གནས་ནང་འགྱུར་མེད་དབང་གྲགས།
ད་ལོར་ཁེ་ཎ་སྒྲའི་རྒྱལ་ས་ཨོ་ཌ་བ་(Ottawa)རུ་གསུམ་བཅུའི་དུས་དྲན་ཐེངས་ང་དྲུག་པ་དེ་སྲུང་བརྩི་བྱས་སོང་། དུས་དྲན་བཀོད་སྒྲིག་བྱེད་མཁན་ཚོགས་པ་བདུན་འདུག དེ་དག་ནི་ས་གནས་བུད་མེད་ལྷན་ཚོགས་དང་ཨོན་ཌེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པ། མོན་ཁྲི་ཡོལ་བོད་རིགས་སྤྱི་མཐུན་ཚོགས་པ། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། ཁྲོ་རོང་ཁྲོ་བོད་རང་བཙན་སློབ་ཕྲུག་ཚོགས་པ། སེས་ཀྲེས་སེས(CTC)བཅས་རེད་འདུག ཨོ་ཌ་བར་བཅའ་སྡོད་བོད་མི་རྣམས་དང་རྒྱ་གར་ཤར་ཕྱོགས་མིའུ་ཨོ་གཞིས་ཁོངས་ནས་སླེབས་པའི་གསར་འབྱོར་བ་རྣམས་ཀྱང་དེ་ལ་མཉམ་ཞུགས་བྱས་བ་རེད་། ང་སྒེར་ལ་མཚོན་ན་མཉམ་ཞུགས་དང་མཉམ་ལས་ཟེར་བ་འདི་གཉིས་རྩ་དོན་གྱི་གནད་འགག་ལྟ་བུར་བརྩི་གི་ཡོད་།
ཁེ་ཎ་སྒྲའི་རྒྱལ་ས་ལྟ་བུར་མཚོན་ན་ཡང་། སྔ་ལོ་ནས་བཟུང་བོད་རིགས་ཚོགས་པ་ཞིག་གསར་འཛུགས་བྱས་བ་རེད་། ལྷག་པར་དུ་། བོད་རིགས་ཚོགས་པ་གཞན་མཚུངས་ལྟར། ༧གོང་ས་མཆོག་གི་ཐུགས་དགོངས་དང་རྡ་ས་བོད་དབུས་སྒྲིག་འཛུགས་ཀྱི་བཀའ་ཤག་དང་སྤྱི་འཐུས་ཀྱི་དགོངས་དོན་ལམ་སྟོན་གཞིར་བཟུང་ལས་དོན་གང་དང་གང་ལའང་ཤར་བསྐྱོད་དང་བྱ་རྒྱུའི་གྲོས་ཆོད་དང་དམིགས་ཡུལ་གསལ་པོ་བཟོས་བ་ཡིན། དེ་ཡང་མི་རེ་གཉིས་ཀྱི་བསམ་ཚུལ་ཙམ་མ་ཡིན་པར་འདི་ག་ས་གནས་སུ་བཅའ་སྡོད་བོད་མི་ཚང་མས་གྲོས་མོལ་གོ་བསྡུར་བྱས་ཐོག་བཅའ་ཁྲིམས་གཏན་ལ་ཕེབས་ཏེ་ཚོགས་པ་བཙུགས་པ་རེད་། དེ་ནས་སྤྱི་མོས་ཀྱིས་ཚོགས་མི་འོས་བསྡུ་བྱས་ཏེ་མང་ཚོགས་ཀྱི་འཐུས་མི་འོས་འདེམས་བྱས་མཐར་རང་ཉིད་གནས་ནང་འགྱུར་མེད་དབང་གྲགས་ཚོགས་གཙོར་བཀོད་བྱུང་། སྤྱིར་བཏང་རང་ཉིད་ལོ་ན་མཐོ་བ་དང་་ལྷག་པར་དེང་སྐབས་བོད་མིའི་ནང་གཤོག་རྩལ་གཉིས་ལྡན་གྱི་ཤེས་ཚད་ཡོད་ཐོག