ལ། དེའི་སྟེང་དུ་སྐྲ་སྐྱེས་མེད་པས་ཚང་མས་ཁོ་ལ་ཀླད་ཁྲ་ཞེས་འབོད་ཀྱིན་ཡོད། ཁོ་ལ་ལོབས་སོང་བས་སུ་ཞིག་གིས་དེ་ལྟར་བོས་ན་ཡང་ཁོང་ཁྲོ་ལང་མི་སྲིད། སྦྱིན་པ་ཡང་ཁོའི་ལག་གི་དེ་ཅི་ཞིག་ཡིན་ནམ་སྙམ་པའི་འཚར་སྣང་གིས་ད་སོ་མའི་ཁྲོ་བ་དེ་སྐད་ཅིག་མའི་རླུང་འཚུབ་བཞིན་ཡལ་བར་གྱུར་ཏེ་ཤག་ལ་འཚུབ་སེར་འཛུལ་སོང་།
“ཨ་རོ། པི་ཝང་དེ་གང་ནས་ཁྱེར་ཡོང་བ་ཡིན།”
“ཚེ་མཁར་རྒྱལ་ལ་གཡར་བ་ཡིན།”
“ཁྱེད་གཉིས་བཟང་ས་ཡིན་ནམ།”
“ཨོ་ལེ།”
“ཁྱེད་ཀྱིས་པི་ཝང་དཀྲོལ་ཤེས་སམ།”
“ངས་ཐོད་ལ་ནམ་མཁའ་ཡངས་པས་དང་བྱ་དེ་ཁྲུང་ཁྲུང་དཀར་མོའི་དབྱངས་རྟ་གཉིས་དཀྲོལ་ཤེས།”
“ཁྱེད་ཀྱིས་ཅི་ལྟར་ཤེས།”
“ཚེ་མཁར་རྒྱལ་གྱིས་བསླབས་པ་ཡིན།”
“རེམ་པར་ཅིག་ཁྲོལ་དང་།”
དཀོན་མཆོག་ཀླད་ཁྲ་དེ་མ་ཐག་ཡར་ལངས་ཏེ། “ཤར་ཕྱོགས་རི་བོའི་རྩེ་ནས”ཞེས་ལེན་ཞོར་དང་པི་ཝང་འཁྲོལ་ཞོར་བྱས་པས། སྦྱིན་པ་རྦད་དེ་མཚར་སོང་། “དཀོན་མཆོག་གསུམ། ངོ་མ་བསོར་གི”ཞེས་ངག་ནས་དབང་མེད་དུ་ཟློ་ཞོར། “ང་ལ་བསླབས་ན་ཆོག་གམ”ཞེས་དྲིས་པ་ན། དཀོན་མཆོག་ཀླད་ཁྲས་མཚམས་མ་ཆད་པར་ལེན་ཞོར་དུ་འཛུམ་དང་བཅས་མགོ་བོ་ནང་དུ་ཡང་ཡང་བཀུག
སྐབས་དེར་ཉི་ཐིག་གིས་སྒེའུ་ཁུང་གི་བུ་ག་བརྟོལ་ནས་ཚ་ཐབ་སྟེང་གི་ཅོག་ཙེ་གྲུ་བཞི་མ་དེའི་སྣེ་མོར་ཕོག་ཡོད་ལ། སྦྱིན་པས་གློ་བུར་དུ་བྱེའུ་འཛིན་རྒྱུ་ཡིད་ལ་འཆར་ཞིང་། དཀོན་མཆོག་ཀླད་ཁྲའི་ཕྲག་པར་ལག་པས་རྡེག་ཞོར། “འདི་ནས་པི་ཝང་བདུང་ན་ཕྱི་ནས་གཞན་གྱིས་གོ་ན་ཐང་། ཐོག་མར་འུ་གཉིས་ཀྱིས་བྱེའུ་འཛིན། ཕྱི་དྲོ་སྟག་ལུང་རི་སྒང་ལ་པི་ཝང་བདུང་དུ་འགྲོ་པཱ།” དཀོན་མཆོག་ཀླད་ཁྲ་ཡང་དེ་ལ་འཐད་པ་བྱུང་སྟེ་མྱུར་དུ་པི་ཝང་ཉལ་ཐུལ་གྱི་ཞབས་ལ་འཇོག་ཞོར། “ཉིན་འདི་ཚོར་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་མི་ཚོ་རྗེ་ལྷ་ཁང་གི་ནང་དུ་ཚོགས་འདུ་ཚོགས་ཀྱིན་འདུག ཁོ་ཚོས་ཤེས་སོང་ན་བྱ་ལམ་ལ་མ་སོང་ནི་རེད”ཅེས་མ་ནེ་ཁ་འོག་ནས་སྐད་ཆ་ཤབ་ཤུབ་ཅིག་བཤད།
