ཨེ་མ་ཧོ།
ཕ་བླ་མ་སྐུ་གསུམ་བདག་པོ།།
བུ་དམ་པའི་སྒོ་གསུམ་འདྲེན་པ།།
རྗེ་ཀུན་མཁྱེན་བརྒྱུད་གསུམ་རིག་འཛིན།།
གྲོགས་བཟང་པོར་དུས་གསུམ་གཟིགས་མཛོད།།
ཕྱི་འབྱུང་བའི་བསིལ་དྲོད་ཡལ་ཡང་།།
ནང་སྒྱུ་ལུས་བདག་འཛིན་མ་བྱས།།
དོན་བསྟན་འགྲོར་ཕན་བདེའི་ཐབས་སུ།།
དུས་རྒྱུན་དུ་འཆད་རྩོམ་བྱས་ཡ།།
རྒྱ་ནག་པོའི་སྦྱིན་བདག་བཟང་པོས།།
ཆོས་འགྲེལ་ཆེན་བདག་པོ་བྱས་ནས།།
མཆེད་ཡོངས་ལ་མཆོད་འབུལ་ཐོབ་པ།།
བདག་འཆི་ཡང་འགྱོད་པ་མེད་དོ།།
སྤྱིར་འཛམ་གླིང་ལྟད་མོས་ལྟ་བཞིན།།
གནད་རིག་གནས་གོང་འཕེལ་གཏོང་ཞོར།།
ཡུལ་ངེས་མེད་རྒྱལ་ཁམས་འཁྱམ་པོས།།
ལུས་སྙིང་པོ་ལོན་པར་དགའ་འོ།།
ཕ་དམར་པོ་ཏང་གིས་བསད་ཀྱང་།།
མ་དྲིན་ཆེན་ཕྱག་རོགས་བྱས་ནས།།
ཆོས་ཐོས་བསམ་སྒོམ་པར་བརྩོན་པའི།།
མི་ང་འདྲའི་བསོད་ནམས་ཆེན་པོ།།
དཔོན་མཐོན་པོའི་ངོ་སོ་མ་སྲུང་།།
འབངས་ཉམས་ཐག་མགོ་བོ་མ་བསྐོར།།
དྲང་བདེན་པའི་དམ་ཆོས་སྤེལ་བས།།
ད་འཆི་ཡང་སྐྱོ་སྣང་མི་འདུག།
ཕ་མེས་པོའི་གངས་རར་གཏོར་བས།།
མ་རྫུན་མའི་པང་ན་ཉལ་བཞིན།།
གྲོགས་ཁྲེལ་མེད་མིའུ་འགའ་རེས།།
དོན་གཞི་མེད་སྲོག་རྩ་བཅད་ཐལ།།
མཚོ་སྔོན་པོའི་ཟིན་བྲིས་ནང་ན།།
ཁྱིམ་དྲོན་མོའི་འདུ་ཤེས་བཟུང་ནས།།
སྙིང་དམར་པོའི་མགུར་གླུ་བླངས་ཀྱང་།།
སྐེ་ཕྲ་མོའི་རྒྱུན་ཐག་བཅད་ཐལ།།
གནམ་སྔོན་སྔོན་པོའི་བཀའ་ཆད་མིན་ན།།
མཚོ་སྔོན་པོའི་ཐུགས་བསམ་བཞེས་རོགས།།
དྲ་བཟང་པོའི་བརྡ་ལན་བརྒྱུད་ནས།།
དོན་དངོས་ཡོད་བདེན་ཁ་སྤྲད་ཆོག།
བོད་ཕྱི་ནང་འདུ་ཤེས་ཁྲ་མོ།།
བདེན་དྲང་པོའི་ཕྱི་གསལ་ནང་གསལ།།
ངོ་མཚར་བའི་ཡི་གེ་ཐང་མལ།།
གཞི་འཛིན་པ་ཁོ་བོའི་ལ་རྒྱ།།
རྒྱ་དབྱིན་རིགས་སྐད་ཡིག་ཕྱོགས་ལ།།
ལས་འབད་བརྩོན་ངལ་བར་མ་བྱས།།
ཆོས་རིག་གཞུང་རང་གིས་སྲུང་ནས།།
