ཤར་ཕྱོགས་ཁུག་རྟ།
མིའི་སྤྱི་ཚོགས་ནང་བསམ་ཚུལ་སྣ་ཚོགས་ཡོང་བ་ནི། མང་གཙོ་ཡིན་མིན་དང། སྨྲ་བརྗོད་རང་དབང་ཟེར་བ་འདི་དག་ལ་ལྟོས་དགོས་དོན་མེད་པ་ཡང་གསལ་བོ་རེད། གདོད་མ་ནས་མི་རྣམས་ཀྱིས་རང་རང་གི་བསམ་བློའི་ན་བབ་དང་བསྟུན་ནས་འཚོ་བ་རོལ་ཞིང། བསམ་བློའི་ན་བབ་དང་བསྟུན་ནས་བཟང་ངན་ཐག་གཅོད་བྱེད་པ། མངོན་འདོད་སྨྲ་བ། གཉེན་སྒྲིག་པ། གཡུལ་འགྱེད་པ། ཁ་ཕོ་སྒྲོག་པ། ཐ་ན་མི་ཚེའི་སྙིང་བོ་ཅི་ཞིག་ཡིན་མིན་ཐག་གིས་བཅད་དང་གཅོད་འགྱུར་ཡིན་པ་འདང་སྐྱེ་བྱིས་པ་ཚུན་ལ་ཞུ་མ་དགོས་སྟབས། རྒྱ་རིགས་སྐུ་ཞབས་རྩོམ་པ་པོ་ཚའོ་ཁྲང་ཆིན་གྱི་བསམ་ཚུལ་ལ་དབྱེ་ཞིབ་ལན་འདེབས་བྱེད་པའང་དགོས་མེད་ཅིག་ཡིན་པ་དེ་བས་ཀྱང་གསལ་བོ་རེད།
འོན་ཀྱང། སྐུ་ཞབས་ཁོང་ལྟ་བུ་གཞན་ལ་དོ་ཁུར་བྱེད་པའི་བསམ་བློའི་རྨང་གཞི་ཡག་པོ་ཡོད་པ་ཞིག་གིས། བོད་ཀྱི་རྩ་དོན་རྩོད་ཐབས་དབུ་མའི་ལམ་ལ་རྒྱུད་ལམ་དྲི་མ་ཅན་ནས་གོ་བ་ལོག་པར་བླངས་པ་དང། ལྷག་པར་གསར་ཚིག་དང་འགལ་ཟླའི་རྣམ་འགྱུར་ལ་དང་དོད་ཆེ་བའི་ལས་དང་པོ་བ། དཔེར་ན་རྩོམ་འདི་བོད་བསྒྱུར་བྱེད་པོ་སོགས་ཀྱང་འདུས་པའི། གཞོན་རབས་སྐོར་ཞིག་གི་དྲོས་མ་ཐག་པའི་སེམས་ཀྱི་ས་གཞིར་འབྲས་བུ་མི་སྡུག་པའི་ས་བོན་བོན་བཏབས་པ་ཡིན་ན། གྱོང་གུད་ཧ་ཅང་ཆེན་པོ་ཡིན་སྟབས། གནད་དོན་འདི་གཉིས་ལ་གཞིགས་ཏེ་་་བོད་མིའི་རྨི་ལམ་ནི་རང་བཙན་ཡིན་་ཟེར་བའི་རྩོམ་ཡིག་རྙིང་པ། བོད་འགྱུར་གསར་མ་འདིར་དབྱེ་ཞིབ་སྙིང་བསྡུས་ཙམ་བྱེད་རྒྱུ་ཡིན།
སྐུ་ཞབས་ཚའོ་ཁྲང་ཆིན་གྱི་རྩོམ་ཡིག་དེ་ནི་དུམ་བུ་བདུན་ལས་གྲུབ་ཅིང། རྩོམ་ཡིག་འདིར་རྩོམ་པ་པོ་རང་ཉིད་ཀྱིས་བོད་ཀྱི་རྩ་དོན་ལ་བཅངས་པའི་ཐོག་མའི་འགུལ་བསྐྱོད་ནས་བརྩམས་ཏེ། བོད་དང་བོད་མིར་འབྲེལ་འདྲིས་ཇེ་ཆེར་ཕྱིན་རིམ་ནང། བོད་མི་མང་གི་མངོན་འདོན་ཅི་ཡིན་ལ་ཚོད་བགམ་དང། ཇི་སྲིད་ཀྲུང་གུང་སྲིད་གཞུང་མགོ་རྟིང་མ་སློག་བར་དབུ་མའི་ལམ་གྱི་བོད་མིའི་འཛིན་སྐྱོང་གཅིག་གི་རང་སྐྱོང་ལ་རེ་བ་ཏིལ་འབྲུ་ཙམ་མེད་གནས་སེམས་ཚོར་རྐྱང་བས་དྲག་ཏུ་བརྗོད་པ་དང་འབྲེལ། ༧གོང་ས་མཆོག་གིས་དབུ་མའི་ལམ་རྒྱུད་འབྲེལ་མོལ་གནང་བ་ནི་་་་སྟག་ལ་སྟག་པགས་སློང་བ་ཡིན་་་པས། ཀྲུང་གུང་སྲིད་གཞུང་གི་ཁ་གཏད་དུ་གཉིས་སྨན་ཞི་བའི་སྲིད་བྱུས་འཛིན་པ་ནི་ནོར་འཁྲུལ་ཡིན་ཚུལ་བཤད་ཡོད། ཞོར་འཕྲོས་ལྟ་བུར་དྲག་པོའི་ལམ་ནས་རང་བཙན་ཐོབ་ཟིན་པའི་ལུང་པ་སྐོར་ཞིག་དཔེ་རུ་དྲངས་ཏེ། བོད་མིའི་མངོན་འདོད་ངོ་མ་རང་བཙན་ཡིན་ཡང། རང་བཙན་རྩོད་མ་ཐུབ་པའི་ཕྱི་ནང་གི་རྒྱུ་རྐྱེན་གཉིས་ཡོད་ཚུལ་ཡང་བཤད་འདུག། མཇུག་ཏུ་རང་བཙན་རྩོད་ཐབས་སྐོར་སྒེར་གྱི་བསམ་ཚུལ་བཤད་སྐབས་ལག་པ་འཆང་ས་མེད་པ་ལྟ་བུ་ཞིག་གི་ངང་མཇུག་བསྡུས་འདུག
ཁོང་གི་རྩོམ་ཡིག་ཧྲིལ་བོར་ཞིབ་ཀློག་ཐེངས་འགའ་བྱས་ཚེ། ཁྱེད་ལ་སེམས་ཚོར་བསྐྱུར་ཏེ། གནས་ཚུལ་གྱི་ཁུངས་ངོ་མ་འཚོལ་འདུན་དབང་མེད་དུ་སྐྱེ་ངེས་ལ། སྐབས་དེར་ཁྱེད་ནས་སྐུ་ཞབས་ཚའོ་ཁྲང་ཆོན་གྱིས་་རེད། མ་རེད། ནོར་འདུག འགྲིག་འདུག་ཅེས་ཐག་གཅོད་འཕྲོ་རིམ་འཕྲོར་གནང་བའི་རྩོམ་འདིའི་དཔྱད་ཡིག་ལ་བསམ་བློ་གཏོང་ངེས་ཤིང། ངེད་ལ་མཚོན་ན། དཔྱད་ཡིག་གི་ངོས་ཐད་ནས་བཤད་ན། གུས་མེད་བྱས་པ་མིན་ཏེ། རྩོམ་འདི་ནི་བློན་ཆེན་པུས་ཀན་ལྟར་སྙིང་མེད་པའི་མི་ཞིག་དང་ཤིན་ཏུ་མཚུངས་བ་དེ་རེད།
ཀློག་པ་པོ་རྣམས་ཀྱིས་ཞིབ་ཏུ་གཟིགས་དང། ཁོང་གིས་རྩོམ་འདིའི་བརྗོད་སྙིང་བོད་མིའི་མངོན་འདོད་རང་བཙན་ཡིན་པ་སྒྲུབ་མགོ་བཙུགས་མ་ཐག ༧གོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ནས། རང་བཙན་བློས་གཏོང་བྱས་པ་དང། བོད་རྒྱ་ནག་གི་ཆ་ཤས་ཡིན་པ་ཁས་ལེན་བྱས་པ། རྒྱ་ནག་གི་མི་སེར་སྤེལ་བའི་སྲིད་བྱུས་ལ་ངོས་ལེན་བྱས་པ། རྒྱལ་སྤྱིའི་སྟེང་བོད་ལོ་རྒྱུས་ཐོག་རང་བཙན་ཡིན་པ་དང། ཀྲུང་གུང་གིས་བཙན་བཟུང་བྱས་ཚུལ་ཁྱབ་བསྒྲགས་བྱེད་ཀྱི་མི་འདུག་ཟེར། ཉི་མ་ཁ་དཀར་ངོ་དཀར་ལ། གཞི་རྩ་བྲལ་བའི་ཡི་གེ་འདི་ལྟར་བྲིས་ན། བཙན་བྱོལ་བོད་མི་ཕལ་མོ་ཆེས་ནན་བཤད་གནང་བཞིན་པའི་གནད་དོན་འདི་དག་འབོ་ལུག་སོང། རྒྱལ་སྤྱིའི་སྟེང་གླེང་མ་སོང་ཞེ་ན། བདེན་པ་མཐོང་བཞིན་རྫུན་མ་རེད་ཅེས་བསྙོན་འཛུགས་བྱས་པ་དང་གཅིག་པ་མ་རེད་དམ། ང་ནི་ཡ་མཚན་ཞིང་ཧང་སངས་པ་ཞིག་ནི། རྩོམ་པ་པོས་བོད་ཀྱི་རང་བཙན་ཟེར་ཞོར། བོད་མིས་རྩ་དོན་དུ་བརྩི་བའི་གནད་དོན་འདི་དག་གོ་ཐག་གློད་སོང་ཟེར་བ་ནི། དོན་ངོ་མར་བོད་ལོ་རྒྱུས་སྟེང་རྒྱ་ནག་གི་ཆ་ཤས་ཡིན་པ་རྩོམ་པ་པོ་ཁྱེད་ཀྱིས་སྒྲུབ་འདོད་ཡོད་པ་འདྲ། དེ་མིན་ན་རྩོམ་པ་པོ་བོད་མི་བྱིངས་ལ་རྒྱུས་མངའ་མེད་པ་དང། བོད་ཀྱི་གནད་དོན་གླེང་རྒྱུའི་རྨང་གཞི་ཧ་ཅང་ཞན་པོ་ཡིན་པ་ར་སྤྲོད་བྱས་པ་མ་རེད་དམ།