སྦྱིན་པས་སྒེའུ་ཁུང་གི་ཟུར་ཁ་ལ་བལྟ་ཞོར། “ཀླད་ཁྲ་ཁ་རོག་སྡོད། ཁ་རོག་སྡོད།” ཁོས་ལག་པས་ཕྱི་ལ་གཡུག དེ་མ་ཐག་ཆོམ་སྒྲ་དང་བཅས་ཀ་ཏོ་རའི་ཁ་མར་ལ་སྒོར་ཞིང་། སྦྱིན་པ་དང་དཀོན་མཆོག་ཀླད་ཁྲ་གཉིས་གཅིག་འཕྲོར་གཅིག་རྒྱུགས་ཏེ་ཁྱམས་རར་བསླེབས།
“བྱེའུ་བཟུང་ཟིན། བྱེའུ་བཟུང་ཟིན།” སྦྱིན་པས་དེ་ལྟར་ཀ་ཏོ་རའི་ཕར་ནང་ཚུར་ནང་ལ་རྒྱུག་ཞོར་སྐད་ཅོར་བརྒྱབ། སྦྱིན་པ་ལ་སྔ་ས་ནས་བསམ་བློའི་གྲ་སྒྲིག་གྱ་ནོམ་ཡོད་དེ། ཚོན་དམར་སེར་སྔོ་ལྗང་སོགས་དཀར་ཡོལ་ཆག་རོ་ཞིག་གི་ནང་དུ་སྦངས་ཡོད་པ་ཞིག་ཁྱེར་ཡོང་ནས་བྱེའུ་གཤོག་སྒྲོའི་སྟེང་དུ་ཚོན་འབྱུག་མགོ་བརྩམས།
སྤྱིར་ན་སྦྱིན་པ་ལ་མཚོན་ན་ཞོགས་ཚོགས་གྲོལ་རྗེས་དུས་ལྟར་དཔེ་ཆ་འདོན་པ་དང་། ཆུ་ལེན་པ། ཐལ་འཕོ་བ། དཔེ་འཁྲིད་ལ་འགྲོ་བ་སོགས་ཕལ་ཆེར་ཉིན་མ་རེ་རེའི་ལས་ཀ་གཅིག་མཚུངས་ཡིན་ནའང་། ཟླ་ཆོས་ཆེན་མོའི་རྗེས་ཀྱི་ཉིན་གསུམ་རིང་ལ་ངལ་གསོའི་ཉིན་མ་ཡིན་པ་དང་གཅིག ཨ་ཁུ་ཟི་ལིང་ལ་ལོ་རྒྱུས་ཀྱི་དཔེ་ཆ་དཔར་དུ་སོང་བ་དང་གཉིས་ཀྱི་གོ་སྐབས་ལ་ཁེལ་བས། བཤད་སྲོལ་ལ“བྱི་ལ་མེད་ཤུལ་ན་ཙི་གུ་སངས་རྒྱས”ཟེར་བ་བཞིན་ཁོའི་མགོ་ལ་སྟག་སྤུ་ཟུག་ཡོད་པས། རང་དབང་གི་ཉིན་མ་འདི་གསུམ་ནི་ལོ་ངོ་གཅིག་གི་རིང་ལ་ཤིན་ཏུ་ནས་ཐོབ་དཀའ་བའི་གོ་སྐབས་དམར་ལྡང་མ་ཞིག་ཅི་ལ་མིན།
ཁོས་བྱེའུ་གཤོག་སྒྲོའི་སྟེང་ལ་ཚོན་བྱུགས་ཚར་རྗེས་ཤག་ཏུ་ཁྱེར་ནས་སླར་ཡང་ཀ་ཏོ་རའི་ནང་ལ་བཅུག་ཅིང་། ཤེལ་དཀར་པོ་ཞིག་གིས་ཁ་གཡོགས་ཤིང་དབུགས་ལེན་པའི་སྲུབ་ཀ་ཅུང་ཙམ་ཞིག་བསྐྱུར་ནས། བྱེའུ་དངངས་སྐྲག་གིས་ཡར་འཕུར་མར་འཕུར་བྱེད་པ་དང་སྙིང་ཆུང་ལྟིག་ལྟིག་ལྡང་བཞིན་པའི་རྣམ་པ་ལ་བལྟས་ནས་བསྡད།
