མིག་མི་འཛུམ།
ཇོ་ནང་བའི་གནད་དོན་འདི་ཧ་ཅང་ཛ་དྲག་གི་རང་བཞིན་ཞིག་ཏུ་སེམས། སྔ་སོར་ཇོ་ནང་སྒྲུབ་རྒྱུད་ཀྱི་རིང་ལུགས་འཛིན་པའི་སྡེ་འདི་ལ། ཆོས་རྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་དགོས་མིན་དང་སྤྲོད་མིན་ཐད། གཏམ་ཐོ་རེ་བ་འགའ་གོ་མྱོང་བ་མ་ཟད། སྤྱི་འཐུས་ཁ་ཤས་ཀྱིས་རང་རྐྱ་ཐུབ་པའི་ཆོས་རྒྱུད་ཅིག་མ་ཡིན་པར་གྲུབ་མཐའ་ག་གེ་མོའི་ནང་གསེས་ལྟ་བུ་ཞིག་ཡིན་པར་བསྒྲུབས་མྱོང་བའང་ཐོས། དེ་དུས་ནས་རང་ཉིད་ཇོ་ནང་བའི་གྲུབ་མཐར་འཇུག་པ་ཞིག་མིན་ནའང་། ཆུང་དུས་ནས་གཞུང་ལུགས་རེ་ཟུང་ལ་ཐོས་བསམ་བྱེད་མཁན་ཞིག་ཡིན་པའི་ངོས་ནས། བོད་ཀྱི་ལོ་རྒྱུས་ཐོག་ཡོངས་གྲགས་ཀྱི་མཁས་པ་མང་བོས་ལྟ་བའི་ཐད་དཔྱད་བསྡུར་གནང་སྐབས། ཇོ་ནང་བའི་དབུ་མའི་ཐད་ཀྱི་གཞན་སྟོང་ལ་དགག་པ་མང་དུ་བྱེད་པ་དང་། གྲུབ་མཐའི་རྣམ་བཤད་ཁག་ཏུ་ཡང་ཇོ་ནང་གྲུབ་མཐའི་ལྟ་བའི་བཞེད་དགོངས་སོགས་ལ་ཆེ་ཆེར་འགྲེལ་བ་དེ་དག་དྲན་གྱི་འདུག
སྐབས་དེ་དག་ཏུ་ཇོ་ནང་དང་ས་སྐྱ་གཉིས་གཅིག་ཏུ་བཞེད་མཁན་སུ་ཡང་མེད་ཁར་ས་སྐྱའི་ནང་གསེས་ཤིག་ཡིན་པའི་གཏམ་ཡང་སྦྲང་སྐད་ཙམ་མེད། འོན་ཀྱང་བླ་མ་རེ་ཟུང་གི་སློབ་མ་དང་སློབ་མ་རེ་གཉིས་ཀྱི་བླ་མར་བསྟེན་ནས་གྲུབ་མཐའ་ཕན་ཚུན་གྱིས་གཅིག་གིས་གཅིག་བསྡུ་གསོག་རྒྱག་དགོས་ཚེ། ས་སྐྱའི་གྲུབ་མཐའ་དང་དེའི་སློབ་བརྒྱུད་གཙོས། བཀའ་རྒྱུད་དང་རི་བོ་དགེ་ལྡན་པ་སོགས་ཀྱང་ཡོད་ཚོད་མི་འདུག་པ་གནས་ལུགས་སུ་གྲུབ་ཡོད། དེ་ཞོར་འཕྲོས་ཡིན།
དཀྱུས་ལ་འབབ་པར་བྱ་སྟེ། དེ་རིང་གྲོས་ཚོགས་སྒོ་ཁར་འཕྲེད་དར་སྣ་ཚོགས་དང་ཡིག་བྱང་འདྲ་མིན་བཏེགས་ནས་ཞུ་འབོད་བྱེད་ཀྱིན་པ་འདི། ངས་བསམ་ན་ཧ་ཅང་ཉེན་ཁ་ཆེན་པོ་ཞིག་གི་སྟ་གོན་ཡིན་པར་སྣང་། བོད་ཡུལ་སྟོད་སྨད་བར་གསུམ་ལ་ཁྱབ་པའི་གྲུབ་མཐའ་ཆེན་པོ་ཞིག་ལ་གྲུབ་མཐའ་གཞན་ལྟར་གྲོས་ཚོགས་ཀྱི་རྐུབ་སྟེགས་མ་ཐོབ་པ་འདི་གནས་ལུགས་ཀྱི་སྟེང་ནས་བཤད་ན་དེ་ཙམ་འོས་པ་ཞིག་མིན་ཏེ། འོན་ཀྱང་མང་གཙོའི་ཐག་གཅོད་ཀྱི་གྲོས་ཆོད་བརྩི་དགོས་པ་ཡང་དཔལ་རྒྱལ་བ་ཇོ་ནང་བའི་ཆོས་རྒྱུད་འཛིན་པ་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་ཡིན།
གནད་དོན་འདི་གང་ནས་བྱུང་བ་རེད་དམ་ཞེ་ན། ཁྲིམས་བཟོ་ལྷན་ཁང་གི་མི་སྣ་རེ་རེའི་ངོས་དང་བསམ་བློའི་ཆུ་ཚད་ཀྱི་སྟེང་ནས་བྱུང་བ་ཞིག་ལ་ངོས་འཛིན་དགོས་པར་མཐོང་། འུ་ཚོའི་ཁྲིམས་བཟོ་བ་དག་གིས་ནི་རྣམ་རྟོག་དང་ཐེ་ཚོམ། ཞེད་སྣང་འབའ་ཞིག་གི་ངོས་ནས་སྤྱི་དོན་ཞེས་པའི་རྩྭ་ཕུང་ལྟ་བུའི་ལས་ཀ་ཞིག་སྒྲུབ་ཀྱིན་ཡོད། དེ་ནི་འཐེན་འཁྱེར་ཞེས་པའི་རང་སྲོག་གཅོད་བྱེད་ཀྱི་རལ་གྲི་དེ་ཡིན། ད་རེའི་གྲོས་ཚོགས་ནས་བགྲོ་གླེང་གང་ཡང་མེད་པར་གློ་བུར་ཐོལ་རྒྱག་གི་རྣམ་པ་དེ་དང་། དེའི་མཇུག་འབྲས་ལ་གཞིག་ན། འཕྲལ་ཕུགས་རྒྱང་གསུམ་གྱི་གནད་དོན་ལ་བསམ་བློ་གང་ཡང་མ་བཏང་བར། ཐད་ཀར་ཆོལ་ཁ་དང་ཆོལ་ཁའི་ཞེན་ཁོག་འབའ་ཞིག་གི་རྣམ་པ་གསལ་བོར་མངོན་བྱུང་། འདི་ནི་ནམ་ནམ་ཞར་ཞར་ལ་རྡ་སའི་ཉེ་འཁོར་གྱི་ཐང་ཁྲོམ་སིལ་འཚོང་བ་དང་རྒྱ་གར་ཇ་ཁང་དག་གི་སྒོ་ཁར་འཚང་ནས་གོ་ལོ་ཐོས་ལོའི་གཏམ་གྱིས་ཉི་མ་བསྐྱལ་བའི་རྒན་རྒོན་དག་གིས་ནམ་རྒྱུན་བཤད་ཀྱིན་པ་སྟེ། “ཇོ་ནང་ལ་སྤྱི་འཐུས་ཐོབ་སོང་ཚེ། ཨ་མདོར་སྤྱི་འཐུས་གཉིས་ཀྱི་གྲངས་ཀ་འཕར་བ་རེད་”ཅེས་པ་དེ་ཡིན།
