ཀླུ་སྨྱོན།
—སྒོ་ཤེར་གྱི་དེབ་“སྐྱེས་ཆེན་གྱི་བཞུད་ལམ་”བཀླགས་རྗེས་ཀྱི་གཏམ།
སྒོ་ཤེར་ལགས་ཀྱི་རྩོམ་དེབ་སྔ་ཕྱི་རྣམས་བོད་ཕྱི་ནང་གང་སར་ཀློག་མཁན་མང་པོ་ཡོད་པའི་དཔེ་དེབ་ཀྱི་གྲས་སུ་ཚུད་ཡོད་པ་མ་ཟད། སྔ་ལོར་ཀླུ་སྨྱོན་རྩོམ་རིག་བྱ་དགའི་འོས་མིར་ཡང་ཁོང་བདམས་པ་རེད། ཡིན་ཡང་ཁོང་གིས་ཁེངས་སྐྱུངས་གནང་སྟེ་བྱ་དགའ་ཆུང་ཆུང་འདི་བཞེས་མེད། ཡིན་ན་ཡང་ཁོང་གིས་བྱ་དགའ་འདི་མ་བཞེས་པ་དེ་ཙམ་གྱིས་ཁོང་གི་ཤེས་རབ་ལས་མཆེད་པའི་རྩོམ་དེབ་ཀློག་རྒྱུར་དགའ་བའི་ཁོ་བོའི་འདུན་པ་དྲག་པོ་དེ་ནམ་ཡང་བསྒྱུར་དུ་མེད་པ་ཞིག་ཡིན།
ལོ་སྔོན་སྐད་འཕྲིན་སོགས་དེང་རབས་གསར་འགྱུར་བརྒྱུད་ལམ་མགྱོགས་ཤོས་རེ་ཟུང་ལས་སྒོ་ཤེར་གྱི་རྗེ་ཙོང་ཁ་པའི་རྟོགས་བརྗོད་མདུན་ལེགས་མའི་འཆད་ཁྲིད་ཅིག་དཔེ་དེབ་ཏུ་བསྒྲིགས་ནས་སྐྱེས་ཆེན་གྱི་བཞུད་ལམ་ཞེས་པའི་དེབ་མིང་ཞིག་བཏགས་ཏེ་པར་སྐྲུན་བྱས་པའི་སྐོར་ཞིག་པར་རིས་དང་ངོ་སྤྲོད་ཙམ་ཞིག་འདྲེན་བྱེད་ཀྱི་ཡུལ་དུ་གྱུར་པ་ནས་བཟུང་། ཁོང་གི་རྩོམ་དེབ་གཞན་དག་དང་འདྲ་བར་དེབ་དེ་ཡང་ཀློག་འདོད་ཀྱི་འདུན་པ་དྲག་པོ་ཞིག་དབང་མེད་དུ་སྐྱེས་བྱུང་ཡང་། ཨ་རི་ནས་བོད་དུ་དཔེ་སྐྲུན་བྱས་པའི་དཔེ་དེབ་འཐོབ་རྒྱུ་ཧ་ཅང་ཁག་པོ་ཡིན་པ་མ་ཟད། ཁོ་བོ་སྡོད་ས་འདི་ནི་ཨ་རིའི་ནུབ་རྒྱུད་ཀྱི་ས་ཆ་ཅུང་ཟད་ཁུག་ཀྱོག་འདྲ་བོ་ཞིག་ཡིན་པས། གཟའ་འཁོར་ཕྲག་སྔོན་མ་བར་དུ་སྒོ་ཤེར་གྱི་དེབ་དེ་ཀློག་རྒྱུའི་སྐལ་བ་ལྡན་མ་སོང་། ངའི་གྲོགས་པོ་དེས་སྒོ་ཤེར་གྱི་དཔེ་དེབ་འདི་ངའི་ལག་ཏུ་འཇོག་ཞོར་བོར་བརླག་མ་ཤོར་བ་གྱིས་ཨ་ཞེས་གཟབ་ནན་གྱིས་སྨྲས་སོང་བར། ངས་ཀྱང་གཟབ་ནན་གྱིས་ཐུགས་ཁྲལ་མ་གནང་། བཀླགས་ཚར་རྗེས་བོར་བརླག་མེད་པར་ཕྱིར་རྩིས་འབུལ་ཞུ་ཞེས་དམ་བཅའ་ཞིག་བཞག་པ་ཡིན།
ང་ལ་ནམ་རྒྱུན་དེབ་ཀློག་པའི་གོམ་གཤིས་ཤིག་ཡོད་པ་ནི་སྒྲུང་རྩོམ་རིགས་ཀློག་སྐབས་ཐོག་མར་མགོ་ནས་མཇུག་བར་སེམས་ཞིབ་མོས་ཐེངས་ཤིག་ཀློག་པ་དང་། དེ་རྗེས་རགས་ཀློག་ཐེངས་ཤིག་བྱེད་པ་དང་། ཡང་དཔྱད་བརྗོད་རྩོམ་རིག་ཀློག་སྐབས་ཐོག་མར་རགས་ཀློག་དང་དེ་རྗེས་ཡིག་ཕྲེང་རེ་རེ་བཞིན་ཞིབ་ཀློག་བྱེད་རྒྱུར་དགའ་བོ་ཡོད། དེར་བརྟེན་སྒོ་ཤེར་གྱི་དེབ་འདི་ཡང་དང་པོར་ཉིན་ཤས་རིང་རགས་ཀློག་ཅིག་བྱས་པ་ཡིན་ལ། དེ་རྗེས་དུས་ཚོད་ངེས་ཅན་ཞིག་བཀོད་སྒྲིག་གིས་ཞིབ་ཀློག་ཐེངས་ཤིག་བྱས་པ་ཡིན། ཀློག་པ་པོ་མང་པོ་ཞིག་གིས་མཁྱེན་གསལ་བཞིན། སྒོ་ཤེར་ལགས་ཀྱི་དཔེ་དེབ་ཀློག་པ་པོ་ཞིག་བྱེད་པར་མ་མཐའ་ཡང་བོད་ཀྱི་ཆོས་དང་རིག་གཞུང་ལ་ཆ་རྒྱུས་ཆེ་ཙམ་དགོས་པ་དང་། ད་དུང་ཁོང་གི་རྩོམ་འབྲིའི་ཤེས་ཡོན་གྱི་ནང་སྙིང་བསྔོག་ཐུབ་པའི་ཀློག་པ་པོ་ཉམས་མྱོང་དེ་རིགས་ཤིག་ངེས་པར་དུ་དགོས་པར་མཐོང་། དེ་ནི་ངས་སྒོ་ཤེར་གྱིས་དཔེ་དེབ་སྔ་ཕྱི་བཀླགས་པའི་མྱོང་ཚོར་རིགས་ཤིག་ཡིན་ལ། གཅིག་བྱས་ནས་ཁྱེད་ཅག་ལ་ཡང་ཉམས་མྱོང་དེ་ཡོད་སྲིད།
