ཨེ་མ་ཧོ།
༡༽ ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་བཞིན།།
སྐུ་གསུང་ཐུགས་ཡོན་ཕྲིན་ལས་དཔལ་ལྡན་པའི།།
མཁྱེན་བརྩེའི་དབང་ཕྱུག་ཡེ་ཤེས་རྡོ་རྗེའི་སྐུ།།
༧ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ།།
༢༽ ཚུལ་ཁྲིམས་རྣམ་དག་མང་ཐོས་སྡེ་སྣོད་འཛིན།།
མདོ་སྔགས་བཤད་སྒྲུབ་བསྟན་པའི་སྙིང་པོ་སྐྱོང་།།
ཕན་བདེའི་ལེགས་ཚོགས་མ་ལུས་འགྲོ་ལ་སྤེལ།།
མཁས་དབང་རྨད་བྱུང་རྗེ་བཙུན་རིན་པོ་ཆེ།།
༣༽ མཁྱེན་རབ་ཕུལ་བྱུང་དགོངས་པའི་ཀློང་ཆེན་རྡོལ།།
ཐུགས་བརྩེ་དམ་པ་ཉམས་ཐག་འགྲོ་བའི་མགོན།།
མཐུ་སྟོབས་ཞི་ཁྲོ་རབ་འབྱམས་འདུས་ཞལ་མཆོག།
རྒྱལ་སྲས་འཇིགས་མེད་བློན་ཆེན་རིན་པོ་ཆེ།།
༤༽ གནའ་དེང་ཤེས་བྱ་མ་ལུས་ཧུབ་ཀྱིས་རོལ།།
བརླབ་ཆེན་བདེན་པའི་གོམས་སྟབས་ངང་གིས་སྤོ།།
ཕྱོགས་ཀུན་འགྲོ་དོན་ཁྱབ་པའི་གར་གྱི་དབང་།།
དགེ་ལེགས་ཟབ་རྒྱས་གཉིས་འཐུང་རིན་པོ་ཆེ།།
༥༽ གངས་རིའི་མདུན་ལམ་མ་ནོར་དགེ་བཅུ་སྲོལ།།
ཆོས་རྒྱལ་འཕགས་པའི་བཀའ་རྒྱ་བདག་གིར་བཞེས།།
ཆོས་རིག་བསྟན་པའི་བརྩོན་འགྲུས་བང་རྩལ་ཅན།།
རྣམ་འདྲེན་ཕུལ་བྱུང་ཅང་ཤེས་རིན་པོ་ཆེ།།
༦༽ ཀུན་ཕན་ཞི་བདེས་ཆོས་སྨན་སྦྱིན་པ་གཏོང་།།
གངས་ལྗོངས་སྣོད་བཅུད་གཙང་སྦྲའི་བདེ་དཔལ་བསྐྲུན།།
བརྒྱ་བྱིན་ལྷ་དབང་ཚངས་རིགས་ངང་གིས་འདུས།།
འཛམ་གླིང་དམ་ཆོས་དེད་དཔོན་རིན་པོ་ཆེ།།
༧༽ ཚུལ་ཁྲིམས་རྣམ་དག་འགྱུར་མེད་གསེར་བཟང་དཔལ།།
བློ་གྲོས་བརྩིབས་སྟོང་དཀྱིལ་འཁོར་བདེ་ལེགས་གཤིས།།
ཤེས་རིག་རྡོ་རྗེ་ཕ་ལམ་འོད་གསལ་སྙིང་།།
བཤད་སྒྲུབ་ཕྲིན་ལས་འཁོར་ལོ་རིན་པོ་ཆེ།།
མཚན་དཔེ་ལང་ཚོ་རྒྱས་པའི་རྒྱལ་བའི་སྐུ།།
ཟབ་རྒྱས་ཚངས་དབྱངས་སྨྲ་བའི་དམ་ཆོས་གསུང་།།
སྟོབས་བཅུའི་དབང་ཕྱུག་ཀུན་མཁྱེན་རྒྱལ་བའི་ཐུགས།།
གསང་གསུམ་འཁོར་འདས་རྒྱན་དུ་རྟག་བཞུགས་གསོལ།།
ཞེས་པ་འདི་ཡང་རབ་གནས་ཤིང་ལུག་དབོ་ཟླའི་ཡར་ངོའི་ཚེས་པ་བཅུའི་ཉིན་མོར་ཚོགས་གཉིས་ཀྱི་དགའ་སྟོན་ལ་རོལ་བཞིན་པའི་ཚེ་དད་གུས་དམ་ཚིག་ཅན་གྲོགས་པོ་དཔལ་ལྡན་རྣམ་རྒྱལ་དང་ཡེ་ཤེས་ཆོས་སྒྲོན་སོགས་ཆོས་མཆེད་དམ་པའི་སྐུལ་ངོ་དང་། ༧ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་ཀྱི་ཡོན་ཏན་ལ་རང་ཡང་མི་ཕྱེད་པའི་དད་གུས་དང་ང་ཚོའི་སྐྱབས་གནས་བསླུ་བ་མེད་པ་ཡིན་ཚུལ་བཤད་པའི་སྐབས་སུ་འདི་འདྲ་ཞིག་འཆར་བ་བཞིན་དུ་དེ་ཉིད་སུག་ལས་སུ་ཤྲྰིཿཨེ་མ་ཧོས་དབྱིན་ཡུལ་ཀུན་བཟང་དཔལ་རིའི་དགའ་ཚལ་ནས་གསོལ་བ་འདེབས་པར་དགེའོ།། །།