བློ་གཟུ་བོར་གནས་ཏེ་བཤད་ན། དཔལ་རྒྱལ་བ་ཇོ་ནང་བའི་གྲུབ་མཐའ་དང་དེའི་ཆོས་རྒྱུད། ད་དུང་གཞན་ལ་མེད་པའི་སྦྱོར་དྲུག་ཉམས་ལེན་གྱི་གདམས་པ་དག་ནི་བོད་བརྒྱུད་ནང་བསྟན་གྱི་གྲུབ་ཆ་ཞིག་ཡིན་པ་མ་ཟད། བོད་མི་རིགས་ཀྱི་རྩ་བའི་རིག་གཞུང་གལ་ཆེན་ཞིག་ཡིན་པ་ལས། ཆོས་བརྒྱུད་གྲུབ་མཐའ་འདིའི་མགོར་ཨ་མདོ་བཞག་ནས་བལྟས་ན་ཧ་ཅང་ཐལ་ཆ་ཤོར་བ་ཞིག་ལ་ངོས་འཛིན་མི་བྱ་ག་མེད་ཡིན། གོང་གི་བཤད་ཡམས་དེའི་རྗེས་སུ་རྒྱུག་མཁན་གྱི་ཁྲིམས་བཟོའི་མི་སྣ་ཁག་ཅིག་གིས། ནམ་དུ་ཡང་གྲོས་ཚོགས་ཀྱི་ལས་ཀ་ནི་ཆོལ་ཁ་ཕན་ཚུན་གྱི་མགོ་བོ་གཅོག་རེས་ཙམ་དུ་འཛིན་པ་ཅི་འདྲའི་བློ་ཡུལ་དུ་ཤོང་དཀའ་བའི་སྐྱོ་སྣང་ཞིག་རེད་ཨང་སྙམ།
དེ་རིང་འཕྲེད་དར་འཕྱར་ནས་ཞུ་འབོད་ལ་ཕེབས་པའི་དགེ་འདུན་པ་དང་མི་མང་གི་ངོས་ནས་ཧ་ཅང་ཞི་བ་དང་དུལ་བའི་རྣམ་པ་ཞིག་མངོན་པ་འདིས། ད་དུང་རེ་བ་ཆེན་པོ་བཟུང་ཡོད་པ་མཚོན་ཐུབ། གཞིས་ལུས་ཇོ་ནང་བའི་དགོན་སྡེ་ཆེ་ཆུང་བརྒྱ་ཕྲག་མང་བོ་དང་དེའི་ཆོས་རྒྱུད་འཛིན་པའི་མི་མང་འབུམ་ཕྲག་དུ་མའི་ཚབ་མཚོན་དུ་ཕེབས་པའི་ཁོང་ཚོས། རེ་འདུན་དོན་ཚན་བཞི་བཏེགས་ནས་པུས་མོ་སར་བཙུགས་པ་འདི་སྣང་མེད་དུ་བཞག་ཚེ། སུས་ཀྱང་འགོག་མི་ཐུབ་པའི་ཞི་ཁྲོའི་རྦ་རླབས་དྲག་པོ་ཞིག་རྗེས་ན་ཡོད་པ་མ་ཟད། ད་ལྟའི་ལོ་རྒྱུས་དང་ཆོས་འབྱུང་། ཆབ་སྲིད་བཅས་ཀྱི་འགན་འཁྲི་མ་འཁུར་བའི་མཇུག་འབྲས་ཀྱང་རྗེས་ན་ཡོད་པར་མཐོང་གིན་འདུག དེ་དུས་དགོད་དགོས་ན་དགོད་མི་ཤེས་པ་དང་ངུ་དགོས་ན་ངུ་མི་ཤེས་པའི་ཚད་ལ་བསླེབ་མི་སྲིད་པ་མིན།
ཡང་གཅིག་བཤད་ན། དགོན་པ་ཆུང་ཆུང་ཞིག་འཚོགས་ལ་ཞུགས་པ་ལྟ་བུའི་རང་རེའི་གྲོས་ཚོགས་ར་བ་འདིའི་ནང་གི་ཆོས་རྒྱུད་སྤྱི་འཐུས་ཀྱི་རྐུབ་སྟེགས་རྩ་མེད་བཟོ་དགོས་པ་དང་། དེ་དག་སྔར་མུས་བཞིན་བཞུགས་རྒྱུ་ཡིན་པ་དེ་སྲིད་དུ་གཞན་སྟོང་དབུ་མ་ཆེན་པོའི་ལྟ་བ་འཛིན་མཁན་གྱི་ཇོ་ནང་བའི་ཆོས་རྒྱུད་རྐུབ་སྟེགས་རྩོད་པའི་ངར་སྒྲ་འཇགས་མི་སྲིད། དེ་ལ་དམིགས་ཡུལ་ཆེན་པོ་གཞན་མེད་དེ། གཞུང་བཟང་ཆུ་བོ་སྟོང་གི་རྒྱུན་གྱི་གདམས་པ་མ་ལུས་མི་ཉམས་གོང་འཕེལ་གྱིས་སྐྱོང་དགོས་ན། གཞན་ལ་ཅི་ཡོད་རང་ལའང་ཐོབ་དགོས་པའི་གནས་ལུགས་དེ་ཡིན།
གསལ་བོར་ཞུ་དགོས་པ་ཞིག་ལ། སྐབས་བཅོ་ལྔ་བའི་གྲོས་ཚོགས་ཚོགས་དུས་དགུ་བའི་སྟེང་བྱུང་དང་འབྱུང་གིན་པའི་གནད་དོན་འདི་དག་ཆོལ་ཁའི་རྙོག་གླེང་ལ་ཁ་བསྒྱུར་ཐབས་བྱེད་མཁན་གྱི་གང་ཟག་ཀྱང་མང་ཚོད་འདུག་ཀྱང་། དོན་དངོས་ནི་དོན་དངོས་ལྟར་ལྟ་དགོས་པ་ལས། དེར་ལོག་འགྲེལ་རྒྱག་པ་ནི་གཟས་ནས་བསྙོན་འདིང་བ་ལས་མ་འདས། དེའི་ཕྱིར། བོད་མི་སྤྱི་བོ་གནམ་སྟོན་ཀུན་གྱིས་དྲང་བདེན་གཞི་ལ་བཞག་ནས་གཅིག་ཤོས་ལ་ཐོབ་དགོས་པ་དང་གཅིག་ཤོས་ཀྱིས་ཤོར་འོས་པའི་ལྟ་ཚུལ་དུས་ནས་དུས་སུ་མི་འཛིན་པར་ཞུ་ཞེས་གསོལ། མཇུག་ཏུ། བདེན་པ་ཉིད་རྒྱལ་གྱུར་ཅིག