སྒོར་ཤེར་གྱི་འཆད་དེབ་སྐྱེས་ཆེན་གྱི་བཞུད་ལམ་ཞེས་པའི་དེབ་འདི་ནི་དུས་རབས་འདིའི་ནང་གི་གཞོན་རབས་པའི་ཁྲོད་ཀྱི་བོད་ཕྱི་ནང་གཉིས་ཀར་སྐད་གྲགས་ཅུང་ཟད་ཡོད་པའི་དཔེ་ཆ་བ་ཞིག་གི་འཆད་ཁྲིད་སྒྲ་བཤུས་ཀྱི་དེབ་ཅིག་ཡིན་པ་དང་། དེབ་འདིའི་བརྗོད་བྱ་དང་རྗོད་བྱེད་གང་ཐད་ནས་ང་ཚོར་བློ་སྐྱེད་མི་དམན་རེ་སྟེར་ཐུབ་པར་ཐེ་ཚོམ་ནམ་ཡང་མི་དགོས་པ་ཞིག་རེད། དེ་ནི་རྗེ་ཙོང་ཁ་པ་འཇམ་པའི་དབྱངས་ཀྱི་སྤྲུལ་བ་ཡིན་པ་ཙམ་ལ་སྐྱབས་སུ་མཆི་ཞེས་ལག་པ་ཐལ་མོ་སྦྱར་ནས་འདུག་པའི་མི་དེ་རིགས་ཀྱི་དད་པའི་བསྐྱེད་འབྲས་ཤིག་མ་ཡིན་པར། རྗེ་ཙོང་ཁ་པ་འཇམ་པའི་དབྱངས་དང་འདྲ་བའི་སྐྱེས་བུ་ཆེན་པོ་ཤེས་རབ་ཀྱི་གྲོགས་དང་བཅས་པའི་སློབ་གཉེར་ལ་སྡུག་རུས་བྱེད་ཐུབ་པའི་བོད་མི་ཁྱད་དུ་འཕགས་པ་དེ་ཚོའི་གྲས་ཀྱི་གཅིག་ཡིན་པའི་དབང་གིས་རེད།
ངས་དེབ་འདི་ཀློག་ཐེངས་གཉིས་པ་སྟེ་ཞིབ་ཀློག་གི་སྐབས་སུ་ལན་རེར་རྗེ་ཙོང་ཁ་པའི་རྨད་དུ་བྱུང་བའི་མཛད་རྣམ་གྱི་དུམ་བུ་དེ་དག་མཇལ་ནས་དད་པ་དབང་མེད་དུ་སྐྱེས་པ་དེ་འདྲ་བྱུང་སོང་ལ། སྐབས་རེར་རྗེ་ཙོང་ཁ་པའི་རྣམ་ཐར་གྱི་ཁུག་ཏུ་འཁྱིལ་བའི་ལོ་རྒྱུས་དོན་དངོས་ཀྱི་འོ་མའི་ཐིགས་པ་རེ་རེའི་བྲོ་བ་ཡང་མྱོང་ཐུབ་སོང་། དེ་ནི་ངས་སྔོན་ཆད་རྗེ་ཙོང་ཁ་པའི་རྣམ་རྒྱས་བསྡུས་རེ་ཟུང་ལན་མང་བཀླགས་ཟིན་པས་ཡིན་ལ། དེ་ནི་ཐེངས་འདིར་སྒོ་ཤེར་གྱི་དེབ་འདིས་སླར་ཡང་རྗེའི་རྣམ་ཐར་གྱི་གཟི་འོད་དྲན་གསོའི་ལམ་ནས་ཐེངས་ཤིག་བཀྱེས་པས་ཀྱང་རེད།
ད་ནི་དཀྱུས་ལ་འཇུག་པར་བྱ་སྟེ། ཀློག་པ་པོ་མང་པོ་ཞིག་གིས་མཁྱེན་གསལ་བཞིན་རྗེ་ཙོང་ཁ་པར་བཀའ་དྲིན་ཆེ་བའི་བླ་མ་བཅུ་གྲངས་ཤིག་ཡོད་པའི་ཁྲོད་དུ། ལྷོ་བྲག་གྲུབ་ཆེན་ནམ་གྲུབ་ཆེན་ལས་ཀྱི་རྡོ་རྗེ་འདི་ཁོང་ལ་སྐུ་དྲིན་ཤིན་ཏུ་ཆེ་བའི་བླ་མ་ཞིག་རེད། སྒོ་ཤེར་ལགས་ཀྱིས་སློབ་དཔོན་འདི་གཉིས་ཀྱི་འབྲེལ་བའི་སྐོར་སྤྱི་དང་ཁྱད་པར་དུ་འཕགས་པའི་འབྲེལ་བའི་སྐོར་ཅུང་གསལ་བོ་ཞིག་བརྗོད་འདུག་པས། འདིར་ཁོང་ལ་ལོ་རྒྱུས་གནད་འགག་ཅན་འདི་འདྲ་སོགས་ཁོངས་སུ་མ་ལུས་པར་གསལ་འདོན་གནང་བར་ཐུགས་རྗེ་ཞུ་རྒྱུ་ཡིན།
རྣམ་ཐར་མི་འདྲ་བའི་ནང་དུ་རྗེ་བླ་མ་འདི་གཉིས་མཇལ་འཕྲད་གནང་དུས་སུས་སུ་གདན་འདྲེན་ཐོག་མར་ཞུས་མིན་སྐོར་ཅུང་ཟད་རབ་རིབ་ཅིག་འདུག་སྟེ། དེ་ཡང་རྗེའི་རྣམ་ཐར་ཆེན་མོར་གྲགས་པ་དར་ཧན་བློ་བཟང་འཕྲིན་ལས་རྣམ་རྒྱལ་གྱིས་མཛད་པ་ལས། “དེ་ནས་རིན་པོ་ཆེ་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་པ་ལ་བུ་མོ་དཀར་མོ་ཞིག་གིས། བྱམས་པས་བྱིན་གྱིས་བརླབས་པའི་གང་ཟག་འཇམ་དཔལ་དང་གཉིས་སུ་མེད་པ། ལྷ་མོ་དབྱངས་ཅན་མས་རིག་པ་སྟེར་བར་བྱེད་པའི་སྐྱེས་བུ་ཕུན་སུམ་ཚོགས་པ་ཞིག་དང་སྐྱེ་བ་བཅོ་ལྔའི་གོང་ནས་འབྲེལ་བ་ཡོད་ཅིང་། སྐྱེ་བ་འདིར་ཡང་ཕན་ཚུན་བླ་སློབ་ཏུ་འབྲེལ་བའི་རྟེན་འབྲེལ་ཡོད་པས་གདན་དྲངས་ནས་ཆོས་བཀའ་ལ་སྲིས་མ་མཇུག་པར་བྱིན། ཕར་ལ་ཡང་ཆོས་ཞུས། ཞེས་སོགས་ལུང་བསྟན་པ་ལ་བརྟེན་ནས་མཁན་ཆེན་ཕྱག་རྡོར་བ་ཐུགས་མོས་གུས་ཚད་མེད་པ་འཁྲུངས་ཏེ་རྗེ་འདི་ཉིད་ལ། འདིར་ཅིས་ནས་ཀྱང་ཕེབས་པར་ཞུ། བཀའ་འདྲི་ཞུ་བའི་འདུན་པའང་ཡོད་ལ་སྐུ་ཚེ་བསྲིང་བའི་རྟེན་འབྲེལ་བསྒྲིགས་པ་སོགས་ཀྱི་སྙན་སྐུལ་ཡང་འབུལ་བ་ལགས། ཞེས་པའི་གསུང་ཡིག་ནན་ཆེར་བྱུང་བ་ལ་བརྟེན་ནས་ཕག་ལོ་ལ་གཉལ་བརྒྱུད་དེ་ལྷོ་བྲག་བྲའོ་དགོན་པར་བྱོན།”1 