ལས་འགན་ཇི་འདྲ་ཞིག་ཡིན་རུང་འཁུར་ཐུབ་ངེས་ཀྱི་གཞོན་ནུ་མང་པོ་ཐོན་ཡོང་བའི་སྐབས་དེར་རྟ་ལམ་བོང་བཀག་ལྟ་བུ་བྱས་ན་མི་འགྲིག་སྙམ་པ་བྱུང་རུང་་། ལས་འགན་ཞིག་འཀོལ་ཡོང་སྐབས་ང་མིན་ཁོ་མིན་གྱི་ངང་དུ་ཕྱིན་ན་ལས་ཀར་འཐུས་ཤོར་ཕྱིན་ན་གྱོང་དེ་སྤྱི་བར་ཡོང་གི་ཡོད་པ་མཐོང་སྟེ་ འགོ་ཞིག་མ་བཙུགས་པར་མི་འགྲིག་སྙམ་ནས་ལས་འགན་དེ་མ་འཁྱེར་ཀ་མེད་ལྟ་བུ་བྱུང་ ། དེར་བརྟེན། འགན་དེ་ཆུ་མོའི་ཟློག་ཕྱོགས་སུ་བསྐྱོད་དགོས་བྱུང་ན་ཡང་འཁྱེར་བསམ་པའི་སྒོ་ནས་ལས་དོན་ཁག་ལ་འཇུག་པ་ཡིན།
ངེད་རང་སྒེར་གྱི་བསམ་ཚུལ་ལ། ལས་ཀྱི་སྣེ་མོར་གཏོགས་མཁན་ང་ཚོས་གཟབ་གཟབ་བྱས་ནས་འགན་ཁུར་བ་དང་ལས་ཀ་མ་བྱས་པར། རང་དབང་ཅན་གྱི་རྒྱལ་ཁབ་ཡོད་པའི་མི་རྣམས་ལ་ལད་མོ་བྱས་ནས་ཕྱེད་གོ་སྐབས་རིང་ལུགས་ལྟ་བུའི་བྱ་སྤྱོད་སྤེལ་ན་འགྲིག་གི་མ་རེད་བསམ་བཞིན་ཡོད་། ང་ཚོས་ལས་འགན་ག་འདྲ་ཞིག་འཁྱེར་བ་དང་གཏམ་བརྗོད་ཇི་འདྲ་ཞིག་སྤེལ་རུང་མནོ་བསམ་ལེགས་པར་བཏང་ནས་མ་བྱས་ན། ད་ལྟ་ང་ཚོ་ངན་དགུའི་རྙིའི་ནང་འཚུད་ནས་ཡོད་ལ་ ། ལྷག་པར་དུ་། བོད་ནང་དུ་བོད་རིགས་སྤུན་ཟླ་མང་པོ་དུས་དང་རྣམ་པ་ཀུན་ཏུ་འཇིགས་སྣང་དང་དངངས་སྐྲག་ངང་འཚོ་བཞིན་ཡོད་པ་རེད་། ཁོང་ཚོའི་དཀའ་ངལ་དེ་མྱུར་དུ་སེལ་ཐུབ་དགོས་རྒྱུ་དེ་གལ་ཆེན་ཡིན་པའི་བསམ་བློ་དེ་འཁོར་བ་ཡིན་ན་ཁ་ནས་ཐོན་ཚད་བཤད་ན་མི་འགྲིག་པ་ཡང་རང་བཞིན་གྱིས་ཧ་གོ་གི་རེད་།
ང་ཚོ་རང་དབང་ལུང་པར་ཡོད་པའི་མི་ཚོས་ཁྲིམས་དང་མ་འགལ་ན་ག་རེ་བཤད་ན་ཡང་འགྲིག་པ་རེད། བོད་ནང་གི་བོད་རིགས་སྤུན་ཟླ་རྣམས་ལ་རང་དབང་ཡོད་མ་རེད་ལ་ཁྲིམས་ལྡན་ཡང་ཡོད་མ་རེད་ ། འདི་རང་དབང་ལུང་པར་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་ངེས་པར་ཐུགས་ལ་འཇོག་པར་འཚལ་། གལ་སྲིད་། ད་ལྟ་བོད་མི་མང་ཆེ་བས་མོས་མཐུན་དང་རྒྱུ་མཚན་རྒྱབ་སྐྱོར་བཅས་ཡོད་པའི་གཞུང་གི་གཉིས་ཕན་དབུ་མའི་ལམ་དེས་འགྲིག་གི་མེད་པ་དང་དེ་ལས་ལྷག་པའི་དགོས་དོན་ཆེ་བ་ཞིག་སྒྲུབ་ཐུབ་ཀྱི་ཡོད་ན། སོ་སོ་མདུན་ལ་ཐོན་ནས་འདི་དང་འདི་བྱེད་དགོས་རེད་ཅེས་ལམ་སྟོན་གནང་རོགས་གནང་ ། ཁ་ནས་བཤད་ཡག་དེ་སུས་ཀྱང་བྱེད་ཐུབ་པ་ཞིག་ཡིན་པ་དེ་མ་བརྗེད་རོགས་གནང་ཞེས་འབོད་སྐུལ་ཞུ་གི་ཡོད་།
དེ་ཡང་ ། “དགེ་སློང་དག་དང་མཁས་རྣམས་ཀྱིས།། བསྲེག་བཅད་བརྡར་བའི་གསེར་བཞིན་དུ་ །། ལེགས་པར་བརྟག་ལ་ང་ཡི་བཀའ་།། བླང་བར་བྱ་་ཡིན་གུས་ཕྱིར་མིན་”ཞེས་པ་འདི་ཁ་ལ་འཁྱེར་ནས་བཅོམ་ལྡན་འདས་ལ་ཡང་སྐྱོན་བརྗོད་ཆོག་པ་མ་ཟད་། ༧རྒྱལ་བ་རིན་པོ་ཆེ་ལ་ཡང་སྐྱོན་བརྗོད་བྱེད་ལོས་ཆོག་སྙམ་པའི་བྱིས་པའི་བློ་དེ་འཁྱེར་མཁན་ཡང་ཡོང་གི་འདུག་ཀྱང་། དེ་ཡོང་མི་ཆོག་པ་མིན་པ་ངས་ཀྱང་ཧ་གོ་ཡི་ཡོད་ ། ཡིན་ན་ཡང་། བཅོམ་ལྡན་འདས་ལ་སྐྱོན་བརྗོད་བྱས་ཆོག་མཁན་དེ་སུ་འདྲ་ཞིག་གིས་བྱས་ཆོག་པ་དེ་བཅོམ་ལྡན་འདས་ཀྱིས་ཤོ་ལོ་ཀ་དེའི་ནང་དུ་གསུང་འདུག་ དེ་མ་མཐོང་བ་དེ་ལ་ངས་བྱིས་པ་ཞེས་མིང་བཏགས་པ་ཡིན། བཅོམ་ལྡན་འདས་ལ་སྐྱོན་བརྗོད་་བྱེད་ཆོག་མཁན་དེ་དག་དགེ་སློང་དག་གམ་མཁས་པ་རྣམས་ཀྱིས་ཞེས་གསུངས་འདུག་མ་གཏོགས་ཁ་ནས་བཤད་ཤེས་པ་མ་གཏོགས་དོན་ལ་ངེས་པ་མེད་པའི་ཁ་བདེ་པོ་ཞིག་གིས་ཞེས་བཀའ་གནང་མེད་པ་དེ་ཐུགས་ལ་ངེས་རྒྱུ་ཧ་ཅང་གལ་ཆེ།
གུས་པས་སྔར་ནས་ཐེངས་མང་ཞུས་མྱོང་། རང་ཉིད་ལ་ཆ་བཞག་ན། སུ་ལའང་སྐྱོན་བརྗོད་བྱས་ཆོག་པ་དེ་ཁས་ལེན་གྱི་ཡོད་ ། དཔེར་ན། མི་ཞིག་གིས་༧རྒྱལ་བ་རིན་པོ་ཆེས་སློབ་གྲྭ་གྲངས་༨༧ ལྷག་བཙུགས་གནང་འདུག ངས་སློབ་གྲྭ་་༨༨བཙུགས་ཡོད་ ། ༧རྒྱལ་བ་རིན་པོ་ཆེས་གཞིས་ཆགས་ཁག་༧༨བཙུགས་གནང་འདུག ངས་གཞིས་ཆགས་ཁག༧༩བཙུགས་ཡོད་། ༧རྒྱལ་བ་རིན་པོ་ཆེས་བཀའ་སློབ་གནང་དུས་མི་འབུམ་གཅིག་ལྷག་ཙམ་དཀའ་ངལ་ཁྱད་དུ་བསད་ནས་འདུ་འཛོམས་བྱེད་ཀྱི་འདུག་ ངས་བཀའ་སློབ་གནང་དུས་མི་དེ་ལས་མང་བ་ཡོད་ཟེར་མཁན་༧རྒྱལ་བ་རིན་པོ་ཆེ་ལས་བྱས་རྗེས་ཆེ་བའི་མི་ཞིག་གིས། ༧རྒྱལ་བ་རིན་པོ་ཆེས་བྱེད་སྟངས་འདི་འགྲིག་གི་མི་འདུག འདི་ལྟར་བྱེད་དགོས་ཀྱི་འདུག་ཟེར་མཁན་ཞིག་བྱུང་ན། ངས་དེ་ལ་རྒྱབ་སྐྱོར་དང་རྒྱུ་མཚན་ལྡན་པར་བརྩི་གི་ཡོད་། གཞན། དོན་མེད་ཀུ་ཅོ་འདོན་མཁན་རིགས་ངས་བྱིས་པ་བློ་རྨོངས་པ་ལྟ་བུར་མཐོང་གི་འདུག
གོང་གསལ་གྱི་བལྟ་སྟངས་དེ་དག་གཞིར་བཟུང་ནས། འདི་ལོའི་གསུམ་བཅུའི་དུས་དྲན་ལ་ཉེ་ལམ་གསར་དུ་བཙུགས་པའི་ཨོ་ཌ་བ་བོད་རིགས་་ཚོགས་པའི་མིང་དེ་བཀོད་སྒྲིག་ཚོགས་པ་ཁག་བདུན་གྱི་མིང་གཞུང་དུ་བཅུག་མེད་། རྒྱུ་མཚན། རང་ཉིད་ཚོགས་གཙོ་ཡིན་པའི་ཆ་ནས་ལས་འགན་ལྗིད་ཅན་ཞིག་གཉའ་སྟེང་དུ་ཡོད་སྟབས། མནོ་བསམ་གཟབ་ནན་བྱས་པའི་མཐར་ཚོགས་པའི་མིང་དེ་བེད་སྤྱོད་མ་བཏང་པར་སྔར་མུས་བཞིན་ལས་འགུལ་ལ་འཛུལ་ཞུགས་བྱས་བ་ཡིན། ངེད་རང་སྒེར་ལ་མཚོན་ན། སྔོན་མ་ནས་གསུམ་བཅུའི་དུས་དྲན་གྱི་འབོད་ཚིག་དང་འཕྲེད་དར་སོགས་ལ་འགྱུར་བཅོས་དགོས་གལ་གྱི་བསམ་ཚུལ་མང་པོ་ཞུས་རུང་། དེ་ལ་གྲུབ་འབྲས་དམིགས་བསལ་ཐོན་མ་སོང་། དེ་རིང་གོ་སྐབས་འདི་བཟུང་ནས་མི་མང་བློ་ལྡན་རྣམས་ལ་བསྐྱར་དུ་འབོད་སྐུལ་ཞུ་འདོད་བྱུང་། ཁབ་རྩེ་གཉིས་ཅན་གྱིས་འཚེམ་བུ་རྒྱག་མི་ཐུབ་ཅེས་པའི་དཔེ་ལྟར་ འཇིག་རྟེན་གྱི་བྱ་བ་གང་བྱས་རུང་དམིགས་པའི་ཡུལ་དུ་བསྐྱོད་དགོས་པ་གལ་ཆེ། དེ་མེད་པ་ཡིན་ན་དམིགས་པའི་ཡུལ་དེར་སླེབས་མི་ཐུབ་པ་དེ་ནི་ཟུར་བལྟས་ལེབ་མཐོང་རེད་ །
