དགའ་དགའ།
ད་སྐབས་ངས་སྐད་ཆ་ཞིག་བཤད་འདོད་བྱུང་བས། དེའང་ནུས་མེད་ཀླད་སྟོང་ཞིག་དང་། གང་ན་མ་སྙོབ་པའི་ང་དང་ང་འདྲ་པོ་ཞིག་གིས་བཤད་ན་ཆེས་མི་འཚམས་ཀྱང་། དྲན་པའི་གཏིང་ན་ཡོད་ཅིང་མིག་སྔར་མཐོང་བཞིན་པའི་ཚོར་འདུ་དག་སྦས་ཞིང་ཕྱི་རུ་འདོན་མི་ཐུབ་པ་ནི་ན་ཟུག་ཅིག་དང་སེམས་ནད་ཆེ་ཤོས་ཤིག་ཡིན་པར་བཟོད་མ་ཐུབ་ནས། སུ་དང་གང་ལ་ཕོག་ཀྱང་ངས་ལྷག་བསམ་ལྷད་མེད་ཀྱི་སྒོ་ནས་ཁོག་ཏུ་མ་ཤོང་བར་བཤད་ཀྱི་ཡོད་པ་ནི་རང་མི་རིགས་ཤིག་དང་། སྟོན་པ་དང་བསྟན་པ་གཅིག་ཏུ་འཛིན་པའི་སེར་མོ་བའི་མིང་འཆང་མཁན། བླ་མ་དང་སྤྲུལ་པའི་སྐུ། སྐྱབས་རྗེ་དང་རྡོ་རྗེ་འཆང་། ཨ་སྤྲུལ་དང་ཡང་སྤྲུལ། བསྟན་པ་ལ་ལྷག་བསམ་ཡོད་མདོག་གི་རྒྱལ་ཕྱི་ནང་ག་སར་ཉིན་མཚན་མེད་པར་འགྲོ་དོན་ཆད་མེད་གནང་བའི་དེང་གི་བསྟན་འཛིན་གྱི་སྐྱེས་བུ་ཡིན་མདོག་བྱས་པའི་སྒལ་ཚིགས་ཀྱོག་ཀྱོག་གི་རིགས་རྣམ་ལ་བདག་གི་ལག་སོར་སྙིང་གར་སྦྱོར་ཞིང་སེམས་ཀྱི་གཏིང་ནས་གདུང་བའི་ཤུགས་ཀྱིས་རེ་འབོད་ཅིག་ཞུ་རྒྱུ་ཡིན།
སེར་མོ་བའི་རིགས་སུ་གཏོགས་པ་སུ་དང་གང་ཞིག་ཡིན་རུང་། བསྟན་པ་དང་སྟོན་པའི་རྗེས་སུ་འབྲངས་ཤིང་དེ་དང་དེའི་བྱ་བྱེད་ལས་གསུམ་རྣལ་མ་ཞིག་བྱེད་ཀྱིན་ཡོད་ན་གུས་འདུད་བྱེད་འོས་ལ་ཕྱག་བྱ་ཞིང་སྐྱབས་སུ་འགྲོ་ངེས། ཚེ་འདིར་ཆོས་ལུགས་ཤིག་གི་ཆོས་པ་རེད་སྨྲ་ཆོག་ལ་ཕྱི་མར་འདྲེན་པའི་བླ་མ་དེ་བས་ཡིན་དགོས་སོ།།
དེ་མིན་རང་ཉིད་སྟོན་པ་དང་། སྐྱབས་རྗེ་མཆོག རྡོ་རྗེ་འཆང་། ཨ་སྤྲུལ་དང་ཡང་སྤྲུལ་ཆེན་པོའི་གནམ་གྱིས་ས་བཀབ་པ་བཞིན་རྫིག་པོ་ཡིན་མདོག་བྱས་ནས། ཁྲི་མཐོན་པོ་དང་། གདན་སོ་མ་སུམ་རྩེག་ཉིས་རྩེག་ཀྱི་སྟེང་དུ་འགྱིང་ཞིང་མིག་ཟུང་ཟིམ་ཟིམ་དང་། ལུས་སྲོང་པོ། ཞལ་འཛུམ་འཛུམ་གྱི་ཟློས་གར་འཁྲབ་པ་དེ་དག་ཡོད་ཚད་ནས་