དབུ་མའི་ལམ་ལ་འདོར་ཐབས་མེད་པའི་ཕྱག་རྒྱ་བཞི་ཡོད་པ་ནི། བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་མ་འོངས་པའི་ཆེད་བེད་ལོག་ཏུ་མི་སྤྱོད་པ། བོད་མི་ཡོངས་ལ་འཛིན་སྐྱོང་གཅིག་གི་གནས་བབ་དགོས་པ་ནམ་ཡང་མི་འདོར་བ། བོད་མིའི་མངོན་འདོད་སྒྲུབ་ཐབས་གཉིས་སྨན་ཞི་བའི་ལམ་བུ་ཁོ་ན་བསྟེན་པ། སྲིད་བྱུས་འདི་ཉིད་སྤྱོད་པ་ལ་མི་མང་གི་མང་མོས་རྒྱབ་སྐྱོར་དགོས་པ་བཅས་ཡིན་སྟབས། དབུ་མའི་ལམ་གྱི་སྲིད་བྱུས་བཟུང་བ་ནས་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་རང་འཇགས་མ་གཏོགས། དེའི་ཐད་གཏམ་གླེང་ཙམ་ཡང་བྱེད་དགོས་དོན་མེད་ལ། སྲིད་བྱུས་འདི་འཛིན་པའི་རྒྱུ་དང་བཟུང་བའི་ལས་རིམ་གང་དུ་ཡང། བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་བེད་ལོག་ཏུ་སྤྱད་པ་ད་བར་གང་ཡང་བྱུང་མེད་ལ། མ་འོངས་པ་ཡང་འབྱུང་མི་སྲིད་ལ། འབྱུང་དགོས་དོན་ཀྱང་མེད། རྒྱ་བོད་གཉིས་ལོ་རྒྱུས་ནང་འབྲེལ་བ་སྣ་ཚོགས་བྱུང་ཡོད་ཀྱང། དབུ་མའི་ལམ་གྱི་འབྲེལ་མོལ་རྒྱུད་པའི་འབྲེལ་བ་ནི། ཆབ་སྲིད་ཐད་ཀྱི་འབྲེལ་བ་ཡག་ཤོས། ཕམ་ཉེས་བྱུང་མེད་ཤོས་བཅས་ཡིན་པའང་མགྲིན་པ་གཟེངས་སུ་བཏགས་ནས་ཞུ་བར་སྤོབས།
སྐུ་ཞབས་ཚའོ་ཁྲང་ཆོན་ནས་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་ཁས་ལེན་གནང་བ་རེད་ཟེར་བ་ནི་འདེད་ཁུངས་ཁྱོན་ནས་མེད་པའི་འཆལ་གཏམ་ཞིག་རེད། གཅིག་བྱས་ན། སྲང་བར་གྱི་དཀྲོགས་གཏམ་དང། ཡང་ན་བོད་རང་བཙན་༧གོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ལ་རྩོད་པའི་འཇམ་དབྱངས་ནོར་བུ་སོགས། བདེན་དོན་གྱིས་ཕམ་ཉེས་ཕྱིན་པའི་བོད་མི་ཧུར་བརྩོན་ཅན་ཁ་ཤས་ཡོད་པ་དེ་དག་གིས་སྐུ་ཞབས་ཚའོ་ཁྲང་ཆིན་ལ་ཡང་མགོ་བསྐོར་བཏང་བ་འདྲ། ངས་ངྷ་རམ་ས་ལ་ནས་གསལ་འདེབས་ཞུ་རྒྱུ་ཞིག་ནི། གལ་སྲིད་སྐུ་ཞབས་ཚའོ་ཁྲང་ཆིན་ལ་ཁོམ་ལོང་ཡོད་ན་འདིར་ཕེབས་དང། དབུ་མའི་ལམ་དང་འབྲེལ་བའི་ཡིག་ཚགས་ཡོད་ཚད་སྤྱན་བསྟར་གྱིས། སྲིད་བྱུས་འདི་བཟུང་བ་ནས་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་རང་འཇགས་བཞག་ཡོད་པ་ར་སྤྲོད་གསལ་བོ་བྱེད་འདོད་ཡོད་ལ། མ་ཟད་ཁྱེད་ཀྱིས་བཤད་པ་ལྟར། དུས་ནམ་ཞིག་ཚུལ་ཅི་ལྟར་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་སུས་ཁས་བླངས་ཚུལ་ལའང་འདྲི་རྩད་བྱེད་འདོད་འདུག
དེ་ལས་ཀྱང་དཀྲོགས་གཏམ་སྙིང་རྗེ་མོ་ཞིག་སྟེ། ༧གོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རང་བཙན་བློས་གཏོང་བྱས་པ་དང། དབུ་མའི་ལམ་གྱི་སྲིད་བྱུས་འཛིན་རྒྱུའི་དབང་ཚད་ཡོད་པ་མ་རེད་ཟེར། སྐད་ཆ་འདི་ནི་ལོ་རྒྱུས་ཀྱི་ནག་འགེལ་ཆེན་པོ་ཞིག་མ་རེད་དམ། ༧གོང་ས་མཆོག་དང་ཁོང་གི་བཀའ་ཤག ཞབས་འབྲངས་མི་མང་དང་བཅས་པ་རང་བཙན་འཕྲོག་རྗེས་བཙན་བྱོལ་དུ་བྲོས་པ་ཡིན་མ་གཏོགས། བཙན་བྱོལ་དུ་འབྱོར་རྗེས་གདམ་ག་ཡོད་པའི་ཐོག་རང་བཙན་འཕྲོག་ཏུ་བཅུགས་པ་ཞིག་རྩ་བ་ནས་མིན། བློས་གཏོང་ཞེས་པའི་ཐ་སྙད་ཀྱི་ངོ་གདོང་ནས་བལྟས་ནའང། གང་བློས་གཏོང་གི་ཡིན་པ་དེ་ཐོག་མར་རང་ཉིད་ལ་ཡོད་པ་ཞིག་ཡིན་དགོས་པ་མ་རེད་དམ། ཁྱེད་ཀྱིས་ཀྱང་ཉེ་རབས་ལོ་རྒྱུས་ནང་གི་བོད་ཀྱི་བདག་དབང་རྩོམ་འདིར་རོབ་ཙམ་གླེང་ཡོད་པ་ལྟར། བོད་ཀྱི་རང་བཙན་ནི་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་རྗེས་བཙན་དབང་འོག་ཤོར་ཟིན་པ་ཡིན། བོད་མི་ཚོ་དོན་དངོས་དེ་ཁས་ལེན་མི་བྱེད་པའི་རྡར་མ་ཞིག་ཁྱོན་ནས་མིན།