ཞེས་བྱུང་བ་དང་།
ཡང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་པས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་ལྷོ་བྲག་གྲུབ་ཆེན་གྱི་རྣམ་ཐར་ལས། “དགུང་ལོ་བདུན་ཅུ་བཞེས་དུས་འཇག་དཀར་དུ་རྡོ་རྗེ་རྣམ་འཇོམས་ཀྱི་དབང་བྱས་པའི་ཐོ་རེངས་ཡི་དམ་གྱི་ལྷའི་ལུང་བསྟན་ལ། བཅོམ་ལྡན་འདས་མགོན་པོ་བྱམས་པའི་སྤྲུལ་པ་ཅིག་གི་གསུང་ཡིག་ཁྱེར་བའི་མི་བཞི་འོང་བར་ཡོད་གསུང་བ་བྱུང་། སང་དེ་མི་བཞི་བྱུང་། དགེ་བའི་བཤེས་གཉེན་བློ་བཟང་གྲགས་པའི་གསུང་ཡིག་ཡིན་པར་འདུག ཁོང་གི་ལོ་རྒྱུས་ཐོས་པ་ན་སྔོན་གྱི་དཔོན་སློབ་ཀྱི་འབྲེལ་བས་ཡིད་སྤྲོ་བ་ཅིག་བྱུང་གསུངས།” 2 ཞེས་དང་། ཡང་དེའི་འོག་ནས་བྱུང་བའི་རྗེའི་རྣམ་ཐར་ལས། “དེ་ནས་ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་མཚན་པས་འདིར་ཅིག་ནས་ཀྱང་ཕེབས་པར་ཞུ། བཀའ་འདྲི་ཞུ་བའི་འདོད་པ་ཡང་ཡོད། སྐུ་ཚེ་བསྲིང་བའི་རྟེན་འབྲེལ་སྒྲིག་པ་སོགས་ཀྱི་སྙན་སྐུལ་འདྲ་ཡང་འབུལ་བ་ལགས། ཞེས་པའི་གསུང་ཡིག་ནན་ཆེར་བྱུང་ཞིང་། རྗེ་རང་ཉིད་ཀྱང་ལྷོ་བྲག་མཁན་ཆེན་གྱི་དྲུང་ནས་བཀའ་གདམས་གདམས་ངག་པ་ནས་བརྒྱུད་པའི་ལམ་རིམ་གྱི་ཁྲིད་སོགས་ཆོས་བཀའ་ཅི་རིགས་གསན་པར་བཞེད་ནས་ལྷོ་བྲག་བྲའོ་དགོན་པར་བྱོན་” 3 ཞེས་བྱུང་བས། རྗེ་ཙོང་ཁ་པས་རང་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་ཡི་གེ་ཞིག་ཐོག་མར་མཁན་ཆེན་པའི་དྲུང་དུ་ཕུལ་ཏེ་མཁན་ཆེན་པ་མཇལ་འདོད་ཡོད་ཚུལ་གསུངས་ཤིང་། དེ་ནས་མཁན་ཆེན་པ་ཐུགས་དད་འཁྲུངས་ཏེ་གདན་འདྲེན་ཞུས་པ་ཡིན་པ་འདྲ། ཡིན་ཡང་རྗེའི་རྣམ་ཐར་ནས་མཁན་ཆེན་པར་ཐོག་མར་ཡི་གེ་ཕུལ་ཚུལ་མཇལ་རྒྱུ་མི་འདུག
འོན་ཀྱང་། སྐབས་བབ་ཀྱི་གླེང་བྱ་ངོ་མ་སྟེ། སྒོ་ཤེར་ལགས་ཀྱིས། “སྐབས་དེ་ཤེད་ཙམ་དུ། ཁོང་ཉིད་ལྷོ་བྲག་མཁན་ཆེན་ལ་མཇལ། སྔར་གྱི་རྗེ་བཙུན་རེ་མདའ་བ་དང་། ཆོས་རྗེ་ཉ་དབོན། བླ་མ་དབུ་མ་པ། ཆོས་རྗེ་དོན་གྲུབ་རིན་ཆེན། བླ་མ་ཆོས་རྗེ་དཔལ་བ་སོགས་ཁོང་ལ་ཤུགས་རྐྱེན་ཆེ་བའི་བཤེས་གཉེན་འགའ་ཞིག་རྣམ་ཐར་རྣམས་སུ་ཞིབ་ཙམ་བྱུང་ཡོད་པ་རེད་མ་གཏོགས། སྤྱིར་ན་རྗེ་རིན་པོ་ཆེས་དགེ་བའི་བཤེས་གཉེན་བརྒྱ་ལྷག་བསྟེན་ཡོད། ལྷོ་བྲག་མཁན་ཆེན་གྱི་མདུན་ནས་ནི། ཁོང་གིས་ཕྱག་རྡོར་གྱི་ཆོས་སྐོར་ཙམ་ལས་བཀའ་ཆོས་མང་པོ་གསན་མེད་ཀྱང་། ལྷོ་བྲག་མཁན་ཆེན་འདི་པ་རྗེའི་རྣམ་ཐར་ནང་ནས་ཀུན་གྱིས་བརྗེད་དཀའ་བ་ཞིག་ཏུ་གྱུར་པའི་རྒྱུ་མཚན་ནི། ལྷོ་བྲག་མཁན་ཆེན་དང་མཇལ་བ་དེ་རྗེ་རིན་པོ་ཆེའི་སྐུ་ཚེའི་དཀྱོགས་མཚམས་གཞན་ཞིག་དང་འབྲེལ་ཡོད་པས་རེད།” 