༢༠༡༥/༣/༢༨
ཁྱེད་རང་ནི་སྦྱོར་དྲུག་གི་ཉམ་ལེན་ལ་འབུང་བཞིན་པ་ཡིན་ལས་ཆེ། ཆབ་སྲིད་ཀྱི་རྙོག་གླེང་སྐོར་གང་ཡང་འགོ་ཚོས་མེད་ཚོད། ད་རེས་དམག་འཁྲུག་འདི་ནི་ཆོས་བརྒྱུད་ལ་ཁ་གཡར་བའི་ཆོལ་ཁའི་དམག་འཁྲུག་ཅིག་རེད་དོ།
ཇོ་ནང་པའི་སྡེར་མི་གྲངས་དུ་ཡོད། གལ་སྲིད་ལྔ་བཅུ་ཙམ་ཞིག་ཡོད་ན། ཇོ་ནང་པའི་སྤྱི་འཐུས་ཤིག་ཆགས་རྒྱུར་འོས་ཤོག་བཅུ་ཙམ་ཞིག་གིས་ཨེ་ཆོག ཆོག་ན་སྤྱི་འཐུས་སྐབས་བཅོ་ལྔར་མཐོང་ཆུང་མ་རེད་དམ། ཧཧཧཧ
ཡག་བཤད་བཙོག་བཤད་གང་བྱས་རུང་ཆོལ་ཁའི་ཕྱོགས་ཞེན་ཁོ་ན་ལས་གཞན་གང་ཡང་རེད་མི་འདུག ད་ཡང་སྐབས་རྗེས་མའི་འོས་བསྡུ་ལ་སྒུག་རྒྱུ་ལས་སྐབས་ཐོག་འདིར་རེ་བ་གང་ཡང་མི་འདུག
ཇོ་ནང་པ་ཚོས་སེམས་ཤུགས་མ་ཆག་པར། སྐབས་རྗེས་མའི་གྲོས་ཚོགས་འཚོགས་དུས་རྒྱུ་མཚན་སྦྱང་བཤད་བྱ་རྒྱུ་དེ། ད་ལྟ་ནས་གྲ་སྒྲིག་བྱེད་དགོས་རེད། འདི་ལོའི་སྤྱི་འཐུས་ ༡༧ བཅུ་བདུན་ལས་རྒྱབ་སྐྱོར་མ་ཐོབ་པ་རེད། རྗེས་སུ་འདི་ལས་ལྷག་པའི་སྤྱི་འཐུས་ཚོས་སེམས་ཁ་བསྒྱུར་ཐུབ་པ་བྱེད་དགོས་རེད་གདའ།
ཐེངས་འདིར་ཇོ་ནང་གི་སྤྱི་མཐུས་དགོས་པའི་རེ་འདུན་གཏོན་སྟངས་དེ་ནི་དམངས་གཙོ་དང་མཐུན་པ་ཡིན་བརྗོད་ཀྱང་དེ་ནི་ཡ་མཚན་པོ་ཞིག་ཀྱང་ཡིན། དུས་ད་ལྟ་བར་དུ་ཇོ་ནང་གི་གཞིས་བྱེས་གཉིས་ཀྱི་ཚབ་ཞུས་ཏེ་ལྡི་ལི་རྒྱ་ནག་གཞུང་ཚབ་ཀྱི་སྒོ་འགྲམ་དུ་ཞུ་འབོད་བྱས་པ་གོ་མ་མྱོང། འོན་ཀྱང་བཙན་བྱོལ་གཞུང་གི་གྲོས་ཚོགས་སྒོ་འགྲམ་དུ་ཞུ་འབོད་བྱ་བར་བཅར་ཐུབ་པནི་ཡ་མཚན་དངོས་བྱུང་རང་ཡིན། ཕྱོགས་གཞན་ཞིག་ནས་མ་འོངས་པར་གནས་ཚུལ་གང་འདྲ་བྱུང་རྒྱུ་ཡིན་པ་དེ་འགན་འཁྱེར་ཐབས་བྲལ་སོགས་བརྗོད་འདུག་བྱས་ན་མ་འོངས་པར་གང་འདྲ་ཞིག་བྱ་རྒྱུའི་འཆར་གཞི་ཡོད་དམ། སྤྱི་འཐུས་མེད་པར་ཇོ་ནང་གི་ལམ་ལུགས་འཛིན་མ་ཐུབ་པ་ཅི་འདྲ་ཡིན་ནམ། སྔར་བོད་ཀྱི་ཆོས་རྒྱུད་ཡོངས་ཀྱི་སྐྱེས་ཆེན་དམ་པ་རྣམས་ཀྱིས་རང་རང་གི་བལྟ་སྒོམ་སྤྱོད་གསུམ་ལ་ཚུལ་བཞིན་དུ་འཛིན་ནས་ཕེབས་པའི་འབྲས་དུས་ད་ལྟ་ཡང་ཆོས་རྒྱུད་ཡོངས་རྫོགས་མཇལ་རྒྱུ་ཡོད་པ་དང་ཐོས་རྒྱུ་ཡོད་པ་དེ་བྱུང་བ་མིན་ནམ། སྤྱི་འཐུས་ཀྱི་རྐུབ་སྟེགས་ཤིག་རག་པ་ཙམ་གྱིས་ཇོ་ནང་ཆོས་རྒྱུད་ཡར་རྒྱས་སུ་འགྲོ་བ་དང་མ་རག་པ་ཙམ་གྱིས་མར་རྒྱས་འགྲོ་བ་ཞིག་ནི་མི་སྲིད། བཙན་བྱོལ་གཞུང་ནས་ཇོ་ནང་གི་ཉམས་ལེན་དང་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་ལ་དགག་པ་བྱས་པ་ནི་མེད། བདག་གིས་ནི་སྤྱི་འཐུས་ཟེར་བ་དེ་ཙམ་ཞིག་གི་དགོས་པ་མཐོང་ཞུ།
*དགོངས་དག་ཡིག་ཕྲེང་མཡའ་མ་དེར་མ་མཐོང་ཞུ་རྒྱུ་ཡིན་པས་མ་དེ་ཆད་འདུག