བོད་རྣམ་དག་དཔལ་དགྱེས་རྡོ་རྗེ།།
ངའི་ཟིན་བྲིས་སྟོང་དང་དགུ་བརྒྱ།།
ཉིན་གསུམ་ལ་གནས་སྒོ་ཕྱེས་དང་།།
གཞི་དཔར་བཤུས་ཚང་མ་ཚར་དུས།།
ས་མི་དགོས་རྩོམ་སྒོ་རྒྱབ་ཆོག།
བཀའ་བསྟན་བཅོས་དབང་པོར་བཞག་པའི།།
རྩོམ་ཟིན་ཁུག་ནམ་མཁའི་རིག་ཀློང་།།
མཚོ་སྔོན་པོས་དུག་ཏུ་མཐོང་ན།།
ཆང་དམར་པོའི་བཟི་བ་མིན་ནམ།།
ཨ་ལ་ལ་ཀུ་རེ་རྩེད་མོ།།
སྤུན་ཕུ་ནུའི་ཐུགས་ལ་གནོད་ན།།
དཔར་བཤུས་ནས་ཨེ་ཧོའི་དོ་ཧ།།
དེབ་བྱས་ནས་རང་གིས་གཉེར་ཆོག།
ཚིག་དང་པོ་བརྡ་ལན་མ་བྱས།།
ཞིབ་གཤེར་མིན་རིགས་པ་མ་དཔྱོད།།
ལོ་དུ་མར་ཞལ་འདེབས་བྱས་པ།།
མེ་དམར་པོའི་ནང་དུ་མ་གཡུགས།།
མཐོ་ཟིན་བྲིས་བདག་པོས་གསོན་དང་།།
དམའ་རྒྱལ་འཁྱམ་པོ་བདག་གི་བསམ་བློ།།
ཁ་ཕྱི་ནང་གཡོ་སྒྱུ་མེད་པར།།
བདེན་དྲང་པོའི་ལམ་ནས་བཀོད་ཡོད།།
གཞི་བདེན་པའི་རྒྱལ་ཁ་ཐོབ་ཅིང་།།
ལམ་དབུ་མའི་སྲོག་རྩ་ཟིན་ནས།།
དོན་ངེས་པའི་བསྟན་སྲིད་ལགས་ན།།
ཀུན་མཐུན་པའི་ཆིག་སྒྲིལ་གནང་རོགས།།
ཆོས་གྲུབ་མཐའི་རྩོད་པ་མ་ཡིན།།
ཡུལ་ཆོལ་ཁའི་ཕྱོགས་ཞེན་མ་ཡིན།།
སྒེར་རུལ་སོང་འཁོན་རར་མིན་ན།།
དྲང་རྒྱ་མའི་རྒྱ་ཁ་འཇལ་རོགས།།
གཞི་བོད་མིའི་འདུག་ཆོས་བསམ་ནས།།
ལམ་རྟེན་འབྲེལ་རྒྱུ་འབྲས་སྲུང་ཞིང་།།
དོན་གནས་ལུགས་རྗེན་པར་ཤོད་དང་།།
སྡེ་མངའ་ཐང་དར་རྒྱས་འབྱུང་ངེས།།
མཚོ་སྔོན་པོ་ཁྲི་ཤོག་རྒྱལ་མོར།།
ཉ་གསེར་མིག་རྒྱུ་དབང་མེད་ན།།
དུང་སོག་དཀར་ནོམ་པ་བསམས་ནས།།
དབུགས་གསོན་པོའི་རྒྱུན་ཐག་མ་གཅོད།།
ང་གངས་རིའི་གསེར་ཉ་འདབ་ཡངས།།
མཐའ་ཡས་པའི་རྒྱ་མཚོ་ཆེན་པོར།།
གཏོང་ཐུབ་པའི་སྲོག་བླུའི་བདག་པོ།།
གྲོགས་འཇིགས་སྐྱོབ་དེད་དཔོན་ཡོད་དམ།།
ལས་གལ་ཏེ་སླར་གསོ་མེད་ན།།
འཆི་ངེས་པའི་གཤིན་གྲི་ཡིན་ན།།
མཚོ་སྔོན་པོར་ཁྲག་ཐིགས་མེད་པར།།
