རྔ་བཟའ་བདེ་པོ་འཚོ།
ཨ་མས་གསུངས་ན།
རི་འདིའི་ཕ་རོལ་ཞིག་ན།
ངའི་ཡབ་མེས་ཚོའི་བཞུགས་ཡུལ་ཏེ།
མཛེས་སྡུག་ལྡན་པའི་རྩྭ་ཐང་དང་།
རྩྭ་ཐང་སྟེང་ལ་མེ་ཏོག་གི་ཁྲ་ཡིས་བརྒྱན་ཡོད་ལ།
བརྗིད་ཉམས་ལྡན་པའི་རི་ཀླུང་དང་མཁའ་དབུགས་ཡོད་པས།
སྲོག་ལྡན་སེམས་ཅན་དག་གི་ཞིང་ཁམས་སུ་འབོད་ཟེར།
ཨ་ཕས་གསུངས་ན།
རྒྱ་མཚོ་འདིའི་ཕ་རོལ་ཞིག་ན།
གངས་སེང་དཀར་མོའི་ཚོགས་རྣམས།
གངས་རིའི་སྟེང་ནས་རྔམ་ཟིལ་གྱིས་འགྱིངས་ཤིང་།
ངར་སྐད་བསྒྲགས་ཏེ་གངས་ཏི་སེ་ཡང་གཡོ་འགུལ་བྱས་པས།
གངས་སེང་དཀར་མོ་འཛམ་གླིང་གང་སར་གྲགས་མྱོང་ཟེར།
དགེ་རྒན་གྱིས་གསུངས་ན།
འདི་ནས་ལེ་དབར་སྟོང་ཕྲག་གི་ཕ་རོལ་ཞིག་ན།
མཐིང་མདོག་གི་ནམ་མཁར་བརྩིགས་པའི་ཆུ་འཛིན་གན་ལྟར།
གསུང་རབ་ཀྱི་པོ་ཏི་བརྒྱད་ཁྲི་བཞི་སྡོང་ལས་བརྒལ་བ་མཆིས་ཤིང་།
ས་འཛིན་གྱི་རྩེ་མོས་དྲི་བཞོན་གྱི་ལྟོ་བ་བརྡོལ་བཞིན།
ས་སྟེང་འདིའི་སྡུལ་བསྔལ་འབྱིན་ཞིང་བདེ་སྐྱིད་ཀྱིས་འཁོར་ལོ་བསྐོར་ས་ཡིན་ཟེར།
དེ་ལྟར་ན་ཡང་།
ཡང་ཉིང་ཕ་གི་ན་ད་ལྟ་ཅི་ཞིག་ཡོད་དམ།
མཛེས་སྡུག་ལྡན་པའི་རྩྭ་ཐང་དང་སྤང་རི།
གཟི་བྱིན་འབར་བའི་གངས་རི་དང་གངས་སེང་།
བྱིན་གྱིས་བརླབས་པའི་སངས་རྒྱས་ཀྱི་བསྟན་པ།
ད་དུང་།
གངས་ཅན་པ་ཡི་ཤ་དང་རུས་པར་བསྟིམས་ཤིང་།
གློ་སྙིང་མཆིན་གསུམ་ལ་འདྲེས་པའི་ཕ་སྐད་གཙང་མ་དང་།
ལོ་རྒྱུས་སྟོང་ཕྲག་ལས་བྱུང་བའི་ཡུལ་སྲོལ་གོམས་གཤིས།
རང་ཁ་རང་གསོ་ཡི་ལྷིང་འཇགས་འཚོ་བ།
རྒན་བཀུར་གཞོན་བྱམས་ཀྱི་གོམས་གཤིས་བཟང་པོ་དེ།
ད་ལྟ་གནས་ཡོད་དམ།
ཕ་གི་ན་ཡང་སྙིང་ཅི་ཞིག་ཡོད་དམ།
༢༠༡༥/༣/༢༩