4 ཅེས་དང་། “ལྷོ་བྲག་མཁན་ཆེན་གྱིས་ཁོང་ལ་རྒྱ་གར་དུ་ཕེབས་ན་དགོས་པ་ཆུང་ལ་དགག་བྱ་ཆེ་བའི་རྒྱུ་མཚན་མང་དུ་གསུངས་པས། ཁོང་གིས་ཀྱང་རྒྱ་གར་དུ་ཕེབས་འདོད་བཤོལ་ནས་བོད་དུ་བཞུགས་པ་རེད། གལ་སྲིད་ཁོང་རྒྱ་གར་དུ་ཕེབས་ཡོད་ཚེ། ཁོང་གི་སྐུ་ཚེ་སྨད་ཀྱི་རྣམ་ཐར་ཡང་གཞན་ཞིག་ཡིན་ངེས་ཏེ། ནང་བསྟན་ཉམས་ཟིན་པའི་ཁོར་ཡུག་དེ་རུ་ཁོང་གི་སྐུ་ཚེ་ཡང་ནགས་ཁྲོད་དུ་སྒོམ་ལ་བརྩོན་ནས་འདའ་སྲིད་ལ། དེ་ལྟར་གྱུར་ན་སྐབས་དེར་ཁོང་ལ་བརྩམས་ཆོས་ཀྱང་ཉུང་ངུ་ཞིག་ལས་མེད་པས། དེ་ལྟ་ང་ཚོའི་སློབ་གཉེར་གནང་སའི་གསུང་གི་འཕྲིན་ལས་ནི་མི་འབྱུང་བར་ངེས་ན། ལྷོ་བྲག་མཁན་ཆེན་མཆོག་རྗེའི་སྐུ་ཚེའི་ཁྲོད་ཀྱི་མི་སྣ་གལ་ཆེན་ཞིག་ཏུ་འགྱུར་དོན་ཡང་དེ་རེད།” 5 ཅེས་བྲིས་འདུག་ཅིང་། སྤྱི་ཁྱབ་ནས་དཔྱད་ན་སྒོ་ཤེར་གྱིས་བརྗོད་པ་བཞིན་གལ་སྲིད་རྗེ་ཙོང་ཁ་པས་ལྷོ་བྲག་གྲུབ་ཆེན་ལས་བཀའ་ཆོས་མང་པོ་ཞུས་མེད་པ་དངོས་ཡོད་གནས་ཚུལ་ཞིག་རེད། ཡིན་ན་ཡང་། སྒོ་ཤེར་གྱིས་རྗེ་ཙོང་ཁ་པ་དང་ཁོང་གི་སློབ་བརྒྱུད་ཚོར་ལྷོ་བྲག་གྲུབ་ཆེན་བཀའ་དྲིན་ཆེན་པོ་ཡིན་པ་དེ་ཁོང་རྒྱ་གར་དུ་ཕེབས་འདུན་བཤོལ་དུ་བཅུག་པ་དེ་ཧ་ཅང་གཙིགས་ཆེན་དུ་བཟུང་འདུག་པ་མ་གཏོགས། ཕྱོགས་གཞན་ཞིག་ན་རྗེ་ཙོང་ཁ་པའི་རྗེས་འཇུག་དགེ་ལྡན་རིང་ལུགས་པ་ཚོར་ལྷོ་བྲག་གྲུབ་ཆེན་འདི་བཀའ་དྲིན་ཆེ་བའི་ཆེ་ལུགས་ནམ་ཡང་བརྗེད་ཐབས་མེད་པ་ཞིག་ཁོང་གིས་གླེང་རྒྱུ་བརྗེད་པའམ་ཡང་ན་གསལ་རྟོགས་བྱུང་མི་འདུག
རི་བོ་དགེ་ལྡན་པའི་རྗེས་འཇུག་པ་མང་ཤོས་ལ་མཚོན་ན་རྗེའི་གསུང་རྩོམ་མང་པོའི་ཁྲོད་ཀྱི་ཉི་ཟླ་ལྟ་བུ་ལམ་རིམ་ཆེན་མོ་དང་སྔགས་རིམ་ཆེན་མོ་གཉིས་ནི་དུས་རྟག་པར་ཉིན་རེའི་ཟ་མ་ཅི་བཞིན་འཚོ་བའི་ཁྲོད་ཀྱི་གོ་གནས་གལ་ཆེན་བཟུང་ཡོད་པ་ཞིག་རེད་ལ། བསྟན་བཅོས་འདི་གཉིས་ལས་ཀྱང་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཆ་ཚང་ལ་མ་ནོར་བ་སྟོན་པའི་བྱང་ཆུབ་ལམ་རིམ་ཆེ་འབྲིང་ཆུང་གསུམ་ནི་དགེ་ལུགས་པའི་བན་ཆུང་ནས་དགེ་བཤེས་ལྷ་རམས་པའི་བར་གྱི་ཆོས་ལྡན་གྱི་སྐྱེ་བོ་ཚང་མར་རྒྱུས་མངའ་ཡོད་པ་དང་བློ་འཛིན་དཔེ་ལྟོས་ཉམས་ལེན་གང་ཐུབ་བྱེད་སའི་བསྟན་བཅོས་རྨད་དུ་བྱུང་བ་ཤ་སྟག་རེད། འོ་ན་རྗེ་ཙོང་ཁ་པས་མཉམ་མེད་ཇོ་བོ་ཆེན་པོ་སོགས་ནས་བརྒྱུད་པའི་བྱང་ཆུབ་ལམ་གྱི་རིམ་པའི་གདམས་པ་ཚང་ལ་མ་ནོར་བ་དེ་དག་གང་ནས་ཞུས་པ་ཡིན་ནམ་ཞེས་འདྲི་བའི་ཚེ། བྱང་ཆུབ་ལམ་གྱི་རིམ་པའི་བླ་བརྒྱུད་ཀྱི་ལོ་རྒྱུས་ཆེན་པོ་ཤེས་མཁན་དག་དང་ཐ་ན་ལམ་རིམ་བླ་བརྒྱུད་ཙམ་ཞིག་སྐྱོར་ཤེས་མཁན་ཚང་མས། “བྱང་ཆུབ་ཐུགས་ཀྱིས་འགྲོ་ཀུན་བུ་བཞིན་གཟིགས། །ལྷག་པའི་ལྷ་ཡིས་རྗེས་བཟུང་བྱིན་གྱིས་བརླབས། །སྙིགས་དུས་འགྲོ་བ་འདྲེན་པའི་བཤེས་གཉེན་མཆོག །ནམ་མཁའ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །”ཞེས་པའི་གསོལ་འདེབས་ཚིག་བཞི་མ་འདི་ལམ་སེང་བློ་ལ་འཆར་ངེས་པ་དང་། གསོལ་འདེབས་འདི་ལམ་རིམ་བླ་བརྒྱུད་གསོལ་འདེབས་ལས་མཚམས་གང་ཞིག་ན་ཡོད་མེད་ཀྱང་གསལ་ལྷང་ངེར་དྲན་འོང་ངེས། ནོར་མི་འདུག་སྟེ། གསོལ་འདེབས་ཤོ་ལོ་ཀ་འདི་ནི་ཏག་ཏག་ལམ་རིམ་བླ་བརྒྱུད་གསོལ་འདེབས་ནང་གི་རྗེ་ཙོང་ཁ་པའི་གསོལ་འདེབས། “བློ་གྲོས་ཁང་བཟང་བསླབ་གསུམ་ནོར་གྱིས་ཕྱུག །བཟང་པོའི་འཕྲིན་ལས་གདུལ་བྱའི་དཔལ་དུ་ཤར། །གྲགས་པའི་འོད་ཟེར་འཛམ་གླིང་ཕྱོགས་བཅུར་འཕྲོ། །བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །”ཞེས་པའི་གསོལ་འདེབས་འདིའི་སྔོན་ཏག་ཏག་དེར་ཡོད་པ་རེད་ལ། དེ་ཡིས་རྗེ་ཙོང་ཁ་པས་བྱང་ཆུབ་ལམ་གྱི་རིམ་པའི་ཆོས་སྐོར་འདི་ཞུ་སའི་བླ་མའི་གཙོ་བོ་དེ་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མཆོག་ཡིན་པ་བསྟན་ཡོད་པ་མ་ཡིན་ནམ།
རྗེའི་རྣམ་ཐར་ཆེན་མོ་ལས། “རྗེ་ཉིད་ཀྱིས་མཁན་ཆེན་ཉིད་ཀྱི་དྲུང་ནས་གྲུབ་ཆེན་ཉིད་ཀྱི་བཀའ་འབུམ་དང་བྱང་ཆུབ་ལམ་གྱི་རིམ་པའི་བཀའ་བབ་གཉིས་ཀྱི་ཁྲིད། ཕྱག་ན་རྡོ་རྗེས་གསུངས་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་ཁྲིད་ལུང་རྗེས་གནང་། ཕྱག་རྡོར་སྐུ་ལྔའི་རྗེས་གནང་། ཞུ་ལན་རྡོ་རྗེའི་ཕྲེང་བ། ཞུ་ལན་གཅེས་ཕྲེང་གི་ལུང་རྗེས་གནང་། ཕྱག་ན་རྡོ་རྗེ་ཁྱུང་ལྔའི་དབང་དང་རྗེས་གནང་། དྲེགས་པ་ཀུན་འདུལ་གྱི་དབང་། རྟ་མགྲིན་དཔའ་བོ་གཅིག་པ་ཞལ་གསུམ་ཕྱག་དྲུག་གི་རྗེས་གནང་སོགས་གསན”6 ཞེས་པ་འདིས་རྗེ་ཙོང་ཁ་པས་གྲུབ་ཆེན་ལས་ཞུས་པའི་ཆོས་ནི་རྟ་མགྲིན་གྱི་ཆོས་སྐོར་ཙམ་ཞིག་མ་ཡིན་པ་དང་། ཁྱད་པར་དུ་བྱང་ཆུབ་ལམ་གྱི་རིམ་པའི་གདམས་ངག་གསེར་སྲང་སྟོང་གིས་མི་ཁུག་པ་འདི་ཞུས་པ་ལ་བརྟེན་ནས། རི་བོ་དགེ་ལྡན་པའི་བསྟན་པའི་རྨང་གཞི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ་བློ་སྦྱོང་བའི་ལམ་བཟང་རྨད་དུ་བྱུང་བ་འདི་ཆུང་ས་ནས་སྟོད་གངས་དཀར་ཏི་སི་ནས་རྨད་རྒྱ་ནག་གསེར་གྱི་ཕོ་བྲང་གི་བར་དུ་དར་ཁྱབ་ཆེན་པོ་བྱུང་བ་རེད་ལ། ཆེ་ས་ནས་འཇམ་མགོན་བླ་མའི་བསྟན་པ་འདི་འཛམ་གླིང་ལ་ཁྱབ་པ་ཡང་བྱང་ཆུབ་ལམ་གྱི་རིམ་པའི་གདམས་ངག་ཟབ་མོ་འདིའི་བཀའ་དྲིན་མིན་ན་ཅི་ཡིན། དེས་ན་ལྷོ་བྲག་གྲུབ་ཆེན་གྱིས་རྗེ་བླ་མར་རྒྱ་གར་དུ་མ་ཕེབས་ཞེས་སྐུལ་མ་གནང་བ་ཙམ་ཞིག་གིས་ཁོང་རྣམ་པ་གཉིས་ཀྱི་འབྲེལ་བ་དེ་ཅི་ཙམ་གལ་ཆེ་བ་ཐག་གཅོད་མི་ནུས་ཏེ། རྗེ་བླ་མ་རྒྱ་གར་དུ་ཕེབས་ནས་ལོ་ཤས་རྗེས་ཕྱིར་ཕེབས་ཀྱང་སྲིད་པ་ཡིན་ཏེ། སྐབས་དེར་རྒྱ་གར་དུ་བསྟན་པ་མིང་ཙམ་མ་གཏོགས་ཞེ་དྲགས་ལྷག་མེད་པ་དེ་ཁོང་གིས་གསན་མེད་མི་སྲིད་པ་ཞིག་རེད།