འོན་ཀྱང་གྲོས་མཐུན་རྒྱ་ཕྱོགས་ནས་བརྡལ་བཤིག་བཏང་བར་བརྟེན། བོད་མི་རང་གིས་ངོས་ལེན་ཡོད་པའི་གཞུང་དེ་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད། བཙན་བྱོལ་དུ་ཕེབས་གྲུབ་མཚམས། ལོ་རྒྱུས་ནང་བདག་དབང་བཙན་འཕྲོག་བྱས་པའི་སྐྱབས་བཅོལ་བ་སྤྱི་མཚུངས་ལྟར། སྐབས་དེར་རང་བཙན་ལ་གདམ་ག་བྱ་ཡུལ་མེད་པ་གང་ནས་བལྟས་ཀྱང་གསལ་བོ་མ་རེད་དམ། འོན་ཀྱང་རང་བཙན་མུ་མཐུད་རྩོད་ལེན་གནང་མིན་དེ་རང་བཙན་བློས་གཏོང་བྱས་པར་གོ་བ་བླངས་ན། ཡུལ་གྱི་བདག་པོ་མི་མང་ཡིན་པའི་མང་གཙོའི་རིགས་པའི་གཞུང་ལུགས་དང་མཐུན་གྱི་འདུག་གམ། ཁྱེད་ཀྱིས་ཅི་མི་སྙམ་པར། རིགས་པའི་གཞུང་ལུགས་དང་གཏན་ཚིགས་ཀྱི་ཁུངས་སྐྱེལ་གང་ཡང་མེད་པར། དབུས་བོད་མིའི་སྒྲིག་འཛུགས་དང་མི་མང་ལ་བོད་མིའི་མངོན་འདོད་ཐག་གཅོད་བྱེད་པའི་ཐོབ་ཐང་མེད་ཟེར། དེའི་རྒྱུ་མཚན་ལའང་མི་མང་གི་གྲངས་འབོར་རྒྱབ་རྟེན་དུ་བགྲང་བ་ནི་ཅི་འདྲིའི་ཧམ་བཤད་ཅིག་མ་རེད་དམ། སློབ་དཔོན་གྱི་མཚན་གནས་འཁྱེར་བཞིན་འདི་ལྟར་ཚོར་བའང་རིག་འཚོ་མ་ཟིན་པ་ལྟ་བུ་ཞིག་བརྗོད་པ་ནི་ངོ་གནོང་བ་ཞིག་མ་རེད་དམ།
༧གོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནང་གི་བོད་མིའི་མངོན་འདོད་མི་མཚོན་པ་དང། ཚབ་བྱེད་ཐུབ་ཀྱི་མེད་ཅེས་བརྗོད་མཁན། འཛམ་གླིང་ཧྲིལ་བོའི་ནང་ཀྲུང་གུང་སྲིད་གཞུང་ཨང་དང་པོ་དང། སྐུ་ཞབས་ཚའོ་ཁྲང་ཆོན་ཁྱེད་རང་ཨང་གཉིས་པ་རེད། ཡང་དག་པའི་མང་གཙོའི་རིང་ལུགས་དང། བོད་མི་ས་ཡ་དྲུག་གི་མངོན་འདོད། ཁྲིམས་དོན་ལྷན་ཚོགས་ཀྱི་སྙན་ཐོ་གང་ལ་གཞིགས་ཀྱང། ཁྱེད་ཀྱི་བསམ་ཚུལ་དེར་གཞི་རྩ་བྲལ་བ་ནི་ཧ་ཅང་གསལ་བོ་རེད། བཟང་སྤྱོད་དང་ལྡན་པའི་ངང་ནས་ཞུ་རྒྱུར། ༩༧ ལོའི་མང་མོས་ཐག་གཅོད་འོས་བསྡུའི་སྐབས་གཙོ་བོར་གྱུར་བའི ༢༠༠༨ དམིགས་བསལ་ཚོགས་ཆེན་སོགས་ཀྱི་སྐབས། བོད་ནང་གི་བོད་མི་ཚོའི་མངོན་འདོད་ཅི་ཡིན་བསམ་ཤོག་འབྱོར་བ་རྣམས་བཀའ་དྲུང་ཡིག་ཚང་དང་བདེ་སྲུང་ལས་ཁུངས། ༧དགའ་ལྡན་ཕོ་བྲང་ཡིག་ཚང་བཅས་སུ་ད་དུང་ཚད་ལྡན་ཉར་ཚགས་བྱས་ཡོད་པས། ཞིབ་འཇུག་མི་བྱེད་པར་གྱ་ཚོམ་གྱི་བཀའ་མོལ་འདི་དག་གནང་དོན་ཅི་ཞིག་ཡིན་ནམ།
ངས་གོང་དུ་བཤད་པ་བཞིན། ཁུངས་མེད་རུ་དཔུང་གི་བོད་མི་ཧུར་བརྩོན་ཅན་ཁྱེད་ཀྱི་གྲོགས་པོ་ཁ་ཤས་ཀྱིས། ཁྱེད་ཀྱི་བསམ་ཚུལ་ནང་བཞིན། དབུ་མའི་ལམ་ལ་བོད་མི་མང་གིས་འདི་ལྟར་རྒྱབ་སྐྱོར་ཤུགས་ཆེ་བྱས་རྐྱེན་ནང། ཆོས་ཕྱོགས་ཀྱི་དུངས་ཞེན་དང་དད་སྟོབས་འགོག་མ་ཐུབ་པར་ཆབ་སྲིད་ནང་བེད་སྤྱོད་བཏང་ཚུལ་གྱིས་འགྲེལ་ལོག་རྒྱག་གི་ཡོད། ཁྱེད་ཀྱིས་ཞིབ་ཏུ་གཟིགས་དང། བོད་མི་མང་དེ་འདྲའི་ལྐུགས་པ་ཞིག་རེད་དམ། བོད་མི་ཚོ་རང་གི་འཕྲལ་ཕུགས་གཉིས་ཀྱི་མདུན་ལམ་ཐད་ཅི་ཞིག་ཕན་ཐོགས་ཡོད་མེད་སྐོར་མགོ་བོ་རྨོངས་གི་མ་རེད། མ་གཞི་ནས་བོད་ཀྱི་ནང་ཆོས་ལ་སྦྱངས་པ་ཅུང་ཙམ་ཡོད་མཁན་ཞིག་ཡིན་ན། དད་པ་ནི་རྒྱུ་མཚན་དང་རིག་པ་ཡང་དག་ལ་བརྟེན་ནས་སྐྱེ་གི་ཡོད་ཚུལ་ཅི་ལ་མི་ཤེས། འོན་ཀྱང། དེའི་ཐད་ནས་ངས་སྐུ་ཞབས་ཁྱེད་ལ་ལོས་འདེད་བྱེད་མི་སྲིད་ཀྱང། བོད་མིའི་སེམས་ཁམས་ཉུལ་བའི་རྒྱ་སྒོ་ཐོག་མ་བོད་ཀྱི་ནང་ཆོས་དང་འབྲེལ་བ་དམ་ཟབ་ཡོད་པ་ངེས་པར་དུ་ཤེས་དགོས་ཤིང། རྒྱུད་ལམ་འདི་ནས་ད་གཟོད་བོད་མིའི་མངོན་འདོད་དང་འདུ་ཤེས་འབྲི་བཞེངས་ཐུབ་རྒྱུའི་རྨང་གཞི་ཡང་དག་པ་རེ་རྙེད་པར་ཐེ་ཚོམ་མེད་མོད། འོན་ཀྱང་ཡིད་སྐྱོ་བ་ཞིག་ནི། ཁྱེད་ཀྱི་བོད་དོན་གནས་ཚུལ་བཀའ་མོལ་ཞུ་སའི་བོད་མི་རེ་འགར་བོད་ཀྱི་རིག་གནས་ཀྱི་རྨང་གཞི་བརྟན་པོ་ཞིག་མེད་ཚུལ་གོ་བ་དེ་རེད། དེའི་ཆ་ནས་དབུ་མའི་ལམ་གྱི་རྒྱབ་སྐྱོར་ནང་ཆོས་ཀྱི་དད་འདུན་ལོག་པར་བེད་སྤྱད་འདུག་ཅེས་བཤད་པ་ནི། ནང་བའི་ཆོས་ཀྱི་དད་འདུན་གྱི་རིགས་པའི་གཞུང་ལུགས་ལ་སྣང་མེད། ང་ཚོ་མི་མང་ལྐུགས་པར་བསྒྱུར་བ། དབུ་མའི་ལམ་ལ་ཚད་ལྡན་གྱི་སྐྱོན་བརྗོད་བྱ་རྒྱུའི་རྦད་དེ་ཕོངས་བ་ཞིག་ལ་ངོས་འཛིན་མི་བྱེད་ག་མེད་རེད།
