ཡོང་ཁུངས། བོད་ཀྱི་དུས་བབ།
ཁ་སང་བོད་དོན་རྒྱབ་སྐྱོར་ཚོགས་པ་ ༡༧༥ ཡིས་སྙན་ཞུ་ཕུལ་ཏེ་ ༢༠༢༢ ལོའི་དགུན་ཁའི་ཨོ་རྩེད་འགྲན་ཚོགས་པེ་ཅིན་དུ་འཚོགས་མི་རུང་ཚུལ་བརྗོད་འདུག ཁ་སང་དབྱིན་ཡུལ་རྒྱལ་ས་ལོན་ཌོན་ནང་རྟེན་གཞི་བྱས་པའི་བོད་རང་དབང་ཚོགས་པ་(Free Tibet Organization) ཞེས་པའི་སྣེ་འཁྲིད་འོག བོད་དོན་རྒྱབ་སྐྱོར་ཚོགས་པ་ ༡༧༥ ཡིས་རྒྱལ་སྤྱིའི་ཨོ་ལོམ་པིག་ལྷན་ཚོགས་ཀྱི་ཚོགས་གཙོ་ཋོ་མཱ་སེ་བྷ་(Thomas Bach) མཆོག་ལ་ཤོག་གྲངས་ ༡༢ ཅན་གྱི་མཚན་འཁོད་སྙན་ཐོ་ཞིག་བསྐུར་ཏེ། ༢༠༠༨ ལོར་རྒྱ་ནག་རྒྱལ་ས་པེ་ཅིན་ནང་དབྱར་དུས་ཀྱི་རྒྱལ་སྤྱིའི་ཨོ་ལོམ་པིག་རྩེད་འགྲན་ཚོགས་རྗེས་ཀྱང་། འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡར་རྒྱས་ཕྱིན་མེད་པ་མ་ཟད། ད་ལྟ་ཡང་གཞུང་ཕྱོགས་ཀྱིས་དྲག་པོའི་ཁྲིམས་གཞི་བསྡམས་ཏེ་མང་ཚོགས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་སུན་གཙེར་དང་དཀའ་ངལ་ཆེན་པོ་བཟོ་བཞིན་ཡོད་སྟབས། ༢༠༢༢ ལོའི་དགུན་དུས་ཀྱི་རྒྱལ་སྤྱིའི་ཨོ་ལོམ་པིག་རྩེད་འགྲན་དེ་རྒྱ་ནག་ནང་འཚོགས་རྒྱུར་ཆོག་མཆན་སྤྲོད་མི་རུང་སྐོར་དགོས་འདུན་བཏོན་འདུག
བོད་རང་དབང་ཚོགས་པའི་ཚོགས་མི་དང་སྙན་ཞུ་འབྲི་མཁན་ཨཱ་ལི་སེ་ཌར་(Alistair Currie) ལགས་ཀྱིས་རོའུ་ཌར་གསར་ལམ་ཐོག “སྔ་མོའི་བཤད་སྲོལ་ལ་ང་ཐེངས་གཅིག་ལྐུགས་པ་བཟོས་པ་དེ་ཁྱེད་རང་ངོ་ཚ་དགོས་པ་རེད། ང་ཐེངས་གཉིས་ལྐུགས་པ་བཟོས་པ་དེ་རང་ཉིད་ངོ་ཚ་དགོས་པ་རེད་ཅེས་པ་ལྟར། རྒྱལ་སྤྱིའི་ཨོ་ལོམ་པིག་ལྷན་ཚོགས་ཀྱིས་ ༢༠༠༨ ལོར་རྒྱ་ནག་ནང་ཨོ་ལོམ་པིག་རྩེད་འགྲན་ཚོགས་བཅུག་ཡོད་པ་མ་ཟད། ད་ཐེངས་ཀྱང་བཅོས་མིན་ཆོག་མཆན་སྤྲོད་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད། པེ་ཅིན་གཞུང་གིས་ད་དུང་ཡང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་ཡོད་པ་མ་ཟད། རྒྱ་ནག་རྒྱལ་ཡོངས་ནང་ཐོབ་ཐང་དེ་ཚོར་བ་སྐྱེན་པའི་ཛ་དྲག་གི་ངོ་བོར་འགྱུར་བཞིན་ཡོད་ཀྱང་། ད་ལྟ་རྒྱལ་སྤྱིའི་ཨོ་ལོམ་པིག་ལྷན་ཚོགས་ཀྱིས་རྩེད་འགྲན་སྐོང་ཚོགས་བྱ་རྒྱུར་ཆོག་མཆན་སྤྲོད་རྒྱུའི་གྲ་སྒྲིག་བྱེད་བཞིན་པ་དེར། ང་ཚོས་རྒྱལ་སྤྱིའི་ཐོག་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་ཀྱང་བྱེད་མཁན་ལ་ཉེས་པ་གཏོང་གི་མེད་པར་ངོས་འཛིན་བྱེད་རྒྱུ་ཡིན།”ཞེས་བརྗོད་འདུག
སྙན་ཐོ་དེའི་ནང་། “རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་སྲིད་ཇུས་སྔར་ལྷག་ཤུགས་ཇེ་ཆེར་གཏོང་གི་ཡོད་སྟབས། རྒྱལ་སྤྱིའི་ཨོ་ལོམ་པིག་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་ལ་སླར་ཡང་ཆོག་མཆན་སྤྲོད་རྒྱུ་ཐག་གཅོད་བྱས་ཚེ། དེ་སྔོན་ནོར་འཁྲུལ་ཤོར་བ་དེ་བསྐྱར་ཟློས་བྱས་པ་ཞིག་རེད”ཅེས་བཀོད་འདུག
༢༠༡༢ ལོའི་ཟླ་ ༡༠ ནང་རྒྱལ་སྤྱིའི་ཨོ་ལོམ་པིག་ལྷན་ཚོགས་ཀྱིས་ ༢༠༢༢ ལོའི་དགུན་དུས་ཀྱི་ཨོ་ལོམ་པིག་རྩེད་འགྲན་གྲོང་ཁྱེར་ག་པར་ཚོགས་དགོས་མིན་གྱི་སྙན་ཞུ་དེ། ༢༠༡༣ ལོའི་ཟླ་ ༡༡ ཚེས་ ༡༤ འགྱངས་མེད་ཕྱིར་སྤྲོད་བྱེད་དགོས་པའི་གསལ་བསྒྲགས་སྤེལ་རྗེས། རྒྱལ་སྤྱིའི་རྒྱལ་ཁབ་ ༡༣༥ ལྷག་གིས་སྙན་ཞུ་འབྱོར་ཡོད་འདུག ༢༠༡༤ ལོའི་ཟླ་ ༧ ཚེས་ ༧ ཉིན་རྒྱལ་སྤྱིའི་ཨོ་ལོམ་པིག་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱིས་བསྐྱར་ཞིབ་ཚོགས་འདུ་བསྐོངས་ཏེ། ནོར་ལྦེ་རྒྱལ་ས་ཨོ་སོ་ལོ་དང་ཁ་ཛག་ཀི་སི་ཐན་གྱི་གྲོང་ཁྱེར་ཨལ་མཱ་ཌེ་(Almaty)། རྒྱ་ནག་རྒྱལ་ས་པེ་ཅིན་བཅས་བདམས་ཡོད་ཀྱང་། ༢༠༡༤ ལོའི་ཟླ་ ༡༠ ཚེས་ ༡ ཉིན་ནོར་ལྦེ་གཞུང་གིས་ཕྱིར་འཐེན་བྱས་ཡོད་སྟབས། ༢༠༡༥ ལོའི་ཟླ་ ༧ ཚེས་ ༣༡ ཉིན་རྒྱལ་སྤྱིའི་ཨོ་ལོམ་པིག་ལྷན་ཚོགས་ཀྱིས་རྒྱ་ནག་དང་ཁ་ཛག་ཀི་སི་ཐན་གཉིས་ལས་གཅིག་འདེམས་རྒྱུ་ཡིན་འདུག
ཆབ་སྲིད་དབྱེ་ཞིབ་པ་ཚོས། ད་ལྟ་རྒྱ་ནག་ནི་རྒྱལ་སྤྱིའི་ཐོག་དཔལ་འབྱོར་དང་དམག་ཤུགས་ཆེ་ཤོས་ཨང་གཉིས་པ་ཡིན་པ་མ་ཟད། རྒྱལ་ཁབ་མང་ཆེ་བ་རྒྱ་ནག་ལ་བསྟུན་མཁས་བྱེད་དགོས་སྟབས། ༢༠༢༢ ལོའི་དགུན་དུས་ཀྱི་ཨོ་ལོམ་པིག་རྩེད་འགྲན་དེ་པེ་ཅིན་ལ་འཚོགས་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག
གསར་འགོད་པ། དོན་གྲུབ།
རེད་རེད