རོ་པོ་ཏ་ལ་རུ་སྐྱོལ་ཞིག།
བོད་གདོང་དམར་བྱང་ཆུབ་སེམས་དཔས།།
ས་ཆེན་པོར་ཁ་ལོ་བསྒྱུར་ནས།།
རྗེ་འབངས་འཁོར་རིགས་ལྡན་ཞིང་དུ།།
ཀུན་འཛོམས་པའི་བསྔོ་སྨོན་བྱེད་དོ།།
ཞེས་པ་འདི་ཡང་རབ་གནས་ཤིང་ལུག་དབོ་ཟླའི་དཀར་ཕྱོགས་དགའ་བ་གཉིས་པར་མཚོ་སྔོན་པོའི་ཟིན་བྲིས་ནང་དུ་ལོ་ངོ་བཞི་ལྔའི་རིང་སྤེལ་བའི་རྩོམ་ཁུག་ཉིད་རྒྱུ་མཚན་གང་ཡིན་མ་བཤད་པར་རྩོམ་སྒྲིག་པས་རྩོམ་ཡིག་དག་མི་མངོན་པ་བྱས་པ་མ་ཟད། གློ་བུར་དུ་རྩོམ་ཁུག་གི་ས་མིག་ཀྱང་མེད་པར་བཟོས་པས་རྒྱུ་བྱས། ཆོས་མཆེད་དྲ་གྲོགས་དུ་མས་གདུང་སེམས་མཉམ་བསྐྱེད་རྩོམ་སྒོ་ཕྱེ་བར་སྐུལ་མ་མཐོང་བའི་རྐྱེན་བྱས་ནས་གང་དྲན་དུ་ཤྲྰིཿཨེ་མ་ཧོས་དབྱིན་ཡུལ་ཀུན་བཟང་དཔལ་མོའི་ལྷ་ཁང་དུ་བྲིས་པར་དགེའོ།། །།
མཆན། བདག་གིས་བྲིས་པ་དག་བོད་ཕྱི་ནང་གི་ཚོར་བ་གསོན་པོ་དག་དགའ་སྡུག་གི་རྣམ་གྲངས་དག་གོ་བདེའི་ཚིག་བཅད་དུ་ཕབས་པ་དང། མཚོ་སྔོན་ཟིན་བྲིས་ལ་ཕན་སྒྲུབ་འདོད་ལས་གནོད་སྐྱལ་འདོད་གཏན་ནས་མེད་ཀྱང་། ཁྱེད་ཟིན་བདག་རྣམ་པ་མིན་པར་བཙན་པོ་གནམ་གྱིས་བཀས་བཅད་པའམ། ཨེ་མ་ཧོའི་རིག་ཀློང་གི་མཚོ་སྔོན་ཟིན་བྲིས་ཡོངས་ལ་གནོད་ན་གཞི་མེད་གཏོང་ཆོག་གོ། ཡིན་ན་ཡང་ལན་གཅིག་ངེས་པར་དུ་སྒོ་ཕྱེ་དགོས་ཡོད། རྒྱུ་མཚན་གང་ཡིན་ན་ད་སྔོན་ཡན་ཆོད་དུ་ཁྱེད་རྣམ་པར་ཡིད་ཆེས་བློ་གཏད་ནས་མ་གཞིར་བདག་གཉེར་བྱས་མེད་པས་དེ་ལུགས་གནང་རོགས་ཞེས་འབོད་བསྐུལ་ཞུ་བཞིན་ཡོད་ལགས་སོ།། །།
ཡ་ཡ་ཨེ་མ་ཧོས་ཐུགས་ཁྲེལ་མ་གནང་དང་ཉིན་འགས་རྗེས་སུ་ཁྱེད་ཀྱི་རྩོམ་ཁུག་སྒོ་འབྱེད་རྒྱུ་རེད་ཀོ། དེ་ན་དྲ་བདག་དེ་ཚོ་ཤེས་ཡོན་ཅན་དག་དག་རེད། བཙན་བྱོལ་འགྲོགས་འཛུགས་དང་འདྲ་ནི་མ་རེད། དེ་མིན་ན་ཕལ་ཆེར་ཁ་བརྡ་ཐོག་གཏོང་དང་ཡག་པོ་མི་འདུག་གམ།