ང་ལ་ཆོས་རྒྱུད་སྤྱི་འཐུས་གཅིག་ཀྱང་མི་དགོ་། ཚང་མ་ཆོས་དོན་བཀའ་བློན་གྱི་སྒྲིགས་ས་རེད་འོན་ཀྱང་ཆོས་དོན་བཀའ་བློན་འདི་ཆོས་ཤེས་པ་དང་དེང་དུས་ཤེས་ཡོན་ཡོད་པ་གང་ཞིག་ལ་དེ་ཡང་བྱུང་ན་གྲྭ་བ་འམ་གྲྭ་ཟུར་ཤེས་ཡོན་ཅན་ཞིག་གོ་གི་འདུག་། དེ་མ་གཏོགས་ཆོས་གང་ཡང་མི་ཤེས་མཁན་ཤ་ཚོང་རྒྱབ་མཁན་དེ་འདྲེ་ནི་རྩ་བ་ནས་མི་དགོས་སོ་།།
བཙན་བྱོལ་ནང་ཇོ་ནང་ཆོས་རྒྱུད་འཛིན་པ་མང་ཉུང་གི་སྐད་ཆ་འདི་དྲང་མོ་མ་རེད་ ང་ཚོའི་བོད་མི་མང་གྲོས་ཚོགས་ལབ་དུས་བསམ་བློ་རྒྱ་ཆེན་པོ་བཏང་ཡོད་པ་རེད། སྤྱིར་བཏང་ཡོད་ན་ཡོད་མཉམ་དང་མེད་ན་མེད་མཉམ་ཡིན་དགོས་ ཆོས་རྒྱུད་སྤྱི་འཐུས་དགོས་མཁོ་མེད་
ཆོས་རྒྱུན་སྤྱི་འཐུས་ཀྱི་བྱ་བ་ནི་ཆབ་སྲིད་རེད། ཆོས་རྒྱུན་སུ་ཡིན་ཡང་ཉམས་ལེན་དང་སློབ་སྦྱོང་ལ་སྤྱི་འཐུས་མི་དགོས། རྫོགས་ཆེན། ལམ་འབྲས། ཕྱག་ཆེན། སྦྱོར་དྲུག་སོགས་ཐོས་བསམ་སྒོམ་གསུམ་བྱེད་པ་ལ་སྤྱི་མཐུས་མེད་ཀྱང་ཆོག་པ་བདེན་པ་རེད། འོན་ཀྱང་དགོས་མི་དགོས་ཆོས་དད་བྱེད་མཁན་དེའི་ངོས་ནས་འཇོག་པ་ལས། ང་ཚོ་ལ་ཐོབ་ཐང་དགོས་ཁྱོད་ཅག་ལ་མི་དགོས་ཞེས་་ཕ་རོལ་པོས་ཐག་གཅོད་མི་ཐུབ། སྤྱི་ཚོགས་སུ་གནས་པར་སུ་ཞིག་ཡིན་ཡང་ཐོབ་ཐང་མཁོ། དམངས་གཙོའི་གཞུང་ཞིག་ཡིན་དུས་ཆོས་རྒྱུན་སུ་ཞིག་ཡིན་ཡང་ཐོབ་ཐང་འདྲ་མཉམ་བྱེད་པ་གལ་ཆེ། སྤྱིར་ཆོས་རྒྱུན་སྤྱི་འཐུས་གཏན་མེད་བྱས་ན་ཕན་པ་ཆེ་བར་མཐོང་། ཇོ་ནང་མཚོན་ན་ལོ་རྒྱུས་ནང་དུ་དགེ་ལུགས་དང་ས་སྐྱས་བརྙས་བཅོས་བྱས་པ་ལན་གཅིག་མ་རེད། དེ་བཞིན་དེའི་ལྟ་གྲུབ་ལ་དགག་པ་བྱེད་མཁན་གཙོ་བོ་ས་དགེ་གཉིས་རེད། རྩེ་གདོང་གི་རྩོད་པ། ཇོ་གདན་ཚོགས་པ་འཕྲོག་ཚུལ། ས་བཟང་དགོན་གཏོར་ཚུལ། ངོར་གྱིས་ཇོ་ནང་ལ་འབྲེལ་བ་བཅད་ཚུལ། རྒྱལ་དབང་ལྔ་བའི་སྐབས་ཀྱི་རྟག་བརྟན་གཙོས་པའི་བསྒྱུར་དགོན་བཅུ་གསུམ་གྱི་ལོ་རྒྱུས། ཇོ་བོན་གཉིས་ཀ་བསྟན་པའི་སྐུ་དགྲ་ཡིན་པའི་བཅོམ་དགོས་ཚུལ་སོགས་གླེང་མི་འདོད་པ་མང་། ཇོ་ནང་སུས་ཁོངས་ཡིན་མིན་ཟུར་ཏུ་བཞག་ནས། ལོ་རྒྱུས་ཁྲོད་ས་དགེ་གཉིས་ཀྱིས་ཇོ་ནང་བརྙས་པའི་ཚུལ་ཞིབ་ཏུ་གླེང་ན་ལོ་རྒྱུས་ཀྱི་པུ་སྟི་ཆེན་པོ་ཞིག་ཡོང་བ་སྨྲོས་མེད་རེད། ད་ལྟའི་༧གོང་ས་མཆོག་གིས་ལོ་རྒྱུས་ཀྱི་རྨ་ཁ་གསོ་བའི་བྱ་བ་གནང་གི་ཡོད་ཚོད་ལ། ད་བར་དངོས་ཕན་ཅི་ཡོད་མ་ཤེས། འདི་སྐོར་ནི་ཕྲན་གྱིས་ཆེས་་བཤད་མི་འདོད་པ་ཞིག་ཡིན་ཀྱང་དྲ་གྲོགས་རྣམས་ལ་ཕྱོགས་སུ་མ་ལྷུང་པའི་སྙན་གསལ་ཙམ་མོ།
xxxxདེ་ཡང་གོང་ས་ལྔ་པས་ཇོ་ནང་ཏཱ་ར་ནཱ་ཐའི་མ་དགོན་རྟག་བརྟེན་ཕུན་ཚོགས་གླིང་དང་ཆོས་ལུང་བྱང་རྩེ་སོགས་ཇོ་དགོན་བཅུ་གྲངས་ཞིག་དགེ་ལུགས་པར་བསྒྱུར་གསུང་རབ་དང་པར་ཤིང་ཕལ་ཆེ་བ་མི་མངོན་དབྱིངས་སུ་བཏབ་པ་རེད། ཇོ་ནང་པས་དོན་ངོ་མ་རང་རང་གི་ཆོས་ལུགས་རྩོད་དགོས་ཀྱི་ཡོད་ན། དང་པོ། ཇོ་ནང་མ་དགོན་རྟག་བརྟེན་ཕུན་ཚོགས་གླིང་ཚུར་ལེན་དགོས། དེ་ནས་དབུས་གཙང་ཁུལ་དུ་ཇོ་དགོན་རྣམས་ཕྱིར་ལེན་བྱེད་རྒྱུ་དེ་རེད།