༧གོང་ས་མཆོག་གཙོས་ཞི་བདེ་དང། འཚེ་མེད་ཞི་བའི་ཚབ་མཚོན་མི་སྣ་གྲགས་ཅན་ཡོད་དོ་ཅོག ཁྲམ་པ་བདེན་པར་འགོད་མཁན་དང། ཁྲམ་པར་གནས་ལུགས་སྟོན་མཁན། གནས་ལུགས་སྟོན་པའི་དམ་བཅའ་ཏི་སེ་གངས་ལྟར་འགྱུར་བ་མེད་པ་གནང་མཁན་རྐྱང་རྐྱང་ཡིན། ཚ་བ་ནི་གྲང་བ་ཡོད་པ་ལ་བརྟེན་ནས་ཡོད་པ་ལྟར། འཚེ་མེད་ཞི་བ་དང་བདེན་པ་ཡང། དྲག་སྤྱོད་དང་རྫུན་མ་ཡོད་པ་ལ་བརྟེན་ནས་བྱུང་བ་དང་ཡོད་དགོས་པ་ཡིན། བདེན་པའི་རིན་ཐང་ནི་རྫུན་མའི་རང་བཞིན་ཞི་བ་དང་བཟང་སྤྱོད་ལྡན་པའི་ངང་གཙང་མ་བཟོས་ཏེ་ལེགས་ལམ་དུ་བསྒྱུར་རྒྱུ་ཉག་ཅིག་ཡིན་སྟབས། ༧གོང་ས་མཆོག་གིས་ཀྲུང་གུང་སྲིད་གཞུང་ལ་གཉིས་སྨན་ཞི་བའི་ལམ་ནས། བོད་ཀྱི་གནད་དོན་ཐག་གཅོད་ཡོང་རྒྱུའི་རེ་འདུན་ཕྱག་བསྟར་གནང་བ་ནི་བོད་དོན་འཐབ་རྩོད་ཀྱི་ལོ་རྒྱུས་དང། འགྲོ་བ་མིའི་བྱུང་རབས་ནང་ཡལ་དུ་མེད་པའི་གསེར་མདོག་གི་ལོ་རྒྱུས་ཤིག་ཡིན་པས་གཟུར་གནས་ཡོངས་ཀྱིས་མངོན་པར་བསྟོད་ཀྱི་མི་འདུག་གམ། ཁྱེད་ཀྱི་བསམ་ཚུལ་ལྟར་ཀྲུང་གུང་སྲིད་གཞུང་ལ་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་བྱས་པ་ཡིན་ན། མིའི་རིགས་ཀྱིས་དགའ་བསུ་བྱེད་ཀྱི་རེད་དམ།
མཇུག་ཏུ་འདི་ལྟར་བརྗོད་འདོད་དེ། རྒྱུན་འཁྱོངས་གསུམ་ཁས་ལེན་བྱས་པ་ཡིན་ན། ལོ་རྒྱུས་ཐོག་གི་བདག་དབང་ཤོར་སོང་བ་ལྟ་བུ་དང། ཡང་བོད་མིའི་འཐབ་རྩོད་ཀྱི་དམིགས་ཡུལ་རྒྱལ་ཁབ་ཅིག་འཛུགས་བསྐྲུན་བྱེད་རྒྱུ་ཡིན་ན་མ་གཏོགས། བོད་ཀྱི་ཕྱི་སྣོད་དང་ནང་བཅུད་ཀྱི་ངོ་བོ་ངོས་འཛིན། སྲོག་སྙིང་མ་བརླག་དམ་འཛིན་བཅས་བྱས་ན་མི་འགྲིག་པ་ལྟ་བུའི་བསམ་ཚུལ་བཏོན་འདུག་པ་ནི། དེ་བས་ཀྱང་དངོས་དོན་ལ་རྒྱུས་ལོན་ཡག་པོ་མ་བྱས་པའི་ཉེར་ལེན་ལས་བྱུང་བ་ཧ་ཅང་གསལ་བོ་རེད།
དབུ་མའི་ལམ་གྱི་རིགས་པའི་གཞུང་ལུགས་ནང་རྒྱ་ནག་ལ་ཏང་ཁག་སུས་དབང་བསྒྱུར་བྱས་ཡོད་ན། དེ་མགོ་རྟིང་སློག་རྒྱུ་རྩ་བ་ནས་གསུངས་མེད་ལ། གུང་བྲན་ཏང་རྩ་མེད་ཕྱིན་ན་མ་གཏོགས་དབུ་མའི་ལམ་ལ་གྲོས་རོགས་མེད་ཚུལ་ཡང་འདོད་ཀྱི་མེད། གུང་བྲན་རིང་ལུགས་ནི་ཐར་བ་དང་ཐམས་ཅད་མཁྱེན་པ་སྒྲུབ་པའི་ལམ་ཚང་ལ་མ་ནོར་བ་རིག་པས་ལམ་ནས་གཏན་འབེབས་བྱས་པ་ལྟར་མིན་པས། དེའི་རིགས་པའི་གཞུང་ལུགས་དང་ཏང་གི་སྒྲིག་གཞི་ཚུན་ཆད་ལ་འགྱུར་བ་འགྲོ་མི་ཆོག་པ་ཅི་ལ་ཡོད། གཞན་དུ་མང་གཙོ་ཅན་དུ་མ་འགྱུར་བར་བོད་ལ་རེ་བ་མེད་ཚུལ་བཤད་པ་དེ་ལའང་སྒྲུབ་བྱེད་ཡང་དག་ཅིག་མེད་ཁར། དེའི་ལན་འདེབས་རང་གིས་རང་ལ་འདི་ལྟར་བྱས་འདུག་སྟེ་་དེ་བས་རྒྱ་མི་དུང་ཕྱུར་བཅུ་གསུམ་ལྷག་གིས་ཏཱ་ལའི་བླ་མ་ནི་བོད་རང་བཙན་རྩོད་མཁན་གྱི་གཏེ་བོ་ཡིན་པར་ངོས་འཛིན་བྱས་ནས་ཁོང་ལ་སྡང་སེམས་བཅངས་ཡོད་པ་རེད་་་་ཅེས་ཟེར། ད་འོ་ན། གལ་སྲིད་མ་འོངས་པར་རྒྱ་ནག་མང་གཙོ་ཆགས་པའི་དབང་དུ་བཏང་ནའང། རྒྱ་མི་དུང་ཕྱུར་བཅུ་གསུམ་གྱི་བོད་ཀྱི་རང་བཙན་ཐོག་གི་སྡང་སེམས་དེ། རང་བཙན་ཐོག་གི་རྒྱབ་སྐྱོར་ཏུ་ཅི་ལྟར་འགྱུར་ཐུབ་བམ། འདི་ལ་ཁུངས་ལུང་ཞིག་འདུག་གམ། ཡང་རིག་འགྲོས་ཀྱིས་འདི་ལྟར། མ་འོངས་པར་རྒྱ་ནག་ལ་མང་གཙོ་ཆགས་ཡ་ཡོད་ན། བོད་ལ་འཛིན་སྐྱོང་གཅིག་གི་རང་སྐྱོང་མི་ཐོབ་པའི་རྒྱུ་མཚན་ཅི་ཞིག་ཡོད་དམ། དེ་གཉིས་ཀྱི་ཁ་གཏད་ཀྲུང་གུང་སྲིད་གཞུང་མ་རེད་དམ།
མཚམས་འདིར་སྐུ་ཞབས་མཆོག་ལ་འདི་ལྟར་ཡང་བཤད་འདོད་དེ། ཁྱེད་ནི་མང་གཙོ་དོན་གཉེར་པ་རང་དོན་ཅན་ཞིག་རེད། ཁྱེད་ཀྱི་མང་གཙོ་སྒྲུབ་རོགས་ལ་བོད་མི་ཚོས་རྒྱ་ནག་གཞུང་ལ་དྲག་པོའི་ངོ་རྒོལ་བྱས་ན་དགོངས་ཀྱི་ཡོད་ཀྱང། རྒྱ་རིགས་ཤེས་ཡོན་པ་དང་མང་གཙོ་དོན་གཉེར་བ་ཧ་ཅང་མང་པོས། བོད་མིས་དེ་ལྟར་གནང་དགོས་པའི་བསམ་ཚུལ་འདོན་གྱི་མེད་ལ། བོད་རྒྱ་ནག་གི་ཆ་ཤས་ཁས་ལེན་བྱེད་པ་འབྲེལ་མཐུད་ཀྱི་སྔོན་འགྲོའི་ཆ་རྐྱེན་དུ་དེ་བས་བཀོད་ཀྱི་མེད། ཁྱེད་ཀྱིས་ཁོང་ཚོར་བསྙོན་འཛུགས་བྱས་པ་ནི་བདེན་པ་མ་རེད།
གསལ་བཤད་འདི་ཡང་ཞུ་འདོད་དེ། བོད་མིའི་འཐབ་རྩོད་ཀྱི་དམིགས་ཡུལ་ནི་ས་ཁྱོན་གྱི་བདག་དབང་མིན་ཞིང། ཆོས་རིག་དང་ཁོར་ཡུག གོམས་གཤིས། སྐད་ཡིག་བཅས་ཀྱི་འཐབ་རྩོད་ཡིན་ལ། བོད་མིའི་ངོས་འཛིན་དེ་དག་བརླག་པར་གྱུར་ཚེ། བོད་མི་རིགས་ས་སྒང་འདིར་གནས་དགོས་པའི་རྒྱུ་མཚན་ཡང་བརླག་སོང་བ་ཡིན་སྟབས། སྤྱི་འགྲོས་སྤྱི་མཚུངས་ཀྱི་སྤྱི་ཚོགས་ལྷག་མ་ཞིག་གམ། མི་རིགས་ལྷག་མ་ཞིག་ཡིན་དགོས་དོན་མེད་པ་དེ་བོད་མིའི་དབུ་ཁྲིད་དང། མི་མང་ནས་ངོས་འཛིན་གསལ་བོ་དང། དམ་བཅའ་འགྱུར་མེད་བྱས་ཡོད་སྟབས། དབུ་མའི་ལམ་གྱི་ལམ་གྱི་སྲིད་བྱུས་འཛིན་པ་ནི་འོས་འཚམས་དང་གྲུབ་འབྲས་ཐོབ་ངེས་པ་ཡིན་པའང་ཡིད་ལ་དམ་པོར་འཛིན་རོགས།
