དོལ་སྨྱོན།
མདུན་གྱི་ལམ་ནི་ཁོད་ཡངས་ཤིང་།།
ཟུར་གྱི་མེ་ཏོག་མིག་ལ་མཛེས།།
བདེ་སྐྱིད་བདེ་སྐྱིད་ཅེས་པའང་།།
ཞར་དང་ཞོར་ནས་འཐོབ་པར་མཛོད།།
མི་ཚེ་རླུང་ཁའི་མར་མེ་སྟེ།།
ཁྱོད་ལ་སྤོབས་པའི་གདེང་ཅི་ཡོད།།
ཚེ་ཡི་རྒྱུན་ཐག་ཆད་པའི་དུས།།
ཁྱོད་རང་འགྱོད་པ་མེད་ཙམ་མཛོད།།
ནམ་མཁའ་འདི་ནི་སྔོ་ཞིང་དྭངས།།
སྤྲིན་པའི་ཚོགས་དག་དལ་གྱིས་རྒྱུ།།
སྟོན་རླུང་བསིལ་མོའི་རྒྱུ་ཕྱོགས་ཀྱང་།།
ལམ་འགྲོའི་སེམས་ལ་སྤྲོ་སྣང་སྟེར།།
སེམས་འདི་རྒྱུ་མའི་སྤྲུལ་པ་སྟེ།།
བདེ་སྡུག་སྤྲུལ་སྒྱུར་ཅིར་ཡང་སྟོན།།
སེམས་ཀྱི་རང་ངོར་ཤེས་པ་ན།།
བདེ་སྡུག་ནམ་མཁའི་འཇའ་ལྟར་ཡལ།།
ནོར་གྱི་བླུ་བྲིད་དགོས་པ་མེད།།
བཅོས་མའི་འཛུམ་མདངས་དགོས་པ་མེད།།
མེ་ཏོག་ལྟ་བུའི་མི་ཚེ་འདི།།
མཛེས་སྡུག་ངང་དུ་འཚོ་བར་བྱ།།
དྭངས་གཙང་སེམས་ཀྱི་རང་གཤིས་ལ།།
ནག་ནོག་དྲི་མས་ཅི་ལ་བྱུག།
རྙེད་དཀའི་མི་ལུས་རིན་ཆེན་འདི།།
དོན་མེད་ངང་དུ་ཅི་ལ་འཛད།།
མིང་དང་གོ་སས་ཅི་ཞིག་བྱ།།
རྒྱུ་དང་འབྱོར་བས་ཅི་ཞིག་བྱ།།
སེམས་ཀྱི་བདེ་སྐྱིད་མེད་གྱུར་ན།།
བདེ་སྐྱིད་གཞན་གྱིས་ཅི་ཞིག་ཕན།།
ཁྱོད་ལ་འཁྲེང་བའི་སེམས་པ་འདི།།
དྲན་དང་གདུང་བའི་ཀློང་ན་དུབ།།
དྲན་གདུང་སེམས་ཀྱི་ཁུར་པོ་དེ།།
དེ་རིང་གཙང་པོའི་རྒྱུན་ལ་བཏབ།།
དབང་གིས་འཕྲོག་པར་མི་ནུས་ལ།།
སྒོར་གྱིས་ཉོ་བར་མི་ཐུབ་པའི།།
རང་བྱུང་སེམས་ཀྱི་བདེ་སྐྱིད་འདི།།
རང་དབང་ངང་ནས་རོལ་བར་མཛོད།།
༢༠།༠༣།༢༠༡༥།