མཁསམདབང་དྲི་མེད་ལགས་ནས་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་གནས་བབས་ལ་གཞིགས་པའི་སྐད་ཆ་བཤད་པར་དགའ་བོ་བྱུང་རེད་སྐུ་གོང་མས་མེད་པར་བྱས་པ་རེད་ད་དུང་ཡང་མེད་པར་བྱེད་དགོས་ཟེར་དུས་དུས་རབས་གསར་པའི་མི་ཡི་སྤྱི་ཚོགས་མ་ཤེས་པའི་སྐྱོན་རེད་ཡིན་ནའང་ཇོ་ནང་པ་ཚོས་ཀྱང་རང་གི་ལྟ་གྲུབ་རང་ཉིད་ཀྱི་སར་སྦྱོངས་བདར་བྱེད་དགོས་རང་བསྟན་སྲུང་ན་རང་སར་སྦྱངས་ནས་སྡོད་དགོས་པ་ལས་དེང་སང་ཇོ་ནང་གི་དགེ་འདུན་པ་མང་པོ་ཞིག་དགེ་ལུགས་སར་ཕྱིན་ནས་སློབ་སྦྱོང་བྱེད་བཞིན་པ་འདི་ཡིས་ཇོ་ནང་རང་ཉིད་ཀྱི་ཐུན་མོང་མིན་པའི་ལྟ་གྲུབ་རང་རྐྱ་འཕེར་བ་ཡོད་ན་དེ་དག་ལ་སླད་བཅོས་གཏན་གཏན་ཡོང་གི་རེད། དེ་དུས་མི་རྣམས་ཀྱིས་ཇོ་ནང་དགེ་ལུགས་ཀྱི་ཁོངས་སུ་གཏོགས་རབས་བཤད་ཀྱི་རེད།
བོད་མི་སྤྱིའི་གྲོས་ཚོགས་དེ་ཆོལ་ཁ་བྱེ་བྲག་པ་ཞིག་གིས་བདག་པོ་ཡོང་གི་མ་རེད་ད། བོད་མི་སྤྱིའི་རེད། ཇོ་ནང་བའི་ཆོས་རྒྱུད་འཛིན་མཁན་ཆོལ་ཁ་གསུམ་ལ་ཡོད་དམ། གལ་ཏེ་མེད་ན་ཁག་པོ་རེད།
དེ་ཡང་ཁག་པོ་རེད་ཅེས་ལབ་དོན་གཙོ་བོ་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་འདི་མང་གཙོ་ཡིན་ཙང་ཞུ་གི་ཡོད། མང་མོས་ཀྱིས་ཐག་བཅད་ཅི་ཞིག་གནང་ན་དེ་ལ་རྒྱབ་སྐྱོར་དགོས་རེད་མ་གཏོགས། མང་མོས་ཀྱི་གྲོས་འཆར་གཏན་ཁེལ་བ་དེར་ངོ་རྒོལ་བྱས་ན་མང་གཙོ་ལ་ངོ་རྒོལ་བྱས་པ་མ་རེད་དམ།
དྲི་མེད་ལགས།
ཇོ་ནང་པའི་གྲྭ་དམངས་དམར་གསོད་བྱས། ཡིག་ཆ་དང་ཤིང་དཔར་མེ་སྲེག་བྱས་མཁན་ཏྭ་ལའི་བླ་མ་སྐུ་ཕྲེང་ལྔ་པ་དང་སོག་པོ་གུ་ཤི་ཧན་གཉིས་ཡིན་པ་ལས་དགེ་ལུགས་དང་ས་སྐྱ་གཉིས་ཅང་ཨེ་ཡིན་ན། ཁ་ཏྭས་གཙང་ཟོས་པའི་མཆུ། གཙང་ས་གཞན་ཏུ་འགྲོ་ནས་ཕྱེས་ན་ཅང་འགྲིག་ཨེ་ཡོང་ངམ།་་་ཧཧ
ལྟ་གྲུབ་ཀྱི་ཐོག་ཏུ་དགག་པ་གཙོ་བོ་བྱས་ན་བརྙས་བཅོས་བྱས་པ་རེད་པེ། ཡིན་ན་་་ཐལ་འགྱུར་བས་སེམས་ཙམ་པའི་གྲུབ་མཐའ་སྨྲ་བ་དག་ལ་བརྙས་བཅོས་བྱས་བསྡད་པ་རེད་དམ། ཡིན་ན་་དཔལ་ལྡན་ཟླ་བ་གྲགས་པ་ཁོ་ཡོད་ཚོད་ལ་བརྙས་བཅོས་བྱེད་མཁན་གྱི་ཐལ་སྤྱོད་པ་ཞིག་ཨེ་རེད་་་་ཧཧཧ
དེ་ལས་སོག་པོའི་གུ་ཤི་ཧན་གྱིས་བཟོས་པའི་ནག་ཉེས་ངོས་ལེན་ནས་ཇོ་ནང་ལ་འགྱོད་བཤགས་བྱོས་དང་དགའ་གི་རེད། ས་དགེ་གཉིས་ཇོ་ནང་པའི་དགྲ་བོ་ཞིག་ལ་སྒྱུར་ཨེ་ཐུབ་བལྟ་དགོས་མ་རེད།
སྔོན་མ་བོན་པོ་བཅོམ་དགོས་རབས། དེ་ནས་ཇོ་ནང་བཅོམ་དགོས་རབས། དེང་སང་དོལ་ཚོགས་འཇོམས་་དགོས། བཅོམ་རོགས་སོག་པོ་དང་རྒྱ་མི། བཅོམ་ཡ་བོད་མི་རིགས་ནང་ཁུལ། ཧཧ་་་རྒྱུས་ཡོད།
ཅོ་རི་ལེགས། རྒྱལ་དབང་ལྔ་བའི་རང་རྣམ་དུ། ལྕགས་སྟག་གྲུབ་མཐའ་བསྒྱུར་བ་ར་གན་གསེར་གསོལ་གྱི་རྣམ་པས་རྙིང་པ་མི་འགྱུར་པར་མ་ཟད་གསར་པ་རྣམས་ཀྱང་སྐྱོ་མ་སྔ་བཙན་དུ་འགྲོ་ཡིན་ཡོད་པ་འདུག་གཤིས་སྙེ་ཐང་ཆེན་ཅན་བཏང་བའི་གྲྭ་རྙིང་རྣམ་དགོན་ལག་ལས་གཞན་དུ་དབྱུང་། རྟག་བརྟན་དུ་དགེ་ལུགས་ཁ་ཞེ་མཚུངས་པའི་ས་གཙང་སྡེ་གཙང་དུ་བཟོས། དགོན་པའི་མིང་དགའ་ལྡན་ཕུན་ཚོགས་གླིང་དུ་བཏགས། ཞེས་གསུངས་སོ། །ཟུར་མཁར་བས། སྨོན་འགྲོ་པཎ་ཆེན་གཞུང་ས་ནས་བཏང་། གཏིང་སྐྱེས་དགོན། བྲག་དཀར་བཀྲ་ཤིས་ཆོས་འཕེལ་གླིང་།གཟར་ཆོས་འཁོར་སོགས་ཀྱི་གྲྭ་རྙིང་ཨུ་ཚུགས་ཅན་རྣམས་ཁྲིམས་ལ་སྦྱར། དཀོར་རྫས་གཞུང་བཞེས་བྱས། དགའ་ལྡན་གྱི་མཚན་ནས་དྲངས་པའི་དགོན་པར་བསྒྱུར། །ཞེས་དང་། ཇོ་ནང་ཟོ་ལུང་པའི་སློབ་མ་ལྟ་བ་ངན་ཞེན་ཅན་རྣམས་ཁྲིམས་ཀྱི་ལས་ལ་སྦྱར། དབང་ཆ་མངའ་རིས་གཞུང་བཞེས་བྱས། ཞེས་པ་སོགས་ཤིན་ཏུ་མང་། སི་ཏུའི་ལམ་ཡིག་ཏུ་ཇོ་ནང་གི་བླ་མ་རྣམས་ཀྱི་དབུ་ཞྭའི་མདོག་བསྒྱུར། དཔལ་ཆེན་ལྷ་ཁང་ལ་ལྕི་བ་བླུགས་ནས་ཡོད་ཚུལ་ལ་ཡང་ཟུར་ལྟ་གནང་རོགས། ས་སྐྱ་སྐབས་སུ་མ་བབ་པས་སྨྲ་བར་མི་བྱ། རེ་མདའ་བས་ཇོ་ནང་གསོར་མི་རུང་བའི་ལྟ་ངན་ཞེས་པའི་དོན་ཕྱག་ལེན་ཏུ་བཏབ་པ་མིན་ན་སྐྱབས་སུ་མཆི། དགེ་ལུགས་སྨོན་འགྲོ་པཎ་ཆེན་ཕ་བུ། འཇམ་བཞད། ལྕང་སྐྱ། ཐུའུ་བཀྭན་སོགས་ཀྱིས་ཁ་ནས་དགག་བཞག་ཙམ་མིན་པར་གཏོར་བཤིག་ཅི་བཏང་ཞུ་དགོས་ན་ལས་སླ་བོ་ཡིན། སོག་པོའི་དམག་དྲངས་མཁན་པཎ་ཆེན་ཕྱག་མཛོད་ཡིན་ཚུལ་ལོ་རྒྱུས་ལ་གཟིགས། རྗེས་སུ་འཇམ་དབྱངས་བཞད་པས་དམག་དྲངས་ཚུལ་གསང་རྣམ་བཙན་པོ་མའམ། ཀཻ་ཏ་ཀེའི་ཕྲེང་བར་གཟིགས། དགེ་ལྡན་རང་གི་ལོ་རྒྱུས་ལ་བརྟེན་ནས་བཤད་པ་ཡིན་པས་རྫུན་ནི་མེད་དོ། །།ཅོ་རི་ལེགས། ཁ་སང་དགེ་ལུགས་སྤྱི་མཐུས་ཀྱིས་ཇོ་ནང་ནད་པའི་མགོ་ལ་དབྱུགས་རྡུང་བྱས་པ་ནི་འགྱོད་པ་སྤུ་ཙམ་མེད་པའི་བདེན་དཔང་མིན་ནམ།
ལེགས་གསོ་་་་་དྲི་མེད་ལགས་་་གསུངས་རྐྱང་གནང་རོགས།
དྲི་མེད་ལྷག་བསམ་གྱིས་གསུང་ལ་རྒྱུ་མཚན་ཆེན་པོ་ཡོད་རེད།ཇོ་ནང་རང་གི་ལོ་རྒྱུས་གང་ཡང་འཚོལ་དགོས་ཀྱིན་མེད།དགེ་ལུགས་དང་ས་སྐྱ་གཉིས་ཀྱི་བླ་མ་སྐྱེས་ཆེན་རིམ་བྱོན་གྱི་རྣམ་ཐར་ནང་གཟིགས་དང་ཇོ་ནང་ལ་ས་དགེ་གཉིས་ནས་ག་རེ་ལས་ཡོད་པ་ཧ་གོ་དོན་གསལ་ཡིན།དེ་ནས་ས་དགེའི་མཁས་པ་ཚོའི་གསུང་ལ་མཇོལ་དང་ཀུན་མཁྱེན་ཇོ་ནང་པ་ན་རེ་ཞེས་ཁ་ཅིག་ཏུ་བླངས་ཏེ་དགག་གཞག་གྲངས་མི་ལོན་པ་བྱས་ཡོད།ཐུའུ་བཀན་སོགས་ཀྱིས་ཇོ་ནང་དེ་ཧ་ཅང་གིས་ལྟ་ངན་མུ་སྟེགས་པ་ཚུན་ཡིན་པ་བཀོད་ཡོད།དེ་ལས་ལྡོག་སྟེ་ས་སྐྱ་བ་ནི་སངས་རྒྱས་ཆོས་རྨ་མེད་པ་ཤིན་ཏུ་ནས་ཀྱང་ཁྱད་པར་འཕགས་ཚུལ་གྱི་ཁྱད་ཆོས་མང་པོ་གསུངས་ཡོད་པས།ད་ས་སྐྱ་དང་ཇོ་ནང་ག་འདྲ་སེ་གཅིག་པ་ཆགས་སོང་།
ལར་ཁ་ཤས་ཀྱིས་ཁ་ཆེ་དང་ཡེ་ཤུ་སོགས་མང་པོ་བཤད་སོང་མོད།བོད་པ་ཡེ་ཤུས་གཅིག་གཉིས་ཤིག་ཡོད་མེད་ཙམ་རེད།དེ་ཚོའང་ང་ཚོའི་སྤྱི་ཚོགས་ནང་རང་བཙན་ལག་དེབ་ཡོད་མཁན་དེ་འདྲ་གང་ཡང་མིན་པར་སྤྱི་ཚོགས་གཞན་གྱི་མི་བྱས་ཏེ་བསྡད་ཡོད།
ཁ་ཆེ་ཚོ་ནི་སྔ་མོ་ནས་ཀ་ཤི་མེར་གྱི་མི་ཡིན་ལ་རྒྱ་གར་ནང་སླེབས་སྐབས་ཀྱང་ཁོང་ཚོ་རྒྱ་གར་བ་ཡིན་པ་ལས་བོད་པ་མིན་ཞེས་༡༩༥༩ལོར་རྒྱ་གར་དུ་ཡོང་བ་༧གོང་ས་མཆོག་གི་ཞལ་ནས་དངོས་སུ་གསུངས་པ་བཀའ་སློབ་ཕྱོགས་བསྒྲིགས་ནང་བཀོད་ཡོད།བོད་ནང་གི་ལྷ་ས་ཁ་ཆེ་ཚོ་ནི་རྒྱ་ཁ་ཆེ་དང་སྤྱི་འགྲོས་ཀྱིས་ཐོབ་ཐང་ལག་ཁྱེར་ནང་ཁ་ཆེ་རིགས་བྲིས་ཡོད་པ་ལས་བོད་མི་བྲིས་མི་འདུག།ཨ་མདོ་ཕྱོགས་ཀྱི་ཁ་ཆེ་ཚོའང་ཚང་མ་གཅིག་མཚུངས་ཀྱིས་བོད་པའི་རྣམ་འགྱུར་སྤུ་རྩེ་ཙམ་ཡང་མེད།ལྷག་པར་ཁོང་ཚོ་བོད་མི་ཡིན་པ་དང་ལྷ་སྡེ་མི་སྡེ་འདི་འདྲ་ཡོད།ད་ལྟ་བར་བོད་དོན་དུ་བློས་གཏོང་འདི་འདྲ་བྱས་ཡིན།དཔྱ་ཁྲལ་ལག་དེབ་འདི་འདྲ་བཟོས་ཡོད།ད་སྤྱི་འཐུས་ཀྱི་ཐོབ་ཐང་དགོས་སོགས་ལབ་མཁན་གཅིག་ཀྱང་བྱུང་མེད་པ་རེད།དེ་འདྲར་བརྟེན།དེ་ཚོ་ཁ་གཡར་ས་ཙམ་རེད་ད།