ཐམས་ཆད་”སྒོར་མོ”འི་ཆེད་དུ་ཡིན་པའི་ཚོར་འདུ་བཅོས་མིན་ཞིག་བདག་ལ་ངང་གི་སྐྱེ་ཡོང་གིན་འདུག་ལ། མིག་མཐོང་རྣ་ཐོས་ཆེས་མང་པོ་ཞིག་སྤང་ལ་ཤ་མང་རྡོལ་བ་བཞིན་ས་སྒང་འདི་ཡི་སྟེང་ན། གནམ་ནས་འཕུར་གྱིན་འདུག་ལ་ས་ནས་འཛུལ་བཞིན་འདུག
གཡོ་སྒྱུ་ཁྲམ་གསུམ་གྱི་འཚང་ཁས་ཁེངས་ཤིང་། ལུས་ངག་ཡིད་གསུམ་གྱིས་རྫུན་ཤུན་གོན་ཏེ་སྒེར་གྱི་དོན་དང་ནང་མིའི་ཆེད། མཛངས་མ་དང་མཛེས་མར་ངོམ་ཕྱིར་རླངས་འཁོར་ཉོ་ཡི་འདུག་ལ་ཁང་པ་རྒྱག་གིན་འདུག གཤིན་པོའི་བསྔོ་རྟེན་དང་གསོན་པོས་རེ་བ་ཉག་གཅིག་བྱེད་ཀྱིན་ཡོད་པའི་འཇིག་རྟེན་པས་རྔུལ་ཁྲག་ཐིགས་པ་རེ་རེ་ནས་བསགས་པའི་སྒོར་མོ་དེ་དག་གིས་ནང་མི་ཉམ་གསོ་བྱས་ནས་རང་ཉིད་ཀྱི་ཁ་ཕྱོགས་དང་གོམ་པ་གང་ཞིག་ཏུ་སྤོ་དགོས་མིན་མི་ཤེས་པ་ནི་ཅི་འདྲའི་མི་མཚར་རོ།།
བསྟན་པ་འདི་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་བཏང་བའི་བློ་མིག་རེ་ཡོད་ན། བཤད་སྒྲུབ་ལས་གསུམ་གྱི་དགེ་འདུན་པའི་སྡེ་དང་། བསླབ་གསུམ་སྲོག་ཏུ་བཟུང་ཞིང་གཞན་ཕན་གྱི་འདུན་པ་མི་ཆུང་བ་ཞིག་ཡོད་པའི་སྒོ་ནས་བསྟན་པ་དག་ཐེར་གཏོང་གིན་རང་ཉིད་གནས་སའམ་སོ་སོའི་དགོན་དུ་བསྟན་པ་སྤེལ་དང་། གནམ་ནས་ཐོག་རྒྱག་གི་མ་རེད་ལ་ས་ནས་ས་བདག་མི་འཁྲུགས་པའི་སུས་ཀྱང་ཁས་ལེན་ངེས་རེད། བསྟན་པ་སྤེལ་དགོས་ན་དགེ་འདུན་གྱི་སྡེ་ཞིག་བཙུགས་ནས་བཤད་སྒྲུབ་ལས་གསུམ་གྱི་བྱ་བ་གསར་པ་ཞིག་བསྐྲུན་དགོས་པ་ལས་ལྷ་ཁང་སྟོང་པ་ཞིག་དང་སྐུ་འདྲ་ཁ་ཤས་ཐལ་ལ་འཚུབ་འཚུབ་བསྒྲིགས་ཡོད་ཀྱང་ཕན་ཐོགས་མེད་པ་ཀུན་ལ་གསལ་པོ་རེད།