ཉིད་ཀྱི་རྩོམ་ཡིག་འདི་ལོ་མང་སྔོན་ང་ཚོའི་འཐུས་མི་རྫུན་མ་ཞིག་གིས་གྲོས་ཚོགས་ནང་ལུང་དྲངས་པར་བརྟེན། རྒྱ་ཡིག་ཐོག་གནའ་ནས་མཇལ་མྱོང་ཡང། བོད་མིའི་ནང་དཀྲོགས་གཏམ་སྤེལ་གཞི་མ་མཐོང་བས་རང་སོར་བཞག་ཅིང། ད་ལམ་བོད་ཡིག་ཏུ་འགྱུར་འདུག་པར་ཁ་ཤས་ཀྱིས་རྨོངས་རྟགས་སྟོན་བཞིན་པར་སོང། མི་བདེན་པའི་གནས་ཚུལ་ལ་གསལ་བཤད་ཙམ་དུ་ལས་ཞོར་ནས་ཤར་མར་བྲིས་པ་ཡིན་པས། རྩོམ་པ་པོ་མཆོག་ནས་ལོ་མང་པོའི་སྔོན་གྱི་མ་འདང་བའི་གནས་ཚུལ་ལ་བསམ་ཞིབ་བྱེད་རྒྱུ་ལས་དགོངས་སེལ་ཞུ་དགོས་དོན་མེད་ལ། རྩོམ་ཡིག་འདི་བྲིས་རྗེས་བསམ་ཚུལ་ནོར་བ་རྣམས་ངོས་ལེན་བྱས་པའང་ཐོས་པས་སྐུ་ཉིད་ལ་མུན་སེལ་མར་མེ་སྦར་བ་ནི་མིན་ནོ།
དབུ་མའི་ལམ་རྒྱལ་ལོ།
རྒྱ་རིགས་འབྲེལ་མཐུད་རྒྱལ་ལོ།།
༢༠༡༥། ༣། ༢༦། ཉིན།།
རྩོམ་འདིའི་ཚིག་སྦྱོར་དང་ཐ་སྙད་བཀོལ་ཚུལ་ཐད་ནས་ནམ་རྒྱུན་གྱི་ཁུག་རྟའི་རྩོམ་ཚོ་དང་འདྲ་བ། བབས་ཆགས་དང་ཡོངས་གྲགས་རང་བཞིན་ཅན་ཞིག་མིན་པར་འདོད། གཞན་ནང་དོན་གྱི་ཕྱོགས་ནས་གནད་འགག་མང་པོ་ཞིག་ལ་ལན་བཏབ་འདུག་འདོད། བཀའ་དྲིན་ཆེ།
རྒྱ་རྒན་གྱིས་མ་བརྟག་མ་དཔྱད་པར་ཕྱོགས་ལྷུང་གི་འུད་བརྗོད་བསྒྲགས་པ་དེར་བསམ་པ་དང་དམིགས་ཡུལ་དག་མིན་ངེས་པ་མེད་ནའང་། བོད་བསྒྱུར་བྱས་པས་སྐབས་འཚོལ་བ་དང་ཁ་ལོ་བ་གུང་ཁྲན་ཡིན་པའི་བོད་མི་འགའ་རེས་རྒྱབ་རྟེན་དང་ལུང་འདྲེན་ཁུངས་བྱེད་ཡོད་པ་ནི། གླུན་རྟགས་ལས་གཞན་ཅང་མ་མཐོང་། རྩོམ་རྙིང་ལ་བོད་བསྒྱུར་གསར་མ་ཞེས་རྩོམ་པོས་བཤད་འདུག་པར་གཞིགས་ན། བཙན་བྱོལ་ཤེས་ཡོན་པའི་རྗེས་ལུས་དང་འཐུས་ཤོར་ཡིན་ལ། སྐབས་འདིར་བོད་བསྒྱུར་བྱས་པའང་དབུ་ལམ་ལ་ཁ་གཏད་པའམ་རང་ལ་ཀླད་པ་ལྡན་ནའང་དཀྲུག་མི་ཤེས་ཤིང་། ཟེར་རྗེས་རྒྱུགས་རྒྱུར་དགའ་བ་རྣམས་ལ་རྨ་བྱར་དབྱར་རྔ་བཞིན་བྱུང་འདུག
ག་རེ་གླུན་རྟགས། ཚོར་བ་ཙམ་ཕྱི་ལ་བཏོན་པ་ལས་གནས་ལུགས་ཐད་ནས་ཚའོ་རྩོམ་གྱི་བརྒྱ་ཆའི་གཅིག་གི་རྗེས་ཀྱང་ཟིན་མི་འདུག
སྤྱི་ཚོགས་ནད་པའི་ནང་གི་མྱི་ནད་རུལ་ཅན་ལ་འགྲེལ་བཤད་གང་ཡང་མི་འགྲོ་བ་གསལ་བོ་རེད།ཡིན་ཡང་ཤེས་དགོས་པ་ཤིག་ལ་བོད་རང་བཙན་རྩོད་ཀྱིས་མིན་པའི་ལངས་ཕྱོགས་བཟུང་སྐབས་ཀྱི་འགྲེལ་བཤད་མང་པོ་ནང་གོང་ས་མཆོག་གཙོ་གཞུང་གི་མཐོ་རིམ་མི་སྣ་ཚང་མས།བོད་ལ་རང་བཙན་མི་དགོས་ཟེར་མཁན་ཏྭ་ལའི་བླ་མ་གཅིག་པོ་ཡིན་ཟེར་བའི་འགྲེལ་བརྗོད་གསར་འགྱུར་ཁག་ལ་སྤེལ་ཡོད་པས་སྐུ་ཞབས་ཚའོ་ལ་ཁུངས་ཡོད་པ་ཡིན་ནོ།
དབུ་ལམ་༸གོང་ས་མཆོག་གིས་ཡེ་ཤེས་དབྱིངས་དཔྱད་ཀྱིས་ལམ་སྟོན་བཀའ་དྲིན་བསྩལ་བ་མང་ཚོགས་ནང་བགྲོ་གླེང་དང་གོ་རྟོགས་རིམ་བརྒྱུད་མང་མོས་གཏན་འབེབས་ཟིན་པའི་བོད་ཀྱི་བདེན་མཐའ་གསལ་བའི་ཐབས་ལམ་ཉག་གཅིག་པོ་དེ་ཡིན་པ་ཤེས་བཞིན། ༸གོང་ས་མཆོག་༸སྐུ་སྒེར་གྱི་གནད་དོན་དུ་འཁྱོག་བརྗོད་བྱེད་པ་ནི། མའོ་ཀྲུ་ཞིའི་མགོ་དཔར་ཡོད་པའི་ཤོག་ལོར་ལ་རྔམས་པ་མིན་ན། བོད་ཀྱི་རིགས་ལ་སྐྱེས་པ་ཞིག་ཡིན་ཕྱིན་བདེན་མཐའ་གསལ་བའི་ཐབས་དབུ་ལམ་མིན་པའི་རང་བཙན་སོགས་གང་རུང་འཛམ་གླིང་རྒྱལ་སྤྱིའི་ངོས་ལེན་ཡོད་དང་རྒྱབ་སྐྱོར་ལྡན་པའི་ཐབས་ཤིག་སྟོང་དང་། དེ་ནས་བལྟ་རྒྱུ། བསམ་རྒྱུ་ཞིག་ཡོད་ངེས་ལ། དབུ་ལམ་ཡང་རང་བཞིན་གྱིས་མེད་འགྲོ་བ་དངོས་པོའི་གཤིས་ལུགས་ཡིན། དེ་མིན་གླུན་བཤད་མ་བརྒྱབ་ན་བཟང་།
ཐབས་ཤིག་སྟོན་་་་ཞེས་བཅོས་གནང་།
ཤར་ཕྱོགས་ཁུག་རྟ་་་་་་ཁྱེད་རྩོད་ས་ནོར་གྱི་འདུག་་་རྩོད་ས་སྐུ་ཞབས་ཚའོ་ལགས་མ་རེད་་་བློ་ཁག་ཡོད་ན་ཀྲོ་ཝེ་ཆིན་ལ་རྩོད་དགོས་པ་རེད་་་་མདའ་ཁ་ཕྱོགས་ནོར་འདུག་་་་་་་ཀྲོ་ཁྱེད་ཀྱི་ཨ་ཞང་མིན་ན་དེར་ལམ་ཞིག་ཕྲིས་ད་་་་དབུ་མའི་ལམ་སྒོ་རྒྱོབ་བཤད་ཀྱི་འདུག་ག་་་ཧཧཧཧཧཧཧཧཧཧཧ་་་་་་བཙན་པོ་རིགས་ན་ཙི་ཙི་བཞིན་་་་་