གཞན་ལྷོ་བྲག་གྲུབ་ཆེན་གྱིས་རྗེ་འདི་ལ་ལམ་རིམ་གྱི་ཁྲིད་རྒྱུན་གནང་ཚུལ་ཅུང་ཞལ་གསལ་བ་ཞིག་ནི་ལམ་རིམ་བླ་བརྒྱུད་ལས། “དེ་ལྟར་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ཞེས་མཚན་ཡོངས་སུ་གྲགས་པའི་བདག་ཉིད་ཆེན་པོ་འདིས་དགེ་བཤེས་སྟོན་པ་ནས་དགོན་པ་བ། དེ་ནས་སྣེའུ་ཟུར་བ་སོགས་ལ་བརྒྱུད་པའི་ལམ་རིམ་དང་། དགེ་བཤེས་སྟོན་པ་ནས་སྤྱན་སྔ་བ། དེ་ནས་བྱ་ཡུལ་བ་སོགས་ལ་རིམ་གྱིས་བརྒྱུད་པའི་ལམ་རིམ་སྟེ་བྱང་ཆུབ་ལམ་གྱི་རིམ་པ་བརྒྱུད་པའི་ཆུ་བོ་གཉིས་འདྲེས་ཀྱི་མན་ངག་རྣམས་རང་གིས་ཐུགས་ཉམས་སུ་བཞེས་ནས་རྟོགས་པ་མཆོག་ཐོབ་ཅིང་། སྐལ་བ་དང་ལྡན་པ་གཞན་དག་ལའང་རྒྱ་ཆེར་སྤེལ་བའི་བརྒྱུད་སྲོལ་བྱུང་བ་ནི་ཡི་དམ་གསང་བའི་བདག་པོའི་ལུང་བསྟན་ལས། དད་པ་ཐོབ་པ་འབུམ་ཚོ་གཅིག །ངེས་པར་གྲོལ་བ་ལྔ་བཅུ་སྟེ། །རྩོད་མེད་གྲུབ་ཐོབ་བརྒྱུད་དུ་ངེས། །འགྲན་གྱི་དོ་མེད་བློ་བཟང་ཡིན། །ཞེས་གསུངས་པ་ལྟར་བསྟན་འཛིན་དམ་པ་མང་དུ་བྱོན་ཅིང་། འཕྲིན་ལས་རྒྱ་ཆེར་སྤེལ་བ་གངས་རིའི་ཁྲོད་ན་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ་ནི་རྗེ་བཙུན་ཆོས་རྒྱལ་པོ་ཙོང་ཁ་པ་ཆེན་པོའོ།།”7 ཞེས་གསུངས་པ་འདིས་གསལ་བོར་རྟོགས་ཐུབ་པས། མཐའ་སྡོམ་ལྷོ་བྲག་གྲུབ་ཆེན་འདིས་རྗེ་ཙོང་ཁ་པར་བྱང་ཆུབ་ལམ་གྱི་ལམ་རིམ་པའི་བརྒྱུད་པའི་ཆུ་བོ་གཉིས་འདྲེས་ཀྱི་བདུད་རྩི་བསྩལ་པ་ལ་བརྟེན་ནས། རྗེ་བདག་ཉིད་ཆེན་པོ་དང་ཁོང་གི་རྗེས་འཇུག་ས་ཡ་མང་པོའི་ཐུགས་རྒྱུད་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ཡར་ངོའི་ཟླ་བ་བཞིན་གོང་ནས་གོང་དུ་འཕེལ་བ་དང་། དེར་བརྟེན་ནས་རྒྱལ་བའི་བསྟན་པ་འདི་ཉིད་ཀྱང་འཛམ་གླིང་ཤར་ནུབ་ཀུན་ཏུ་ནགས་ལ་མེ་མཆེད་པ་ལྟར་གྱུར་པ་ཡིན་པས། རང་རང་རྗེ་བླ་མའི་སློབ་བརྒྱུད་རྣམས་ཀྱིས་ཁོང་རྣམ་གཉིས་ཀྱི་འབྲེལ་བ་དེ་གོང་དུ་བརྗོད་པ་བཞིན་ངོས་འཛིན་བྱེད་རྒྱུ་དེ་དང་། ང་ཚོས་དུས་རྒྱུན་དུ་རྗེ་བླ་མ་ཙོང་ཁ་པ་ཆེན་པོ་རྗེས་སུ་དྲན་དགོས་པ་དང་། ཁོང་དྲན་ཐེངས་རེ་རེར་ཁོང་དང་ཁོང་གི་བླ་མ་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་གཉིས་བར་གྱི་བྱང་ཆུབ་ལམ་གྱི་རིམ་པས་གཙོ་མཛད་པའི་དམ་པའི་ཆོས་ཀྱི་འབྲེལ་བའི་གསེར་ཟམ་རིང་མོ་འདི་ཡང་དྲན་དགོས་སོ།།
འདིར་རྗེ་ཙོང་ཁ་པ་དང་ལྷོ་བྲག་གྲུབ་ཆེན་གཉིས་མཇལ་ནས་ཕན་ཚུན་བཀའ་ཆོས་གསན་རེས་མཛད་པའི་སྐོར་ལྷོ་བྲག་གྲུབ་ཆེན་པའི་གསུང་ངོ་མ་འདི་དྲངས་ཏེ་མཇུག་བསྡུ་བར་བྱའོ།།
ཡོང་ཁུངས། ངེད་དགེ་ལུགས་པའི་དྲ་བ། སྤེལ་དུས། 2019-11-18 12:57:57 ཀློག་ཐེངས། 34
༄༅། །ན་མོ་བཛྲ་པཱ་ཎ་ཡེ། ཡང་ཐིག་ཕྱིར་ཆོས་འཁོར་གྱི་དུས་གཅིག །རྗེ་དཀའ་བཞི་པ་བློ་བཟང་གྲགས་པའི་སློབ་མ། བཤེས་གཉེན་ཀུན་དགའ་བཟང་པོ་དང༌། ཡི་དམ་གྱིས་ལུང་བསྟན་པའི་སློབ་མ། མདོ་སྨད་གསེར་ལྡན་པ་དྷྭ་ཛ་བྷ་དྲ་སོགས་དགེ་བའི་བཤེས་གཉེན་མང་པོ་བདག་མཇལ་དུ་བྱོན་བྱུང་བས། ཁོང་རྣམས་ཀྱི་གསུང་ནས།བདག་ཅག་རྣམས་ཀྱི་བླ་མ་དམ་པ་ཙོང་ཁ་པ་ཆེན་པོ། ཁྱེད་ཀྱི་མཚན་བརྗོད་པ་ན་མཚུངས་མེད་ནམ་མཁའ་རྒྱལ་མཚན་པ་ཞེས་དང༌། ལྷོ་བྲག་རྗེ་བཙུན་ཕྱག་རྡོར་བ་འདི་སྐད་གསུང་ཞེས་སོགས་བཀའ་དྲིན་ཆེ་ཞིང་ངོ་མཚར་བའི་བསྔགས་པ་མཛད་ཀྱིན་འདུག་པས། རྗེ་ཙོང་ཁ་པ་དག་མཇལ་བའི་དུས་ངོ་མཚར་བའི་གཟིགས་སྣང་དང༌། རྟགས་རྟེན་འབྲེལ་བྱུང་ཚུལ་རྣམས་གསུང་འཚལ་ཞེས་ནན་ཆེར་ཞུས་པའི་ངོར་རགས་རིམ་ཞིག་བརྗོད་ན།བདག་གིས་ལོ་བདུན་ཅུ་ལོན་དུས། བུ་མོ་དཀར་མོ་གཅིག་ན་རེ། བྱམས་པས་བྱིན་གྱིས་བརླབས་པའི་གང་ཟག་འཇམ་དཔལ་དབྱངས་དང་གཉིས་སུ་མེད་པ། ལྷ་མོ་དབྱངས་ཅན་མས་རིག་པ་སྟེར་བར་བྱེད་པ་ཕུན་སུམ་ཚོགས་པ་ཞིག་དང་སྐྱེ་བ་བཅོ་ལྔའི་གོང་ནས་འབྲེལ་པ་ཡོད་ཅིང༌། ཕན་ཚུན་དཔོན་སློབ་ཏུ་འབྲེལ་པ་འོང་བ་ཡོད་པས། དེ་ལ་ཆོས་བཀའ་ལ་སྲིས་མ་འཇུག་པར་བྱིན། ཕར་ཡང་ཆོས་ཞུས་ཟེར་བ་ཞིག་བྱུང་བས། བདག་མོས་གུས་དཔག་ཏུ་མེད་པ་སྐྱེས་སོ། །ཡང་ལན་ཅིག་མགོན་པོ་བྱམས་པ་འབྱོན་གྱིན་ཡོད་ཟེར་བའི་སྐད་ལྷང་བ་ཞིག་བྱུང༌། ཆོས་རྗེ་དཀའ་བཞི་པས་རྒྱ་མོ་རིའི་འཕྲང་ལ་ཕེབས་པའི་ཚོད་དུ་འདུག བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས། ལུག་ཟླའི་ཚེས་བཞིའི་ཉིན་ལྷོ་བྲག་གྲོ་བོ་དགོན་པར་ཕྱག་ཕེབས་བྱོན་པ་བདག་གིས་བསུ་བ་ལ་ཕྱིན་པས། རྗེ་བཙུན་འཇམ་དབྱངས་འོད་ཀྱི་དྲ་བས་མཛེས་པ་ཞིག་ཕེབས་བྱུང་བར་མཐོང༌། ཁོང་གིས་བདག་ཕྱག་ན་རྡོ་རྗེ་དངོས་སུ་གཟིགས་ཤིང༌། དེའི་གསུས་པའི་དཀྱིལ་འཁོར་ཤིན་ཏུ་ལྡིར་ཞིང་བཻཌཱུརྱ་ལྟར་དྭངས་པ་ལ་སྦྲུལ་སྡོ་ཁྲས་སྤྲས་པར་གཟིགས་འདུག །དེ་ནི་སྔར་ལས་ཀྱང་གདུལ་བྱ་འཕྲིན་ལས་རྒྱས་སུ་འགྲོ་བའི་བརྡ་ཡིན། དེའི་ནུབ་མོ་ཁོང་གི་གསུང་ནས། བླ་མའི་རྣལ་འབྱོར་ཅིག་ཞུ་གསུང༌། བདག་གིས་བླ་མའི་རྣལ་འབྱོར་ཞིག་ཕོག་པས། ཕྱག་ན་རྡོ་རྗེ་བྱོན་ནས་ཁོང་ལ་ཐིམ་སོང༌། ཡང་ཚེས་བཅོ་ལྔའི་ཐོ་རངས་བྱམས་པ་ཉིད་ལ་བསླབ་བཏུས་ཞུས་ཟེར་བ་ཞིག་བྱུང༌། ཁོང་ལ་བསླབ་བཏུས་གསུང་བར་ཞུ་ཞུས་པས། ཁོང་གི་གསུང་ནས། ཡི་དམ་དེ་སྐད་གསུང་ངམ་གསུང༌། གསུང་ལགས་ཞུས་པས། བསླབ་བཏུས་གསུངས། ཆོས་ཉན་དུས་མཐོང་སྣང་ལ་ཁོང་གི་དབུའི་སྟེང་ན་རྗེ་བཙུན་བྱམས་པ་བཞུགས། དཔུང་པ་གཡས་ན་འཇམ་དབྱངས་དཀར་པོ། གཡོན་ན་ལྷ་མོ་དབྱངས་ཅན་མ་བཞུགས་འདུག །མགོན་པོ་ཕྱག་བཞི་པ་དང་ཕྱག་དྲུག་པས་གཙོ་བྱས་པའི་ཆོས་སྐྱོང་དང་མཁའ་འགྲོ་བསམ་གྱིས་མི་ཁྱབ་པས་བསྐོར་ནས་འདུག་གོ །གཞན་ཡང་དཀར་ཕྱོགས་ལ་དགའ་བའི་ལྷ་འདྲེའི་ཚོགས་མང་པོ་ཆོས་ཉན་ཞིང་འདུག་པས་མོས་གུས་ཐུན་མོང་མ་ཡིན་པ་སྐྱེས་སོ། །སོ་སོར་འབྲང་མའི་དབང་དང༌། སེམས་བསྐྱེད་ཀྱང་ཞུས་སོ། །ཁོང་གིས་བདག་ལ་ཚུར་ཆོས་ཞུས་པ་ལ། བྱང་ཆུབ་ལམ་གྱི་རིམ་པའི་བཀའ་བབས་གསུམ་གྱི་ཁྲིད། ཕྱག་ན་རྡོ་རྗེས་གསུངས་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་ཁྲིད་ལུང་རྗེས་གནང༌། ཕྱག་རྡོར་སྐུ་ལྔའི་རྗེས་གནང༌། ཞུ་ལན་རྡོ་རྗེའི་ཕྲེང་བ། ཞུ་ལན་གཅེས་འཕྲེང་གི་ལུང་རྗེས་གནང༌། ཕྱག་ན་རྡོ་རྗེ་ཁྱུང་ལྔའི་དབང་དང་རྗེས་གནང༌། དྲེགས་པ་ཀུན་འདུལ་གྱི་དབང༌། རྟ་མགྲི