ད་དུང་དགོན་དཔོན་ཞིག་དང་བསྟན་འཛིན་གྱི་སྐྱེས་བུ་ཡིན་མདོག་བྱེད་མཁན་ཚོ། ཕྱིའི་ཡུལ་གྲུ་ཁག་ཏུ་ང་ལས་ཆེ་བ་ཞིག་མེད་ཟེར་བའི་བཟོ་འདྲ་བསྟན་ནས་དངུལ་གྱི་ཆེད་དུ་འགྲེལ་བཤད་ཨ་འགྲེལ་དང་ཡང་འགྲེལ་རྒྱག་གིན་ཡོད་པའི་རྣ་ཐོས་ཤིག་ལ། ས་ཆ་ག་གེ་མོ་ཞིག་ཏུ་དགོན་པ་ཆེན་པོ་ཞིག་རྒྱག་གིན་ཡོད་ལ། བཤད་གྲྭ་དང་སྒྲུབ་གྲྭའི་དགེ་འདུན་གྱི་སྡེ་ཆེན་པོ་ཞིག་ཀྱང་ཡོད། ད་ལྟའི་འཚོ་རྟེན་དང་མ་འོངས་པར་ཡར་སྐྱེད་ཡོང་བའི་དོད་དུ་ཁྱེད་རྣམ་པ་སྦྱིན་བདག་ཡོད་ན། ངས་ཕྱི་མར་ཐར་པའི་ལམ་སྣ་སྟོན་ཞིང་ཚེ་འདིར་གང་འདོད་ལྷུན་གྱིས་འགྲུབ་པའི་སྨོན་ལམ་རྒྱག་ཆོག་ཟེར་གྱི་ཡོད་པར་གོར་མ་ཆག
ཁྱེད་ཚོ་ནི་ངོ་ཚ་མེད་པའི་ཨ་ཙ་ར་དང་ཅི་ནས་ཀྱང་མི་འདྲའམ། གལ་ཏེ་གཞན་ཞིག་གང་འདོད་དང་ཅི་དྲན་བྱེད་ཐུབ་པའི་སྨོན་ཤུགས་ཤིག་ཡོད་ན། དང་ཐོག་རང་ཉིད་ག་སར་ཕྱི་བཞིན་རྒྱུག་མི་དགོས་པར་རང་ཉིད་ཀྱི་ཆེད་དུ་སྨོན་ལམ་རྒྱག་དང་། རང་གི་མེས་པོ་དང་བླ་མ་གོང་མའི་གདན་སར་དགོན་པ་ཞིག་རྒྱག་དང་། བཤད་སྒྲུབ་ཀྱི་སྡེའང་ཚུགས་དང་། ལུས་ངག་ཡིད་གསུམ་གྱིས་བསྟན་པ་སྤྱི་ལ་ཕན་དུ་རེ་བ་ཞིག་རྩོམས་དང་། བྱ་བ་རླབས་ཆེན་ཞིག་ཡིན་པར་སྨྲོས་མེད་རེད།
རང་ཉིད་སྒེར་རྒྱུག་མ་གཏོགས་སྤྱིར་དོན་གྱི་ལས་སུ་དབེན་པ་དང་བསྟན་པར་ཕན་དུ་རེ་བའི་འདུན་པ་མེད་བཞིན་དུ་ཁ་ནས་སྟོང་བཤད་རྒྱག་པ་ཙམ་ནི་ཁྲམ་པ་ཞིག་དང་འཛམ་གླིང་གི་ཇག་པ་ཆེན་པོ་ཞིག་གི་ཇག་དཔོན་དང་ཅི་ནས་ཀྱང་མི་མཚུངས་ཨང་།
འདུལ་ཁྲིམས་ཚུལ་བཞིན་དུ་སྲུང་མིན་ལ་མ་བལྟོས་པར་སྤྱི་ཕན་གྱི་བློ་དཀར་གཞུང་དྲང་ཞིག་ཡོད་པའི་སྒོ་ནས་རང་གིི་བསམ་པའི་མིག་རྒྱང་ཅེར་ས་དེར་གོམ་པ་སྤོ་བཞིན་པའི་བླ་སྤྲུལ་དག་ལའང་གུས་པའི་ངོས་ནས་ནམ་ཡང་གུས་འདུད་ཡོད།
དེ་མིན་ཆགས་ཞེན་སྤང་གང་ཐུབ་བྱས་ནས་ཆོས་པ་རྣལ་མ་ཞིག་བྱེད་པའི་བློ་ཐག་མ་ཆོད། འདོད་པའི་ཕུན་ཚོགས་དགོས་ཀྱང་སྒྲུབ་མི་ཤེས་པའི་བློ་ཆུང་གུ་དོག་གི་རིགས་རྣམས་ནི་ཚོར་བ་བཏང་སྙོམ་ཞིག་ཡིན་པར་གདོན་མི་ཟའོ། དེ་དང་དེའི་རིགས་རྣམས་ལ་མི་ཕལ་པ་ཞིག་གི་འདུ་ཤེས་ལས་མུ་ཏོ་བ་བདག་ཀྱང་མེད་ལ་གཞན་དག་སྐྱེ་བོ་དག་ཡོད་ངེས་མ་རེད།