ཨ་ཁ་ཁ། རྩོམ་ཡིག་རིང་པོ་འདི་ཐེངས་གཉིས་བཀླགས་པ་ཡིན། དོན་གྱི་འབྲས་བུ་ཚིག་གི་ལོ་མས་བསྒྲིབས་འདུག་པས་སྐད་ཆ་མང་པོ་ཞུ་རྩིས་མེད་ཀྱང་གསལ་བཤད་གཉིས་ཞུས་ཆོག་པ་ཞུ། རྒྱ་རིགས་མཁས་པ་སྐུ་ཞབས་ཚའོ་ཁྲང་ཆིན་གྱིས་“ཉེ་བའི་ལོ་འདི་དག་གི་ནང་དུ་བོད་ཀྱི་བསམ་བློའི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་དང་བཙན་བྱོལ་བོད་གཞུང་གིས་ག་དུས་ཡིན་ཡང་དབུ་མའི་ལམ་ཤུགས་ཆེར་བརྗོད་དེ། ཕྱོགས་གཉིས་སུ་མ་ལྷུང་བའི་སྒོ་ནས་རང་བཙན་བློས་གཏོང་བྱས་པ་དང་། རྒྱ་གཞུང་གིས་མི་སེར་སྤེལ་བའི་དབང་སྒྱུར་ལའང་ངོས་ལེན་མ་བྱས་པར་བོད་ནི་རྒྱ་ནག་གི་ཆ་ཤས་ཡིན་པ་ཁས་ལེན་བྱས་ཐོག་ཚད་མཐོའི་རང་སྐྱོང་ལ་རེ་བ་བརྒྱབས་པ་རེད།”ཅེས་འབྱུང་བའི་“བོད་ནི་རྒྱ་ནག་གི་ཆ་ཤས་ཡིན་པ་ཁས་ལེན་བྱས་”ཞེས་པའི་གསུང་དུམ་འདི་གོ་མི་བདེ་བ་ཞིག་རེད། རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་བོད་གཞུང་གིས་བོད་ནི་རྒྱ་ནག་གི་ཆ་ཤས་ཡིན་པའི་ཁས་ལེན་ནམ་ཡང་གནང་མེད་ལ། དེའི་དབང་ཚད་བོད་མི་སུ་གཅིག་ལའང་མེད་པ་རེད། གནས་དོན་འདི་ཚའོ་ཁྲང་ཆིན་གྱིས་ གསལ་པོ་མཁྱེན་གྱི་ཡོད་སྟབས་ཕལ་ཆེར་གསུང་སྟངས་ནོར་བ་རེད་དྲན་བྱུང་།
དེ་ནས་སྐུ་ཞབས་ཤར་ཕྱོགས་ཁུག་རྟས་“༧གོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རང་བཙན་བློས་གཏོང་བྱས་པ་དང་། དབུ་མའི་ལམ་གྱི་སྲིད་བྱུས་འཛིན་རྒྱུའི་དབང་ཚད་ཡོད་པ་མ་རེད་ཟེར། སྐད་ཆ་འདི་ནི་ལོ་རྒྱུས་ཀྱི་ནག་འགེལ་ཆེན་པོ་ཞིག་མ་རེད་དམ། ༧གོང་ས་མཆོག་དང་ཁོང་གི་བཀའ་ཤག ཞབས་འབྲང་མི་མང་དང་བཅས་པ་རང་བཙན་འཕྲོག་རྗེས་བཙན་བྱོལ་དུ་བྲོས་པ་ཡིན་མ་གཏོགས། བཙན་བྱོལ་དུ་འབྱོར་རྗེས་གདམ་ག་ཡོད་པའི་ཐོག་རང་བཙན་འཕྲོག་ཏུ་བཅུགས་པ་ཞིག་རྩ་བ་ནས་མིན། བློས་གཏོང་ཞེས་པའི་ཐ་སྙད་ཀྱི་ངོ་གདོང་ནས་བལྟས་ནའང། གང་བློས་གཏོང་གི་ཡིན་པ་དེ་ཐོག་མར་རང་ཉིད་ལ་ཡོད་པ་ཞིག་ཡིན་དགོས་པ་མ་རེད་དམ། ཁྱེད་ཀྱིས་ཀྱང་ཉེ་རབས་ལོ་རྒྱུས་ནང་གི་བོད་ཀྱི་བདག་དབང་རྩོམ་འདིར་རོབ་ཙམ་གླེང་ཡོད་པ་ལྟར། བོད་ཀྱི་རང་བཙན་ནི་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་རྗེས་བཙན་དབང་འོག་ཤོར་ཟིན་པ་ཡིན།” ཞེས་རྒྱ་རིགས་མཁས་པ་ཚའོ་ཁྲང་ཆིན་གྱི་རྩོམ་ཡིག་གི་གསུང་དུམ་ཞིག་ལ་དགག་པ་གནང་རྩིས་བྱས་འདུག་མོད། ཚའོ་ཁྲང་ཆིན་གྱི་རྩོམ་ཡིག་ཏུ་“ལོ་རྒྱུས་ཐོག་བོད་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། དེ་ལ་རང་གི་རྒྱལ་མིང་དང་རྒྱལ་དར། འགོ་ཁྲིད། རྒྱལ་ས། དངུལ་སྒོར། ལམ་ཡིག དམག་མི། དཔྱ་ཁྲལ་སོགས་ཀྱང་ཡོད། ཐ་ན་བོད་ནི་ཆིན་རྒྱལ་རབས་ཀྱི་མཇུག་དང་ཅང་ཅེ་ཧྲིའི་གོ་མིན་ཏང་གི་སྐབས་སུའང་ཁོང་ཚོའི་མངའ་ཁོངས་ཀྱི་ཞིང་ཆེན་ཞིག་མ་ཡིན་པར ། ལོ་རབས་ལྔ་བཅུ་པའི་དུས་འགོར་གཞི་ནས་དམར་ཕྱོགས་དམག་མིས་བཙན་བཟུང་བྱས་པ་ཞིག་རེད། དེ་རིང་གི་བོད་ཀྱི་གནད་དོན་ནི་ཆོས་དང་རིག་གཞུང་། ཁོར་ཡུག་ཁོ་ནའི་གནད་དོན་མ་ཡིན་པར། དེ་ནི་རྒྱལ་ཁབ་ཅིག་གི་ཆགས་འཇིག་གི་གནད་དོན་རེད། ཏྰ་ལའི་བླ་མ་ནི་བོད་མི་དམངས་ཀྱི་བསམ་བློའི་དབུ་ཁྲིད་དང་དད་གུས་བྱེད་ས་རེད། ཡིན་ཡང་དམངས་གཙོའི་རྩ་དོན་ལྟར་ན། གོ་གནས་ཇི་ཙམ་ཡོད་ཀྱང་མི་དམངས་ཀྱིས་རང་གི་རྒྱལ་ཁབ་གདམ་ག་བྱེད་པའི་དབང་ཆ་ཐག་གཅོད་བྱེད་རྒྱུའི་དབང་ཚད་སུ་ལའང་ཡོད་པ་མ་རེད། བོད་ཀྱི་མདུན་ལམ་ནི་བོད་མི་ས་ཡ་དྲུག་གི་མང་མོས་ཀྱི་འོས་ཤོག་ལམ་ནས་ཐག་གཅོད་བྱེད་པ་ལས་བཙན་བྱོལ་བོད་གཞུང་གི་འགོ་ཁྲིད་གང་རུང་ཞིག་གིས་ཐག་གཅོད་བྱེད་ག་ལ་རུང་། བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་གཞོན་ཀརྨ་ཡེ་ཤེས་དང་དང་ཚོགས་མི་ཀརྨ་ཆོས་འཕེལ་སོགས་ཀྱིས་སྔོན་ཆད་བཤད་པ་ལྟར། “ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་ཁ་ཤས་ལ་ལོ་རྒྱུས་ཐོག་རང་བཙན་ཡིན་པའི་བོད་རྒྱལ་ཁབ་སླར་གསོ་བྱེད་པའི་དབང་ཆ་རྩིས་མེད་དུ་གཏོང་བའི་དབང་ཚད་ཡོད་པ་མ་རེད། ང་ཚོའི་གནད་དོན་ནི་མི་རིགས་དང་རྒྱལ་ཁབ་ཀྱི་རང་དབང་དང་རང་བཙན་ཡིན་པ་ལས། ཆོས་དང་རིག་གཞུང་ཁོར་ཡུག་སོགས་ཀྱི་གནད་དོན་མ་རེད”ཞེས་པ་ལྟ་བུ་རེད།”ཞེས་བྲིས་འདུག་ལ། སྐབས་དེའི་“རང་བཙན་བློས་བཏང་”ཞེས་པ་ནི་རང་བཙན་བཞག་ནས་རང་སྐྱོང་རྩོད་ཀྱི་ཡོད་པ་དེར་གོ་དགོས་པ་རེད་སྙམ། ཚའོ་ཁྲང་ཆིན་གྱི་གཏམ་འདི་བདེན་པའང་རེད།