ཇོ་ནང་པ་ཚོ་ནི་ལོ་རྒྱུས་ནང་ཆོས་ལུགས་རང་ཚུགས་ཐུབ་པ་ཅིག་ཡིན་པས།ས་དགེ་བཀའ་རྙིང་ཚང་མས་དེ་དགག་པ་བརྒྱབས་ཡོད།ལྷག་པར་ཇོ་ནང་གི་ཁོངས་དེ་ཡུ་མོ་མི་བསྐྱོད་རྡོ་རྗེ་ཟེར་བ་བོད་རང་གི་རྣལ་འབྱོར་བ་ཅིག་གི་ཉམས་མྱོང་ལས་བྱུང་བ་མ་གཏོགས།རྒྱ་གར་དང་པ་ཀི་སི་ཏན།བལ་བོ་དང་ཨ་ཧྥི་ག་ནི་སི་ཏན།བྷང་གལ་སོགས་ཀྱི་མི་འཁྱམས་པོ་དེ་འདྲས་སྤེལ་བཞག་པ་གང་ཡང་མ་རེད།
གང་ལྟར།ད་ནི་བླ་ཆེན་ཚོས་རང་ཚུགས་འཛིན་དུས་སུ་སླེབས་ཡོད་པ་རེད།ཁ་བཤད་དོན་ལ་གནས་དུས་སུ་སླེབས་ཡོད་པ་རེད།ཁོང་ཚོའི་གཤམ་གྱི་ཆོས་བརྒྱུད་སྤྱི་འཐུས་ཚོ་ནམ་རྒྱུན་འགག་ལ་ཐུག་དུས་ཆོས་བརྒྱུད་ཅིག་གི་སྐུ་ཚབ་དང་རང་ཚུགས་གཏན་ནས་མི་འཛིན་པར།ཆོལ་ཀའི་ཞེན་ཁོག་ཆོལ་ཁའི་སྤྱི་འཐུས་ཚོ་ལས་ཀྱང་ཆེ་བ་བྱེད་ཀྱིན་ཡོད།དེ་འདྲ་ལ་ཆོས་རྒྱུད་སྤྱི་འཐུས་ཤིག་དགོས་དོན་ཁོ་རང་མེད་པ་རེད།
བླ་ཆེན་ཚོས་ནམ་རྒྱུན་བྱང་སེམས་ཆེ་མདོག་གསུང་བསྡད་ཡོད་པ་རེད།ད་ཁོང་ཚོའི་གཤམ་གྱི་མིས་མི་རིགས་གྲངས་ཉུང་ལ་ཐུབ་ཚོད་གནང་ཡོང་དུས་བླ་ཆེན་ཚོས་མ་མཐའ་ས་ནས་རང་འོག་གི་མི་གཉིས་རེ་དེར་ཚོད་འཛིན་ཐུབ་དགོས་རེད།དེ་མ་གཏོགས་སེམས་ཅན་ཚང་མ་སངས་རྒྱས་ཀྱི་ས་ལ་འགོད་རྒྱུ་སོགས་གསུང་བསྡད་པ་ཁ་སྟོང་ནང་གི་ཚིག་སྟོང་།སྐྱག་རྫུན་ཁོ་ན་ཡིན་པ་ཚན་རིག་གི་ལམ་ནས་ར་འཕྲོད་པ་རེད་ད།
ཨ་ཙི་་་ཁྲི་རལ། ཇོ་ནང་ལ་སྤྱི་འཐུས་དགོས་པའི་སྒྲུབ་བྱེད་དང་ཁ་ཆེ་དང་ཡེ་ཤུ་ལ་སྤྱི་འཐུས་མི་དགོས་པའི་སྒྲུབ་བྱེད་བཀོད་སྟངས་འདི་ལ་བལྟས་ན་དྲང་བདེན་རྡོག་རོལ་དང་ཉམ་ཆུང་ལ་ཐོབ་ཐང་སྤྲོད་དགོས་མ་རེད་ཟེར་མཁན་ཞིག་ཡིན་པར་དངོས་བསྟན་བྱས་སོང་བ།
མ་གྱུར་སེམས་ཅན་ཐམས་ཅད་བདེ་པ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་ཅེས་སྨོན་ལམ་བརྒྱབ་མཁན་ཞིག་གིས་ངོས་ནས་བཤད་ན་ཁ་ཆེ་དང་ཡེ་ཤུ་ཚོ་ཡང་མ་གྱུར་སེམས་ཅན་གྱི་ཁུངས་གཏོགས་ནས་ཕུད་ཐབས་ག་ལ་ཡོད།
ཇོ་ནང་ལ་སྤྱི་འཐུས་དགོས། ཁ་ཆེ་དང་ཡེ་ཤུ་ལ་མི་དགོས་ཟེར་བའི་སྐད་ཆ་བཤད་སྟངས་འདི་ལ་བལྟས་ན་འདྲ་མཉམ་དང་དྲང་བདེན་ལ་བརྩི་འཇོག་མི་བྱེད་མཁན་ཞིག་མཐོང་གིས་འདུག་པས་་་ཇོ་ནང་པ་ཡོངས་་ཀྱིས་བསམ་ཚུལ་དང་བལྟ་ཚུལ་འདི་འདྲ་ཡིན་ན་རྒྱབ་སྐྱོར་བྱེད་ཀྱི་མིན།
ཅོ་རི་ཉི་མ་ལགས་་བཀའ་མོལ་གང་ཡོད་ཀྱང་བསམ་བློ་བཏང་ནས་གསུངས་རྒྱུ་གལ་ཆེ་་་་་་འདི་དྲ་རྒྱ་ཡིན་པ་ལས་ཁྱེད་ནང་གི་ཉིན་དེབ་མ་རེད་དཱ་
བོད་པ་ཡེ་ཤུ་མེད་རབས་བཤད་མཁན་ཚོས་མིག་གིས་འདི་ལ་གཅིག་ལྟོས།
http://www.markhamling.com/page61.html
xx
ཡེ་ཤུ་སྤྱི་འཐུས་སླེབས་ན་མདོ་སྟོད་ནས་འོང་གི་རེད། ཁ་ཆེའི་སྤྱི་འཐུས་སླེབས་ན་དབུས་གཙང་བ་འོང་གི་རེད། ཇོ་ནང་སྤྱི་འཐུས་སླེབས་ན་མདོ་སྨད་པ་འོང་གི་རེད། གནས་ལུགས་འདིར་ཤེས་ན་ཡག་གི་རེད་བ། བསམ་བློ་ཐོངས། ཆོལ་ཁ་གཅིག་ལ་གྱོང་་་་་གཅིག་ལ་ཁེ་ཡོང་མདོག་མི་འདུག་ག མཉམ་འདྲ་ཆགས་འགྲོ་གི་རེད་ད། འདྲ་མཉམ་གལ་ཆེ་རེད་བ།
ལྷག་པ་ཏུ་ཡེ་ཤུ་སྤྱི་འཐུས་ཤིག་བསླེབས་ན་སྨར་ཁམས་ཆོས་འཕེལ་ལགས་ཕེབས་འོང་གི་རེད་བསམ་ཁུ། དེ་ལུགས་བྱོས།་་་ཧཧཧཧ
དྲ་མཆན་འདིར་སྐུར་བ་བཏབ་པ་ནི་འགའ་ཡང་མེད། དགེ་ལྡན་པའི་བླ་མ་ཁོ་རང་ཚོའི་རྣམ་ཐར་ཏུ་བྱས་རྗེས་སུ་ངོམ་འཕྱོར་བྱས་ནས་བྲིས་འདུག དེའང་དགེ་ལུགས་པ་རེ་གཉིས་ལས། སྤྱི་ག་ལ་ཡིན། བདག་གི་ཚིག་གི་བརྗོད་པ་མ་ལེགས་པར་འཐོལ་ལོ། བཤགས་སོ། ། སྙིང་ནས་བཟོད་པར་གསོལ་ལོ། །ཚེ་འདི་དང་ཕྱི་མའི་སྒྲིབ་པར་མི་འགྱུར་བར་ཐུགས་རྗེས་ཟུངས། ། བདག་ནི་ཆོས་པའི་མིང་གཏན་ནས་མི་ཐོགས་ཀྱང་ཐུབ་པའི་ཆོས་ལུགས་སྤྱི་ལ་དག་སྣང་གུས་པ་བྱེད་མཁན་ཞིག་ལགས་པས་འདི་འདྲའི་རིགས་གླེང་རྒྱུར་མོས་པ་མེད་མོད། འགའ་ཞིག་གིས་ཉམ་ཉེས་སུ་ལྷུང་བའི་ཇོ་ནང་གི་ཆོས་རྒྱུན་ལ་སྤྱི་འཐུས་མ་རེག་པར་སྙིང་ཚིམ་བྱེད་པ་རྣ་བར་མ་སོང་ནས་འདི་འདྲ་བཤད་ཤོར་སོང་། །ཕྲན་ལ་མཚོན་ན་ས་ཇོ་དགེ་གསུམ་མིག་གི་དབང་པོ་དང་མཚུངས་བས་སུའི་ཕྱོགས་སུ་མི་ལྷུང་བའི་སྨོན་ལམ་དང་། རང་ནུས་ཡོད་ཚད་ཀྱིས་མཐུན་ཐབས་ལས། དཀྲུགས་ཤིང་མི་བཟོ་བའི་ཡིད་ཆེས་ཡོད། ཐུགས་དང་འགལ་བ་མཆིས་ཚད་ལ་སླར་ཡང་སྙིང་ཐག་པ་ནས་དགོངས་དག་ཞུ། །གླེང་མོ་འདི་ནས་མཚམས་འཇོག དྲ་གྲོགས་རྣམས་སྐུ་ཁམས་བཟང་། བདེ་མོ་བྱོས་། བསྟན་འཛིན་མཐུན་ཞིང་བསྟན་པ་དར་བར་ཤོག །
ཨོ་ཏག་ཏག་རེད།མ་འོངས་པར་བོད་ནང་ཁ་ཆེ་དང་ཡེ་ཤུ་སོགས་མང་པོ་བྱུང་ན་དེ་རིགས་ཀྱིས་ཐོབ་ཐང་སྤྲོད་དགོས་དང་དགོས།བརྒྱ་ཆ་བརྒྱ་རྒྱབ་སྐྱོར་ཡོད་ད།
ཇོ་ནང་དགོན་ཁག་བརྒྱ་ལྷག་ཡོད་པ་དང་། ད་ལྟ་གྲངས་ཐོར་འཁོད་པའི་གྲྭ་བཙུན་གཅིག་ཁྲི་གཉིས་སྟོང་ཟིནད་པ་དང་། ཇོ་ནང་ཆོས་བརྒྱུད་པ་འབུམ་གཅིག་དང་གསུམ་ཙམ་ཡོད་པར་ཤོད་བཞིན་འདུག་ན་ཡང་། ད་ལོ་སྤྱི་འཐུས་ས་དམིགས་ཐོབ་ཡོད་མ་རེད། ཅེས་ཟེར།
ཇོ་ནང་ཆོས་བརྒྱུད་པ་འབུམ་གཅིག་དང་། ཁྲི་གསུམ་ཙམ་ཡོད་པར་ཤོད་བཞིན་འདུག
དྲི་མེད་ལགས་ནས་རྒྱབ་བརྟེན་ལུང་དང་ལོ་རྒྱུས་སོགས་དྲངས་བར་དགའ་བོ་བྱུང་དྲ་གྲོགས་ཅོ་རི་ནས་ཀྱང་དྲང་གཏམ་གསུངས་པ་དེ་ཚོར་ཡི་རངས་ཞུ།།
འདི་ལོ་སྤྱི་འཐུས་ཀྱིས་ཇོ་ནང་སྤྱི་འཐུས་ས་དམིགས་མ་སྤྲད་པར་རྒྱབ་སྐྱོར་ཡོད།
མ་འོངས་པ་ན། ཨ་ཤི་ཡར་སྤྱི་འཐུས་སྤྲད་དགོས་པ་དང་། ཇོ་ནང་སྤྲད་མི་དགོས་པ་འདི་གཉིས་བརྟེན་ནས། སྤྱིར་སྟངས་སྤྱི་འཐུས་ས་དམིགས་དགོས་མཁ་ཡོད་མེད་ཀྱི་ས་ཐིགས་དེ། ཚོད་དཔག་བྱེད་ཐུབ་པར་འགྱུར་རོ།།
ཇོ་ནང་པར་སྤྱི་འཐུས་ཀྱི་ཐོབ་ཐང་མི་ཤེས་མོད། ཡིན་ཡང་ཁོ་ཚོ་ཡང་ནང་པ་སངས་རྒྱས་པའི་ཆོལ་ལུགས་ཁུངས་ལྡན་ཞིག་ཡིན་དུས་ཆོས་ལུགས་ཀྱི་ཐོབ་ཐང་ཆོས་ལུགས་གཞན་རྣམས་དང་འདྲ་མཚུངས་གནང་ཐུབ་ན་ཡག་པོ་འདུག
ཇོ་ནང་མི་འབོར་སྐོར་ལ།
https://www.youtube.com/watch?v=WyynkdhAcP8#t=667