དཀོན་མཆོག་ཀླད་ཁྲ་ཡིས། “སྦྱིན་པ། ཅུང་སྡོད་དང་། ངས་གླུ་ཚིག་ཅིག་དྲན་བྱུང”ཞེས་སོང་ནས་ཉལ་ཐུལ་ཞབས་ལ་སྦས་ཡོད་པའི་པི་ཝང་ཆུང་ཆུང་དེ་འཁྱེར་ཡོང་ནས། བདུང་ཞོར་དུ་སྙན་མོ་ངག་གི་དབྱངས་རྟ་ལ་གྱེར་ཏེ་འདི་ལྟར་བླངས་བྱུང་།
“ཙན་དན་སྒམ་ཆུང་ནང་གི།
བྱེའུ་ཆུང་གསུང་སྐད་སྙན་མོ།།
ལུས་ལ་གཤོག་སྒྲོ་ཡོད་ཀྱང་།།
འཕུར་བའི་རང་དབང་མི་འདུག།”
སྐབས་དེར་ཉི་ཐིག་ཕྲ་མོ་སྒེའུ་ཁུང་གི་བུ་ག་བརྟོལ་ནས་སྦྱིན་པའི་དཔྲལ་བའི་མཚམས་སུ་བརྒྱབ་ཡོད་ཅིང་། ཁོས་སྣབས་ཡར་ལ་འཇུབ་ཞོར་འདང་ཅུང་ཙམ་བརྒྱབ་རྗེས།
“ངེད་གཉིས་ཀྱིས་བྱེའུ་འདི་ཕུད་ལ་བཏང་། འདང་བརྒྱབ་ན་ངོ་མ་སྙིང་མ་རྗེ་རེད”ཟེར།
དཀོན་མཆོག་ཀླད་ཁྲ་ན་རེ། “ཨོ་ལེ། རབ་བྱུང་བས་སྡིག་པའི་ལས་བསགས་ན་འདུལ་བ་དང་འགལ་འགྲོ་བ་མ་རེད་དམ”ཞེས་རྒན་བཤད་ཅིག་བརྒྱབ།
“ཀླད་ཁྲ། ཕེར་མོ་མ་བཤད། འོ་ན་ཆང་དང་གླུ་གར་རོལ་མོ་སྤོང་ཞེས་འུ་ཚོས་གསོ་སྦྱོང་གི་སྐབས་སུ་ཁས་རྒྱུན་དུ་ལེན་ཀྱིན་ཡོད་པ་མིན་ནམ། ཁྱེད་ཀྱིས་དགོན་པའི་ནང་ལ་འཇིག་རྟེན་ཆོས་བརྒྱད་ཀྱི་ཅ་ལག་ཁྱེར་ཡོང་ན་ཉེས་པ་མེད་དམ།”
སྦྱིན་པ་ཀླད་ཁྲས་ཁ་མུར་མུར་ཞིག་བྱེད་པ་ལས་ཁོ་ལ་འདེབས་རྒྱུའི་ལན་ཞིག་མ་རྙེད།
གྲྭ་ཤག་གི་ཁྱམས་ར་ན་སྦྲང་མའི་ཝང་སྒྲ་ཤིན་ཏུ་གསལ་ཞིང་། ཐད་ཀར་སྒེའུ་ཁུང་ལ་ཕོག་པའི་ཉི་ཐིག་ཀྱང་ཇེ་བཙན་ལ་འགྲོ་བཞིན་ཡོད་མོད། བྱེའུ་བཏང་རྗེས་ཁོ་གཉིས་སེམས་ཁམས་བསིལ་མོ་ཞིག་གིས་དེད་དེ། པི་ཝང་གཟན་གྱི་འོག་ཏུ་སྦས་ནས་སྟག་ལུང་རི་སྒང་ལ་ཆས།
ཁྱེད་རང་གི་ཆུང་དུས་ཀྱི་ལོ་རྒྱུས་ཤིག་བྲིས་པ་ཡིན་ས་རེད་ཀོ
དངོས་གནས་སྒྲུང་ཐུང་ཟེར་བ་འདི་འདྲ་ཞིག་ཡིན་རྒྱུ་རེད། འཚོ་བའི་བཅད་ངོས་ཤིག་རེད། ཡིང་དབང་ཕྲོགས་སོང་། ད་རུང་། ཨ་མདོའི་ས་ཁུལ་ཁ་ཤས་ན་ཧེར་མོ་་་་ཟེར་བ་དེ་་ཕེར་མོ་་ཡིན་པ་ཡང་ཤེས་སོང་། དོན་ནི་ཇུས་ཏོག་ཅེས་པའི་དོན་རེད། ཐུགས་རྗེ་ཆེ།