གཞན་ཚིག་ཕྲེང་གཞན་པ་དེ་དག་ནི་ཚའོ་ཁྲང་ཆིན་གྱི་རྩོམ་ཡིག་ལ་འབྲེལ་བ་མེད་པའམ་ཡང་ན་གནས་ལུགས་མེད་པའི་ཅ་ཅོའི་གཏམ་དུ་ཟད་པས་ཞུ་རིན་མ་མཆིས། ཐུགས་རྗེ་ཆེ།
གོང་དུ་སྙན་བཟང་གི་བཤད་པ་བཞིན།ཁུག་རྟའི་སྐུ་ཞབས་ཚའོ་ལགས་ཀྱི་རྩོམ་འདིར་གོ་ནོར་གྱི་དབང་གིས་ཚོར་ཤུགས་ཙམ་བྲིས་འདུག དེ་བས། ཡིན་གཅིག་ཅིག་འབྲི་འདོད་ན་རྒྱ་རྒན་ཀྲའོ་ཝེ་ཆོན་གྱི་ཉེ་ཆར་བཤད་པའི་དོན་དངོས་གོ་ལྡོག་གི་འཁྱོགས་ཚིག་དེ་ཚོར་དྲང་བདེན་གྱིས་ལན་འདེབས་རེ་བྱོས་དང་།
རྡོག་རྡོག་བཤད་ན་ཁུག་རྟ་ཁོ་རང་བཙན་གྱི་སྒྲ་སྐད་གོ་བ་དང་སྡུག་སྙིང་གས་གྲབས་རེད། རང་བཙན་གྱི་སྒྲ་སྐད་དེ་གོ་ས་མེད་པ་གུང་ཁྲན་དང་ཁུག་རྟ་གཉིས་གཅིག་པ་གཅིག་རྐྱང་རེད། འོན་ཀྱང་ཡ་མཚན་པ་ཞིག་ལ་དྲང་བདེན་བཤད་པར་དགའ་བའི་རྒྱ་རིག་རྩོམ་པ་པོ་ཚའོ་ཁྲང་ཆིན་གྱིས་རྩོམ་དེས་ཁུག་རྟའི་ནད་རྙིང་སྡུག་དུ་ཕྱིན་པ་དེ་རེད། བྱས་ཙང་ཉེ་འཆར་ཀྲུའུ་ཝེ་ཆོན་གྱིས་ལམ་དབུ་མའི་ངོ་གདོང་ལ་ཚད་ཐིག་གཅིག་བརྒྱབ་ནས་བསྡུ་གསོག་རྒྱག་དགོས་རབས་བཤད་ཀྱང་ཁུག་རྟས་རྣ་བ་གཉིས་ཀ་བཀབ་ནས་ཁ་རྐུབ་ལ་སྦྱར་ཏེས་གཉིད་དུ་ཡུར་བསྡད་པ་དེས། ཁོས་ལམ་དབུ་མའི་རང་སྐྱོང་ལ་ཟ་རྒྱུ་འཐུང་རྒྱུ་ཞིག་མེད་པ་ད་དུང་ཡང་མ་ཤེས་པ་དེ་རེད།
རྒྱ་རིགས་རྩོམ་པ་པོ་ཚའོ་ཀྲང་ཆིན་སྒེར་གྱི་མ་རྩོམ་དྲ་ཐག་འདི་རེད། http://caochangqing.com/big5/newsdisp.php?News_ID=1971
སྐུ་ཞབས་ཚའོ་ཁྲང་ཆིན་གྱིས་“ཉེ་བའི་ལོ་འདི་དག་གི་ནང་དུ་བོད་ཀྱི་བསམ་བློའི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་དང་བཙན་བྱོལ་བོད་གཞུང་གིས་ག་དུས་ཡིན་ཡང་དབུ་མའི་ལམ་ཤུགས་ཆེར་བརྗོད་དེ། ཕྱོགས་གཉིས་སུ་མ་ལྷུང་བའི་སྒོ་ནས་རང་བཙན་བློས་གཏོང་བྱས་པ་དང་། རྒྱ་གཞུང་གིས་མི་སེར་སྤེལ་བའི་དབང་སྒྱུར་ལའང་ངོས་ལེན་མ་བྱས་པར་བོད་ནི་རྒྱ་ནག་གི་ཆ་ཤས་ཡིན་པ་ཁས་ལེན་བྱས་ཐོག་ཚད་མཐོའི་རང་སྐྱོང་ལ་རེ་བ་བརྒྱབས་པ་རེད།”ཅེས་པ་འདིའི་ནང་བསྒྱུར་ནོར་ཅུང་ཐེབས་འདུག་བསམ། ཧ་ལམ་“ཉེ་བའི་ལོ་འདི་དག་གི་ནང་དུ་བོད་ཀྱི་བསམ་བློའི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་དང་བཙན་བྱོལ་བོད་གཞུང་གིས་ག་དུས་ཡིན་ཡང་དབུ་མའི་ལམ་ཤུགས་ཆེར་བརྗོད་དེ། ཕྱོགས་གཉིས་སུ་མ་ལྷུང་བའི་སྒོ་ནས་རང་བཙན་མི་རྩོད་པ་དང་། རྒྱ་གཞུང་གི་དེང་གི་མི་སེར་སྤེལ་བའི་དབང་སྒྱུར་ལའང་ངོས་ལེན་མེད་པ་གཞིར་བྱས་ཐོག བོད་ནི་རྒྱ་ཁོངས་སུ་གཏོགས་པར་ངོས་ལེན་གྱིས་དམངས་གཙོ་འདུ་བའི་ཚད་མཐོའི་རང་སྐྱོང་ལ་རེ་བ་རྒྱག་གིན་པ་རེད།”ཅེས་བཀོད་འདུག་པས། དུས་གསུམ་གྱི་ཆ་ནས་བོད་འདི་རྒྱ་ཁོངས་སུ་གཏོགས་པར་ངོས་ལེན་བྱེད་བྱ་ཡིན་པར་བསྟན་ཡོད་པ་ལས་ཁས་བླངས་ཟིན་པ་ཞིག་ལ་མི་གོ་བར་སྙམ། ད་དུང་རྒྱ་ཁོངས་སུ་གཏོགས་པ་ཞེས་བཀོད་ཡོད་པ་ལས་ཆ་ཤས་ཟེར་བ་དེའང་མི་འདུག འདི་དག་ང་ཚོར་རྒྱ་དམར་གཞུང་གི་ཤུགས་རྐྱེན་ཐེབས་དྲགས་པ་འདྲ། གང་ལྟར་གནད་དོན་ལ་ཁ་གཏད་པ་ནི་གནད་དོན་སེལ་བའི་གོམ་པ་དང་པོ་ཡིན་པས། རྩོད་པ་གང་མང་བྱུང་ན་བཟང་ལས་གནོད་མེད་པར་སྙམ།
ཤར་ཁུགས། ཁྱོད་ཉེ་ཆར་ཁྱེད་ཀྱི་མེད་རྒྱལ་རྒྱ་ནག་ཏུ་སོང་བའི་གཏམ་དུ་ཐོས་བྱུང་། ཁྱོད་རྒྱ་ནག་གི་སྲིད་ཇུས་ལ་དེ་འདྲ་དད་མོས་དང་ཡིད་ཆེན་ཡོད་མཁན་ཞིག བོད་ནས་མི་འདུག་པར་བསྐྱར་དུ་སྐྱབས་བཅོལ་ལུང་བར་ཅིའི་ཕྱིར་སླེབས་པ་ཡིན།
རྒྱ་ནག་གི་སྲིད་ཇུས་འོག་ཏུ་འདུག་ནས་ཅིག་ཅིག་རྩོད་དགོས་ཟེར་མཁན་དེ་ཁྱོད་མ་ཡིན་ནམ། ངས་ནི་ངོ་མ་ཁྱེད་ཀྱིས་བོད་ནང་དུ་བསྡད་ནས་ཅིག་བྱེད་རྒྱུ་རེད་བསམ་ཡོད།
ཁྱེད་ལྡི་ལི་གཞུང་ཚབ་སྒོ་ཁར་སོང་ནས་ཕྱི་སྡོད་རྒྱ་ནག་པ་ཡིན་པར་ཁས་ལེན་པའི་སྙན་ཤོག་དེ་ལ་ས་ཡིག་རྒྱག་བཞིན་པ་མཐོང་སོང་། རྒྱ་ནག་གི་དར་དམར་ཁུར་ནས་རྒྱུགས་མཁན་ཚོ་ཕྱིར་རྒྱ་གར་ལུང་པར་ཅིའི་ཕྱིར་སླེབས་པ་ཡིན།
ལྷ་སྡེ་གནམ་ལོ་ཡག་གིས་དོན་དག་རང་གི་སྟེང་དུ་བགྲོ་གླེང་བྱས་འདུག་པ་དེ་འདྲར་དགའ་བསུ་ཡོད། དེ་མིན། དོན་དག་བསྐྱུར་ནས་ཚོར་བ་བརྗོད་མཁན་དག་ལ་དམིགས་བསལ་ཞུ་ཡ་གེ་མི་འདུག གང་དགའ་གྱིས་ཤིག ང་ཚོས་འདིར་གནད་དོན་རེ་འགའ་གསལ་བོ་བཟོ་དགོས་རྒྱུར་འབད་ན་ཡག་པ་ལས། ཁ་མྱིང་སྣ་མྱིང་བཏགས་དེ་རང་མདོག་ཕྱིར་བསྟན་ན་དགེ་བ་ཁྱོན་ནས་མ་མཐོང།།