འཆི་བ་དུས་སུ་འོངས་བ་ལ། །
སྐྲག་དགོས་དོན་དག་མེད་ན་ཡང་། །
ཉེས་བསགས་མ་བཤགས་གོང་འཆི་ན། །
སྐྲག་དུས་བློ་འགྱོད་ཆུང་བས་ལན། །
འགྱིད་ལུག་པ་རྣམས་འཆི་དུས་སྐྲག །
བརྩོན་མེད་པ་རྣམས་འཆི་དུས་སྐྲག །
ཆོས་དད་པ་རྣམས་འཆི་དུས་སྐྲག །
ཆོས་མེད་པ་རྣམས་འཆི་དུས་སྐྲག །
སྐྱེས་ཙམ་ཉིད་ནས་འཆི་བར་ངེས། །
བྱིས་དུས་ཉིད་ནས་ཆོས་ལ་བརྩོནད། །
དར་མའི་དུས་སུ་ཐོས་བསམ་སྒོམས། །
རྒ་བའི་དུས་སུ་འཆི་བ་སྒྲུགས། །
འཆི་ལས་གཡོལ་ཐབས་མེད་དང་གཅིག །
འཆི་བ་དང་དང་དུ་བླངས་དགོས་གཉིས། །
འཆི་དུས་འགྱོད་སེམས་མེད་དང་གསུམ། །
འཆི་བ་འོངས་དུས་དགའ་དང་བཞི། །
དེ་བཞི་རྣལ་འབྱོར་པ་ལ་དགོས། །
མ་འཆི་གོང་ནས་བདག་འཛིན་རྩབ་ཧྲལ་བཟོས། །
མ་འཆི་གོང་ནས་གཅེས་འཛིན་མགོ་གནོན་གྱིས། །
འཆི་ནས་བདེ་ནས་བདེ་བར་འགྲོ་བ་ལ། །
འཆི་དུས་དགའ་བདེའི་དཔལ་བཟང་ཉིད་ལ་མྱོངས། །
སྐྱེས་ནས་འཆི་བ་ཆོས་ཉིད་རེད། །
འཆི་ནས་སྐྱེ་བ་ལས་འབྲས་རེད། །
སྐྱེ་འཆི་བར་དོ་གསུམ་པོའི་བར། །
ཆོས་ལོངས་སྤྲུལ་སྐུ་རྣམ་གསུམ་སྒོམས། །
འཆི་བ་མི་རྟག་སྒོམས་ཞིག་ཀརྨ་པ།།
འདི།
འཆི་བ་མི་རྟག་སྒོམས་ཤིག་ཀརྨ་པ།།
སྒོམས་ཞིག་མ་རེད། སྒོམས་ཤིག་རེད། །
ལྗོན་དབང་ལས།
ས་མཐར་དམིགས་བསལ་ཞེས། །
ཤིང་ཤེས་ཤེའོ་ཤེ་ན་འཐོབ། །
པདྨ་ལགས། དང་པོ་སུམ་རྟགས་སྦྱངས་དེ་ནས། ཀརྨ་པ་ལ་འགྲན་བསྡུར་གྱིས།
ནམ་རྒྱུན་ངས་སྐྱོན་བརྗོད་རེ་ཞུ་བཞིན་ཡོད་ཀྱང་། ཁོག་ནས་སྡང་དང་ཞེ་འཁོན་བྱས་ནས་དགྲ་རུ་བཟུང་བ་ཞིགགིས་གཏན་ནས་སྨད་འདོད་མེད། དམ་པའི་ཆོས་དང་འགལ་བའི་ལས་ངན་སུ་ཞིག་གིས་བཟོས་ན་བསམ་པ་དཀར་པོས་ཁ་བརྡ། ཁ་ལག་གཙང་མའི་མཆོད་པ་བཞིན་བྱེད་ཡོད། ཡིན་ན་ཡང་སྐྱོན་ལ་སྐྱོན་ངོས་འཛིན་ནུས་པའི་མི་དཀོན་པོ་རེད། xxx