ཀླུ་སྨྱོན།
དཔྱིད་ཀ
སྒལ་གཞུང་ལ་ཉི་འོད་དྲོན་པོ་དེ་ཕོག་པས།
ལུས་ཀྱི་བ་སྤུ་ཐམས་ཅད་ཀྱང་དཔྱིད་མགོའི་མེ་ཏོག་རེ་རེར་གྱུར་སོང་།
ཚེ་རིང་སྐྱིད།
འཛིན་མ་ཐུབ་པའི་དབྱར་ཁའི་འཇའ་ཚོན།
ཞུ་བ་ཐུབ་པའི་སེམས་ཀྱི་ཁ་བ།
མཁའ་མོ།
སྙན་འཇེབས་ཀྱི་གླུ་སྐད་དེས་ལུས་སེམས་ལྷོད་ལ་འབབ་ཏུ་བཅུག་རྗེས།
དྭངས་གཙང་གི་དགོད་སྒྲ་དེས་ཕ་ཡུལ་གྱི་རི་ཀླུང་དྲན་པར་བྱས་སོང་།
ཁོ་རེ་ཡའི་གློག་བརྙན།
མིག་ཆུ་ཡོད་ཚད་ཤོག་བུ་ལེབ་མོ་རེ་རེར་བསྟིམས་ཚར་རྗེས།
ཤུལ་དུ་བཞག་པ་ནི་སྐྱོ་གདུང་དང་སྒྱུ་རྩལ་གྱི་བསྡུས་གཟུགས་འབའ་ཞིག་རེད།
ཉལ་ཁང་།
ཕྱོགས་གཅིག་ཉལ་ཁྲི་དང་བརྙན་འཕྲིན་གྱིས་བདག་ཏུ་བཟུང་ཚར་འདུག
ཕྱོགས་གཅིག་དཔྱིད་མགོའི་མེ་ཏོག་དང་གྲོག་མ་སྐྱ་བོ་ཚོའི་འཇིག་རྟེན་རེད་འདུག
གློག་ཀླད།
འདིའི་ནང་ནས་བརྩམས་ཆོས་དག་འཛམ་གླིང་གི་གྲུ་ཟུར་གང་སར་འཕུར་སོང་།
འདིའི་ནང་ནས་སེམས་པ་གཉོམ་པོ་དེ་རང་དབང་མེད་པར་བུ་མོ་གཞན་ལ་ཤོར་སོང་།
སོ་ཐར་གྱི་སྡོམ་པ།
སོ་སོའི་རྣམ་ཤེས་ཐར་པའི་ལམ་དུ་འདྲེན་ཐུབ་པའི་སྐྱ་རེངས་ཤིག་ཏུ་ཡང་བགྲངས་འདུག
སོ་སོའི་ལུས་པོ་སྒུལ་སྐྱོད་མེད་པར་དམ་དུ་འདོགས་པའི་ལྕགས་ཐག་ཅིག་ཏུ་ཡང་སྣང་འདུག
མཁའ་སྤྱོད་མ།
མྱོས་བུམ་ལྷུག་ལྷུག་སྐྱོད་དུས་ས་གཞི་བར་སྣང་ཐམས་ཅད་ལ་བདེ་དྲོད་ཀྱིས་ཁྱབ་འགྲོ
བྷ་ག་ཆེ་ཆེར་གདངས་དུས་རྣམ་ཤེས་ལྡན་ཚད་ཀྱི་སེམས་ཁོང་མེ་ལྕེ་ཡིས་ཚིག་འགྲོ
མུན་ནག
འདིའི་ཀློང་ན་སྐྱེ་བོ་ཐམས་ཅད་འདོད་ཆགས་ཆེན་པོའི་ངང་ཕན་ཚུན་གྱི་ནང་དུ་བཞུར་རེས་བྱེད།
འདིའི་ཀློང་དུ་རྣམ་ཤེས་ཐམས་ཅད་རྨི་ལམ་ཟ་ཟི་བརྒྱུད་རང་དབང་གིས་འགྲུལ་བཞུད་སྣ་ཚོགས་བྱེད།
ཤེལ་ཕོར་སྟོང་པ།
ས་རྡུལ་ཆགས་ནས་ཉིན་ཞག་ག་ཚོད་ཕྱིན་མིན་མི་ཤེས་པའི་ཁྱོད་དང་ངེད་གཉིས།
ཅོག་ཙེ་རྙིང་པ་ཞིག་གི་ཁ་གཏད་དུ་འགྲེང་སྟེ་རང་རང་གི་སྐྱོ་གདུང་རྗོད་རེས་བྱེད་ཡ།
ལག་ཁྱེར་ཁ་པར།
འཇར་པན་ཞི་མོ་དེས་ཟླ་བ་རེ་རེ་བཞིན་ཁྱོད་ཀྱི་ཆེད་དུ་སྒོར་མོ་བསྐུར་དགོས་པ་དེ་བསམས་ན།
ངས་ཁྱོད་རང་བརྒྱུད་དེ་བརྗོད་པའི་སྡུག་གཏམ་ཡོད་ཚད་ཀྱང་སྒོར་མོ་རྐྱང་རྐྱང་རེད་ཨང་།
—-ལོ་ཤས་སྔོན་བྲིས་པ་ཡིན།
དཔྱིད་ཀའི་མི་ཚེ།
དཔྱིད་མགོར་ལུས་དྲོད་འབར། །
དཔྱིད་དཀྱིལ་ལུས་དཀྱིལ་བསྣུན། །
དཔྱིད་འཇུག་ལུས་ལྕི་སངས། །
དཔྱི་ཀའི་མི་ཚེ་སྐྱིད། །
གཏན་དུ་འཛིན་མ་ཐུབ་པའི་འཇའ་ཚོན་དེ།
རྟག་ཏུ་ཁྱེད་ལ་མི་དབང་བའི་སྡོམ་པ་གཅོག་སྤྱད། ཧ་ཧ་ཧ།
གྲོག་མ་བཞིན་འགྲོ་ས་མང་ན།
གྲོགས་པོ་ཚོ་མེད་སའི་འཇིག་རྟེན་ཞིག་ནས་སེམས་སྡུག་སྲིད། ཧ་ཧ་ཧ།
སྒོར་མོ་ལ་མི་དགའ་ན།
དགའ་མ་ཞིག་ཁྱོད་ལ་རྨྱི་ལམ་གྱི་ཞིང་ན་ཡང་དཀོན། ཧ་ཧ་ཧ།
གསོལ་ཆང་མ་འཐུང་གོང་།
དགའ་རྒྱུ་དང་དགོད་རྒྱུ་ཡོང་ན།
བཞེས་ཚར་དུས།
སྡུག་ཡས་སྣ་ཚོགས་བཤད་ནས་གཉིད་དུ་མི་འགྲོ་བར་ཞུ། ཧ་ཧ་ཧ།
ལུས་སེམས་གཉིས་སོ་སོར་འཇོག་མ་ཐུབ་ན།
དཀོར་ཟས་ནི་ཁ་ཟས་གཅིག་པོ་ཙམ་དུ་ལོངས་སྤྱོད་མི་རུང་། ཧ་ཧ་ཧ།
ངེད་གཉིས་ཀྱི་སྔོན་མ་དེ་ཁྱེད་ཡིན་སྲིད་ན།
ང་དམྱལ་བ་ཚ་གྲང་ནས་མ་སྐྱུར་རོགས་ཞུ། བླ་རྒན། ཧ་ཧ་ཧ།