ད་དུང་ངས་ཤེས་སར་བོད་དང་བལ་ཡུལ་ལ་གནས་ཤིང་འཁྱམ་བཞིན་པའི་དབུ་རིལ་འགའ་ཞིག་ཚོང་པ་ཆེན་པོ་ཞིག་ཀྱང་ཡིན་ཚོད་འདུག ཉེ་ཆར་རང་ཉིད་བལ་ཡུལ་ན་ཡོད་པའི་སྐབས་དེར་ང་དང་འདྲིས་ཆེ་བའི་གྲོགས་པོ་ཞིག་དང་མཉམ་དུ་ཡར་མར་འགྲོ་སར་གཡས་ཟུར་ནས། བླ་རྒན་སྟོད་འགག་ཅན་ཞིག་གིས་གཟན་ཤམ་རྨ་བྱ་འདྲ་ཞིག་གོན་ཏེ་ལག་ཏུ་ཤེལ་དཀར་གྱི་ཕྲེང་བ་ཞིག་བཟུང་ནས་ངེད་གཉིས་ཀྱི་མདུན་ནས། གྲོགས་པོས་བཤད་རྒྱུར། ད་ལྟ་བླ་རྒན་དེ་ཚོང་པ་ཆེན་པོ་ཞེད་པོ་རེད་ཟེར་གྱིན་འདུག ང་ནི་ཧང་སང་ཞིང་དགོད་ཀྱང་བྲོ་སོང་། ཚོང་པ་ཆེན་པོ་ནི་སུ་ཡང་རེད་སྲིད་ལ་བླ་མ་ཚོང་པ་གྱུར་པ་དེ་ནི་ཆེས་ཡ་མཚན་ཞིག་མ་ཡིན་ནམ། ཁྱེད་ཚོས་སོམས་ཤིག
ཨ་ཧ། དགའ་དགའ། ཁྱེད་ཀྱིས་ཧ་ཅང་དྲང་པོ་གསུངས་འདུག ཐུགས་རྗེ་ཆེ། ངའི་མཐོང་ཚུལ་དང་བསམ་ཚུལ་གང་ཅིའི་ཐད་གཅིག་མཚུངས་འདུག་པས་འདིར་གང་བཀོད་ལ་དགའ་ཚོར་ཆེན་པོ་ཞིག་སྐྱེས་བྱུང་། གོང་དུ་གང་གསུངས་རྒྱབ་སྐྱོར་ཆ་ཚང་ཡོད། བཀྲ་ཤིས་བདེ་ལེགས།
དེ་ཡང་གླུ་མ་གྲགས་ཅན་ཚེ་དབང་ལྷ་མོ་བལ་དུ་ཡོང་རྒྱུའི་སྐོར་ལ་ན་ནིང་དབུས་གཞུང་ནས་ཆོག་མཆན་མ་སྤྲད་ཀྱང་། ད་ལོ་མཆོག་མཆན་རག་ནས་བལ་དུ་ཡོང་རྒྱུ་ཡིན་ཞིང་། བལ་དུ་མི་ཡུལ་དུ་གྱར་བའི་རང་རིགས་ཞེས་པའི་གླུ་དབྱངས་དགོང་ཚོགས་ཞིག་ཏུ་ཕེབས་རྒྱུ་ཡིན་འདུག དེ་ཡང་འདི་ཀ་གསར་འགྱུར་ཁང་ནས་བལ་ཡུལ་གནས་སྡོད་པ་དགོང་ཚོགས་སྒོ་སྒྲིག་པ་ནོར་བུ་བྲག་མགོ་ལ་སྐད་ཆ་བྲིས་པས་ཁོང་གིས་ཕལ་ཆེར་སྤྱི་ཟླ་ལྔ་པ་ཙམ་ལ་ཡོང་ཐུབ་པའི་རེ་བ་བྱེད་ཀྱིན་ཡོད་ཅེས་གསུངས།
གནས་ཚུལ་འབྱུང་ཁུངས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་།