ཁུ་རྟའི་རྩོམ་ཡིག་དེ་ལ་ཚིག་གི་ལོ་མ་མང་བ་ལས་དོན་གྱི་འབྲས་བུ་འདི་རེད་ཟེར་བ་ཤིག་ཅང་མི་འདུག་ཀྱང་་་་བོད་རང་བཙན་བློས་བཏང་དང་མ་གཏོང་གི་སྐད་ཆ་འདིའི་ཐོག་ཏུ་ཚིག་གཅིག་བཤད་འདོད་ཀྱི་འདུན་པ་ཞིག་རང་བཞིན་གྱིས་སྐྱེས།
ཁུ་རྟས་་་《༧གོང་ས་མཆོག་དང་ཁོང་གི་བཀའ་ཤག ཞབས་འབྲངས་མི་མང་དང་བཅས་པ་རང་བཙན་འཕྲོག་རྗེས་བཙན་བྱོལ་དུ་བྲོས་པ་ཡིན་མ་གཏོགས། བཙན་བྱོལ་དུ་འབྱོར་རྗེས་གདམ་ག་ཡོད་པའི་ཐོག་རང་བཙན་འཕྲོག་ཏུ་བཅུགས་པ་ཞིག་རྩ་བ་ནས་མིན། བློས་གཏོང་ཞེས་པའི་ཐ་སྙད་ཀྱི་ངོ་གདོང་ནས་བལྟས་ནའང། གང་བློས་གཏོང་གི་ཡིན་པ་དེ་ཐོག་མར་རང་ཉིད་ལ་ཡོད་པ་ཞིག་ཡིན་དགོས་པ་མ་རེད་དམ།》ཞེས་བཤད་འདུག
ལན་་་་བོད་རང་བཙན་ཐོག་མར་རང་ཉིད་ལ་ཡོད་པ་ཤིག་རེད། ཡོད་པའི་མ་ཚད་བོད་བཙན་པོའི་དེང་རབས་ནས་༡༩༥༩ལོའི་བར་དུ་བོད་ལ་རང་བཙན་ཡོད་བསྡད་པ་རེད། གུན་ཁྲན་ཇག་ཚོགས་བཙན་འཛུལ་བྱས་པའི་རྗེས་སུ་བོད་རྒྱལ་ཁབ་ཀྱི་སྲིད་གཞུང་བཀའ་ཤག་མ་ལག་དང་བཅས་པ་རྒྱ་གར་ལ་སྐྱབས་བཅོལ་བསླེབས་པ་རེད། བོད་རྒྱལ་ཁབ་ཀྱི་ས་ཆ་ཤོར་སོང་བ་མ་གཏོགས་བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་སྲིད་གཞུང་ཤོར་སོང་བ་མ་རེད། མདོ་ཁམས་སྒང་དྲུག་ཡུལ་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་ཚེ་སྲོག་གིས་འགྲོ་སོང་བཏང་ནས་རྒྱ་གར་གྱི་ཡུལ་དུ་བོད་ཀྱི་སྲིད་གཞུང་དབུ་ཁྲིད་དང་བཅས་པ་གདན་འདྲེན་ཞུས་པ་རེད།
འདིས་བོད་རྒྱལ་ཁབ་ཀྱིས་རང་བཙན་ཆ་ཤོར་མེད་པར་མཚོན། དོན་དངོས་པོའི་ཐོག་ནས་བོད་རྒྱལ་ཁབ་ཀྱི་རང་བཙན་ཕྱེད་ཙམ་ཤོར་སོང་བ་མ་གཏོགས་རང་བཙན་ཆ་ཚང་ཤོར་མེད། དེང་སང་ཡང་ངོ་བོའི་ཐོག་ནས་བོད་ལ་ཕྱེད་རང་བཙན་དང་རྣམ་པ་འགྱུར་བའི་རང་བཙན་ཞིག་ཡོད།་་་གཅིག་རེད།
གཉིས་ནས་་་དཔེ་ན་་་་བོད་རང་བཙན་འདི་རྟ་ཞིག་ལ་དཔེ་བཞག རྒྱ་གུན་ཁྲན་རྟ་ཇག་ལ་དཔེ་བཞག བོད་མི་དམངས་རྟ་བདག་ལ་དཔེ་བཞག། ཇག་པས་རྟ་ཕྲོགས་སོང་བ་རེད། རྟ་ཇག་པའི་ལག་ཏུ་ཡོད་རེད། རྟག་བདག་གིས་བློས་བཏང་མ་བྱས་པར་ངའི་རྟ་ཚུས་སྤྲོད་དགོས་ཡོད་ཟེར་ནས་ཁྲིམས་གཏུག་བྱེད་ཆོག་གི་རེད། སོ་སོའི་ལག་ཏུ་མེད་ནའང་བློས་གཏོང་བྱེད་དགོས་དོན་མི་འདུག་ག
རྟ་བདག་གིས་ཇག་པའི་མཉམ་དུ་སྐད་ཆ་བཤད་ནས་རྟ་ཚུར་མི་དགོས། རྟའི་ཚབ་ཏུ་བོང་གུ་ཞིག་ཚུར་སྤྲོད་རོགས་བྱོས་ཅེས་གྲོས་མོལ་བྱས་པ་རེད། ཇག་པའི་གྲོས་མོལ་ནི་ཇག་པའི་གྲོས་མོལ་རང་རེད་བ་་་་བོང་གུ་མི་དགོས་བོང་མཇེ་ཙམ་ཡང་སྤྲོད་ཀྱི་མིན་ཟེར་བ་རེད། བོང་གུ་དགོས་ཟེར་བ་དེ་ཡང་ཇག་ཁྲིམས་དང་འགལ་འདུག་ཟེར་ནས་བསྒྲགས་ཡོད་རེད། དེར་དུས་རྟ་མི་དགོས་བོང་གུ་དགོས་ཟེར་མཁན་གྱི་མི་དང་བྱ་ཚང་མས་ཁ་ནང་མཛུབ་མོ་བཅུག་ནས་མ་བསྡད་རང་སྡོད་ཆགས་སོང་བ་རེད་ད། དར་དམར་ལགས།
གསུམ་པ། ཁུ་རྟས་་་《བོད་ཀྱི་རང་བཙན་ནི་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་རྗེས་བཙན་དབང་འོག་ཤོར་ཟིན་པ་ཡིན།བོད་མི་ཚོ་དོན་དངོས་དེ་ཁས་ལེན་མི་བྱེད་པའི་རྡར་མ་ཞིག་ཁྱོན་ནས་མིན། 》ཞེས་བཤད་འདུག
ལན་་་་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་འདི་བོད་ཆེན་པོའི་རྒྱལ་ཁབ་ཀྱི་ངོས་ནས་ངོས་ལེན་མེད་པའི་གྲོས་མཐུན་ཞིག་སྟབས་དོན་ཚན་བཅུ་བདུན་བཞག་ནས་བོད་རང་བཙན་ཤོར་སོང་བ་ཞིག་ཁུ་རྟས་སྒེར་གྱི་ཁས་ལེན་ཡིན་ན་མ་གཏོགས་བོད་ཕྱོགས་ནས་དོན་ཚན་བཅུ་བདུན་ལ་ནུས་པ་སྤུ་ཙམ་ཡོད་པ་ཁས་ལེན་ལེ་མ་རེད་དོ།་
བོད་མི་རྡར་མ་ཡིན་ནའང་འདྲ། དཔའ་བོ་ཡིན་ནའང་ཆོག དོན་ཚན་བཅུ་བདུན་ཁས་ལེན་གི་མ་རེད། བཙན་དབང་འོག་བཞག་དགོས་ཐུག་སོང་བ་རེད། བཙན་དབང་བྱས་ནས་བཞག་བཅུག་པའི་དོན་དངོས་ལ་བོད་མི་རྡར་མ་ཚོས་དུས་ནམ་ཡང་ཁས་ལེན་སྲིད་ཀྱི་མ་རེད་ད་་་་་ཧཧཧཧ ཁུ་ཁུ་རྟ་་་ལོ་ལོ
སྡར་མ་ཞེས་བཅོས་རོགས་བྱོས། ཁུ་རྟའི་ཡིག་ནོར་དེས་སྐྱོན་བྱས་ནས་ངས་ཀྱང་རྡར་མ་ཟེར་ནས་ནོར་བ་བྲིས་ཤོར་འདུག དགོངས་འགལ་མེད་པ་བྱོས།
ཁུག་རྟ་པེ་ཅིན་ལ་སོང་ནས་ཚུར་འགན་ཡག་པོ་ཞིག་སྤྲད་པ་དེ་མངོན་འགྱུར་ཡོང་གི་འདུག་ད