ད་ལྟ་ང་ཚོ་དབུ་མའི་ལམ་ཕྱོགས་སུ་བསྐྱོད་ནས་དགོས་དོན་སྒྲུབ་ཆེད་ཀྱི་བྱེད་སྒོ་སྤེལ་གྱི་ཡོད་པ་རེད་ ། དེ་ཡིན་ན། དེ་གཞིར་བཟུང་དངོས་ཤུགས་བརྒྱུད་གསུམ་ནས་བྱེད་སྒོ་སྤེལ་དགོས་པ་གལ་ཆེ་ལ། ལྷག་པར་དུ། རང་གཞུང་སྤྱི་འཐུས་དང་བཀའ་ཤག་ཟུང་འབྲེལ་གྱི་བཀའ་སློབ་དགོངས་དོན་གནང་སྒོ་བཅས་པ་ཡང་དེ་རང་ཡིན་དུས། ང་ཚོ་དབུ་མའི་ལམ་དུ་མོས་མཐུན་དང་རྒྱབ་སྐྱོར་ཡོད་པའི་སྒེར་ཚོགས་ཀུན་ནས་དེ་དང་དུ་བླང་ནས་བྱེད་སྒོ་སྤེལ་དགོས་པ་ཧ་ཅང་གལ་ཆེར་མཐོང་། དེ་མིན། གཞོན་ནུ་ཚོགས་པ་སོགས་ཀྱི་ལངས་ཕྱོགས་སུ་ཡོད་པ་རྣམས་ཀྱིས་སོ་སོའི་ལམ་ཕྱོགས་དེ་བཟུང་ན་མི་འགྲིག་པ་གང་ཡང་ཡོད་མ་རེད་། ཅིའི་ཕྱིར་ཞེ་ན། ང་ཚོའི་གཞུང་དེ་མང་གཙོའི་གཞུང་ཡིན་པ་དང་མང་གཙོ་ལ་སྨྲ་བརྗོད་རང་དབང་དང་ཐོབ་ཐང་ཟེར་བ་གཉིས་རྩ་འཛིན་ལྟ་བུ་རེད་།
ང་ཚོ་ད་ལྟ་ལུང་པ་མེད་པའི་མི་རིགས་ཞིག་རེད་། རང་དབང་ལ་ལོངས་སུ་སྤྱོད་མི་ཐུབ་པའི་མི་རིགས་ཤིག་རེད་། དེའི་རྩ་དོན་གྱི་ཆ་ནས་གཅིག་གྱུར་རེད་མ་གཏོགས་རང་བཙན་ལ་འཐབ་རྩོད་བྱེད་མཁན་ལ་ཐོབ་ཐང་ཆེ་བ་དང་ཆེས་མཐོའི་རང་སྲིད་རང་སྐྱོད་རྩོད་མཁན་ལ་ཐོབ་ཐང་ཆུང་བ་སོགས་གང་ཡང་ཡོད་མ་རེད་། ཡིན་ན་ཡང་། ང་ཚོས་རང་དབང་ལུང་པའི་ནང་དུ། ཁག་ཅིག་གིས་ང་ཚོར་རང་བཙན་གཙང་མ་དགོས་ཟེར་གྱི་ཡོད་པ་དང་ཡང་གཞན་དེས་མིང་དོན་མཚུངས་པའི་རང་སྐྱོང་དགོས་ཞེས་ནང་ཁུལ་ཕན་ཚུན་ལ་རྩོད་པ་བྱེད་པའི་རིང་དེར། བོད་ནང་དུ་སྤུན་ཟླ་རྣམས་སྔར་བཞིན་སྡུག་བསྔལ་མྱོང་བཞིན་བསྡད་ཡོད་པ་རེད་། ཁོང་ཚོའི་གནས་སྟངས་དངོས་ལ་ང་ཚོས་མནོ་བསམ་གཟབ་ནན་བཏང་ཡོད་མེད་ང་ཚོ་མི་རེ་ངོ་རེའི་སྒང་ནས་བསམ་ཞིབ་བྱེད་རྒྱུ་ཧ་ཅང་གལ་ཆེར་མཐོང་། ལྷག་པར་དུ་། བོད་ནང་གི་གཞིས་ལུས་རྒྱ་ཆེའི་མི་མང་གི་དཀའ་ངལ་ལ་རང་དབང་ལུང་པར་ཡོད་པའི་བོད་མི་རྣམས་ཀྱིས་འགན་ཁུར་རོགས་ཞེས་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་བཀའ་སློབ་ལམ་སྟོན་རབ་དང་རིམ་པ་གནང་གི་ཡོད་པ་དེར་ང་ཚོས་བསམ་བློ་གཏོང་གི་ཡོད་དམ། གལ་སྲིད་ཡོད་ན་མི་རེ་ངོ་རེ་ནས་བསྐྱར་དུ་དགོངས་པ་ཟབ་བཞེས་གནང་རོགས་ཞེས་འབོད་སྐུལ་ཞུ་གི་ཡོད་།
མཐའ་དོན། འབྱུང་འགྱུར་ང་ཚོས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཇི་ལྟར་བྱས་ན་ཡག་ཚུལ་གྱི་སྐོར་ལ་གུས་བས་བསམ་ཚུལ་ཞིག་ཞུ་གི་ཡིན། ཚང་མས་བགྲོ་གླེང་ལྷུག་པོ་གནང་ནས་མ་འོངས་པར་ནུས་ལྡན་ཅན་གྱི་འཐབ་རྩོད་ཀྱི་གྲུབ་འབྲས་ཤིག་འདོན་ཐུབ་པའི་རེ་འདུན་ཞུ་གི་ཡོད་། འདི་རང་རྒྱལ་གཞན་ཕམ་དང་ཁོང་ཁྲོའི་དབང་དུ་མ་སོང་བ་ཞིག་དགོས་གལ་ཤིན་ཏུ་ཆེ། ཅིའི་ཕྱིར་ཞེ་ན། རང་རྒྱལ་གཞན་ཕམ་ཟེར་བ་དེ་རང་ལ་མི་དགོས་བ་ནང་བཞིན་གཞན་ལ་ཡང་མི་དགོས། ཁོང་ཁྲོའི་དབང་དུ་ཕྱིན་པའི་ཐག་གཅོད་དེ་ལོང་བ་ལམ་ཤོར་ལྟ་བུ་རེད་། མི་ལོང་བ་ཞིག་སོ་སོའི་དམིགས་པའི་ཡུལ་དུ་སླེབས་རྒྱུ་ཕར་ཞོག་གཡང་ལ་ལྷུང་རྒྱུའི་ཉེན་ཁ་ཆེ། གོང་གསལ་དེ་རྣམས་རྒྱུ་མཚན་ལ་བཞག་ནས། དཔེར་ན། རྒྱ་གར་སོགས་ལ་སློབ་གྲྭ་མང་པོ་འདུ་འཛོམས་སྐབས། དམིགས་ཡུལ་དེ་སློབ་གྲྭའི་མཐུན་འགྱུར་དང་བྱ་བཞག་གི་ནང་དོན་ཟབ་དུ་གཏོང་ཐབས་སོགས་ཀྱི་དོན་དུ་ཡིན་པ་མ་ཟད་། སློབ་གྲྭ་གཅིག་གི་འདོད་དོན་དེ་སློབ་གྲྭ་གཞན་ཞིག་གི་འདོད་དོན་དང་མི་མཚུངས་ཀྱང་། ཆིག་སྒྲིལ་གྱི་ནུས་པ་འདོན་ཆེད་སློབ་གྲྭ་མང་པོ་མཉམ་དུ་འདུ་འཛོམས་བྱེད་ཀྱི་ཡོད་པ་རེད་། དེ་ཡང་། སློབ་གྲྭ་ཡོངས་རྫོགས་ར་མ་ལུག་ལྟར་བསྲེས་པ་མ་ཡིན་པར་སྒྲིག་ཚུགས་དང་ལྡན་པའི་སྒོ་ནས་སློབ་གྲྭ་སོ་སོའི་འཕྲེད་དར་སྔོན་དུ་འཁྱེར་བའི་སྒོ་ནས་གཅིག་གི་རྗེས་ལ་གཅིག་གྲལ་སྒྲིག་ནས་བསྐྱོད་པ་ལྟར། ང་ཚོས་གསུམ་བཅུའི་དུས་དྲན་ལྟ་བུ་སྲུང་བརྩི་ཞུ་སྐབས་ཀྱང་། སློབ་གྲྭ་ཁག་གི་འགྲོ་སྟངས་ལྟ་བུ་མིག་དཔེར་བླངས་ནས་ང་ཚོས་ཀྱང་ནང་ཁུལ་དུ་ཁ་རྩོད་དང་འཁྲུག་འཛིང་རིགས་ཕྲ་མོ་ཙམ་ཡང་མེད་པར། བོད་རིགས་སྤྱི་མཐུན་ཚོགས་པ་དང་བུད་མེད་ཚོགས་པ། གཞོན་ནུ་ཚོགས་པ། ཆུ་བཞི་སྒང་དྲུག་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་ཀྱིས་སོ་སོའི་མངོན་འདོད་གང་ཡིན་པ་དེ་འཕྲེད་དར་དུ་བྲིས་ནས་ཚང་མ་གྲལ་བསྒྲིགས་ནས་བསྐྱོད་ཐུབ་ན་དགེ་མཚན་དུ་མཐོང་། ཚོགས་པ་གང་གི་འཕྲེད་དར་གྱི་རྗེས་སུ་སུ་འགྲོ་དང་མི་འགྲོ་དེ་མི་མང་གི་རང་དབང་ཡིན་ཙང་། དེ་ལ་འདི་བྱས་ཆོག་དང་མི་ཆོག་སོགས་ཀྱི་སྐད་ཆ་མེད་པར། ཚང་མ་མཉམ་གནས་དང་མཉམ་ཞུགས་བྱེད་རྒྱུ་ཧ་ཅང་གལ་ཆེར་མཐོང་། དེ་ལྟར་བྱེད་ཐུབ་ན་གསར་འགོད་པ་རྣམས་ཀྱིས་དྲི་བ་དྲིས་ལན་བྱེད་སྐབས་ཀྱང་བྱེད་བདེ་བ་དང་གནས་ཚུལ་རྒྱ་ཆེར་སྤེལ་ཐུབ་པ་སོགས་ཀྱི་དགེ་མཚན་ལྡན། མདོར་ན། ང་ཚོས་ཆིག་སྒྲིལ་བྱེད་རྒྱུ་ནི་ང་ཚོའི་འདོད་དོན་གྱི་དམིགས་ཡུལ་དེ་འགྲུབ་ཐུབ་དང་མི་ཐུབ་དང་འབྲེལ་བ་ཆེན་པོ་ཡོད་པ་བློ་ལྡན་རྣམས་ཀྱིས་ཐུགས་ལ་བཅིངས་རོགས་གནང་།
སྤྱིར་ཆོས་དང་འཇིག་རྟེན་གང་ཡིན་རུང་བློ་རྩེ་གཅིག་ལ་བརྟེན་དགོས་པ་དེ་ཚང་མས་མཁྱེན་གསལ་རེད། སོ་སོའི་ལྟ་བ་གང་ཡིན་མིན་ལ་མ་ལྟོས་པར་བོད་དོན་བདེན་མཐའ་སེལ་ཐབས་ལ་ཆིག་སྒྲིལ་་དགོས་གལ་ཆེ། ཆིག་སྒྲིལ་དགོས་ཟེར་དུས་བསམ་བློ་གཅིག་མ་གཏོགས་གཏོང་མི་དགོས་ཟེར་བ་མིན་པར་བསམ་བློ་མི་མཐུན་པ་རྣམས་མཉམ་གནས་བྱེད་དགོས་ཟེར་གི་ཡོད་པ་རེད་། གནའ་བོའི་བོད་ཀྱི་གཏམ་དཔེར་ཡང་། “བློ་རྩེ་གཅིག་ཏུ་སྒྲིལ་ན་སྒོ་ངས་རྟ་འཁྱོག” ཟེར་སྲོལ་ཡོད་པ་རེད་། དེར་བརྟེན། ༧རྒྱལ་བའི་ཐུགས་དགོངས་སྒྲུབ་ན་ཡང་ཆིག་སྒྲིལ་དེ་གལ་ཆེན་རེད་། བོད་རིགས་སྤུན་ཟླ་རྣམས་ལ་ཁ་ཡོད་ལག་ཡོད་ཀྱི་གདུང་སེམས་མཉམ་བསྐྱེད་བྱེད་ན་ཡང་ཆིག་སྒྲིལ་དེ་གལ་ཆེ། བོད་དོན་བདེན་མཐའ་སེལ་བ་ལ་ཡང་ཆིག་སྒྲིལ་ནི་འཐབ་རྩོད་ཀྱི་རྨང་གཞི་ལྟ་བུ་ཡིན་པས་ཚང་མས་ཆིག་སྒྲིལ་གནང་རོགས་ཞུ་གི་ཡོད་།
བསྐྱར་དུ་ཞུ་རྒྱུར། ད་འཁྲུག་པ་མ་རྒྱག ད་ཆིག་སྒྲིལ་གྱིས།
རྩོམ་པ་པོ་ངོ་སྤྲོད་།
གནས་ནང་འགྱུར་མེད་དབང་གྲགས་ལགས་ནི། བོད་སྟོད་ལུང་གནས་ནང་དུ་སྐུ་འཁྲུངས། འཇར་པན་དུ་སློབ་འབྲིང་དང་གཙུག་ལག་སློབ་ཆེན། ཁ་ཎ་སྒྲར་ཞིབ་འཇུག་སློབ་ཐོན་བཅས་གནང་། ༧གོང་ས་མཆོག་གི་སྐུ་སྲུང་དགེ་རྒན་དང་བོད་གཞུང་བདེ་འཇགས་ལས་ཁུངས་ཀྱི་ལས་བྱེད་། འཇར་པན་སྐུ་ཚབ་དོན་གཅོད་ཀྱི་ཕྱག་རོགས་བཅས་ལོ་མང་གནང་མྱོང་། ད་ལྟ་ཁ་ཎ་སྒྲར་བཞུགས།
ཕྱོགས་ཅིག་གིས། སྒེར་པའི་གསར་འགྱུར་བཤད་པ།
https://www.facebook.com/video.php?v=822155964531525&set=vb.100002113880125&type=2&theater
འགྱུར་མེད་དབང་གྲགས་ལགས་ཀྱི་བསམ་ཚུལ་རྣམས་གལ་ཆེན་རེད་འདུག་པ་མ་ཟད་མི་རྒན་པོའི་ཉམས་མྱོང་རྣམས་ནས་ཀྱང་ལེགས་ཆ་ལེན་རྒྱུ་འདུག
རྒད་པོ་འདིའི་གཏམ་ལ་གོ་རྒྱུ་འདུག
༄།། དགའ་ལྡན་ཕོ་བྲང་གཞུང་ཞབས་ཟུར་པ་འགྱུར་མེད་དབང་གྲགས་ལགས་ཀྱི་ཅི་གསུངས་དངོས་བདེན་རེད། དེང་སང་སྤྱི་ཚོགས་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལས་མཁྱེན་ཡོན་ཆེ་བ། ཤེས་རབ་ཆེ་བ། མཐོང་རྒྱ་དང་ཐོས་རྒྱ་ཆེབ། བོད་མི་ས་ཡ་དྲུག་ལ་བྱམས་བརྩེ་དང་བཀའ་དྲིན་བླ་མེད་དུ་ཆེ་བ་ཁོང་ལས་ལྷག་པ་ཅིག་ཡིན་མདོག་མདོག་བྱེད་མཁན་རེ་ཟུང་དང་རང་ཉིད་བོད་པ་ཡོན་བཞིན་དུ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཡིན་མདོག་མདོག་བྱེད་མཁན་དེ་རིགས་ལ་ཡ་མཚན་དང་སེམས་ཁོངས་ནས་རྙིང་རེ་རྗེ།