ན་དཔའ་བོ་གཅིག་པ་ཞལ་གསུམ་ཕྱག་དྲུག་པའི་རྗེས་གནང་སོགས་བྱས་པའི་དུས། རྗེས་གནང་དང་དབང་གི་བྱ་བ་ཌཱ་ཀི་རྣམས་ཀྱིས་བྱེད་པ་དང༌། བདུད་རྩི་ཀ་པཱ་ལ་གང་ཁོང་ལ་ཕུལ་བས།དེར་ལྦུ་བ་ཤར་བའི་ནང་དུ་འཇམ་དབྱངས། འཛམ་ལ་རྣམ་སྲས་རྣམས་རེ་རེ་བཞུགས་པ་གཟིགས་ཤིང༌། རྟགས་ངོ་མཚར་ཅན་མང་ཞིག་བྱུང་སྟེ་བཤད་ཀྱིས་མི་ལང༌། ཁོང་གི་འཁོར་བླ་མ་འཇམ་དཀར་བ་སོགས་ཕུན་སུམ་ཚོགས་པ་མང་བར་འདུག་པ་རྣམས་ལ་ཡང་བདག་གིས་ཆོས་ལུང་མང་དུ་བྱས། དཔོན་སློབ་ཐམས་ཅད་ལ་དད་པ་ཐོབ་བོ། །དེའི་སྟོབས་ཀྱིས་བདག་ལའང་ཡོན་ཏན་བག་རེ་སྐྱེས་པ་བྱུང་ངོ༌། །བདག་གིས་གདམས་ངག་རྣམས་བསྟན་པའི་དུས་སུ། བདག་གི་མགོ་ཐོག་ཏུ་ཤཱཀྱ་ཐུབ་པ། གཡས་སུ་ཕྱག་ན་རྡོ་རྗེ། གཡོན་དུ་གདུགས་དཀར་མོ་རྣམས་ཕལ་ཆེར་འབྱོན་གྱིན་འདུག་པས་བར་ཆད་མི་འབྱུང་བའི་རྟགས་སུ་འདུག །དེ་ནས་རེ་ཞིག་ན་དཀའ་བཞི་པའི་གསུང་ནས། བདག་ལ་ལྟ་བའི་སྐོར་གྱི་ཐེ་ཚོམ་འགའ་ཞིག་ཡོད་པས། འདི་སེལ་བ་ལ་རྒྱ་གར་ཤིང་གི་རི་ན་རྗེ་མི་ཏྲ་བཞུགས་པའི་དྲུང་དུ་འགྲོ་འདོད་པས། དེ་ལ་བར་ཆད་མི་འབྱུང་ལགས་སམ་གསུང་གིན་འདུག་པ་ལ། ལྟ་བའི་གནད་རྣམས་བདག་གིས་ཡི་དམ་ལ་ཞུ་ཡིས། རྒྱ་གར་ལ་བྱོན་ན་ཁྱེད་རང་མི་ཏྲ་དང་མཇལ་བ་སོགས་ངོ་མཚར་བ་འོང་ནའང༌། ཁྱེད་ཀྱི་འཁོར་འདི་རྣམས་ཚོགས་ལམ་དང་སྦྱོར་ལམ་ཆེན་པོ་ལ་གནས་པ་ཤ་སྟག་འདུག་པས། འདི་རྣམས་ཀྱི་ཚེའི་བར་ཆད་དུ་འགྱུར་བ་འདུག་ཅིང༌། ཁྱེད་ཀྱང་རྒྱ་གར་དུ་བཞུགས་ནས་ཚུར་མི་ཕེབས། དེ་བས་བོད་ཕྱོགས་འདིར་བསྟན་པ་ལ་ཕན་པའི་ཐབས་ལ་འབད་ན་འགྲུབ་པས་དེ་བཞིན་མཛད་འཚལ་ཞེས་ཞུས་ཤིང༌། བདག་གིས་བཤོལ་བཏབ་བོ། །དེ་ནས་ལྟ་བའི་གནད་རྣམས་ཡི་དམ་ལ་ཞུས་པས། བདུད་རྩི་སྨན་མཆོག་ཅེས་པའི་གདམས་པ་གནང་ནས་འདིས་མ་ཏི་བྷ་དྲ་ཤྲཱིའི་ཐེ་ཚོམ་སེལ་ལོ་གསུང༌། མ་ཏི་བྷ་དྲ་ཤྲཱི་དེ་གང་ལགས་ཞུས་པས། བློ་བཟང་གྲགས་པ་སྐྱེ་བ་འདིའི་གོང་པཎྜི་ཏའི་སྐྱེ་བ་བདུན་དུ་སེམས་ཅན་གྱི་དོན་བྱས། འདི་གའི་གོང་དུའང་ཁ་ཆེ་གྲིབ་བསྟན་དུ་པཎྜི་ཏ་མ་ཏི་བྷ་དྲ་ཤྲཱི་བྱ་བར་སྐྱེས་གསུང༌། དེ་ནས་བདག་གིས་དཀའ་བཞི་པ་ལ། རྫིང་ཇིའི་ཇོ་བོ་ལ་བསྟོད་པ་མིང་ཚངས་པའི་ཅོད་པན་ཞེས་བྱ་བ་འགྲོ་བ་སྡུག་བསྔལ་གྱིས་མནར་བ་རྣམས་ལ་ཐུགས་རྗེས་གཟིགས་པའི་གསོལ་གདབ་དང་རབ་ཏུ་བྱུང་བའི་རྟགས་ཆ་ཚང་བ་དང་བཅས་པ་ཕུལ་ན་དུས་ཕྱིས་སངས་རྒྱས་ཀྱི་བསྟན་པའི་གཞི་མ་འདུལ་བའི་བསླབ་ཁྲིམས་ཤིན་ཏུ་དར་བའི་རྟེན་འབྲེལ་ཡོད་ཅེས་ནན་གྱིས་བསྐུལ་བས་དེ་ལྟར་མཛད། དགུང་ལོ་བཞི་བཅུ་རྩ་ལྔ་ལ་སྐུ་ཚེའི་བར་ཆད་ཅིག་ཡོད་ཉེན་འདུག་པས་དེ་སེལ་བའི་ཕྱིར་དུ། དཔལ་འཁོར་ལོ་ཆེན་པོ་བདུད་རྩི་ཐིགས་པའི་བསྐྱེད་རྫོགས་ཟབ་མོ་འདི་བདག་གིས་ཁོང་ལ་ཕུལ་ཞིང༌། ད་ལན་འདི་ནས་ཙ་རི་དང་གཉལ་སོགས་ལ་བྱོན་ན་བསྟན་པ་དང་སེམས་ཅན་ལ་འཕྲལ་དང་ཡུལ་དུ་ཕན་པའི་ཐབས་ཁྱད་པར་ཅན་འདུག་ཅིང༌། རྒྱ་གར་གྱི་མཁས་གྲུབ་ཅིག་གི་སྐུའི་སྣང་བ་དང་བསྟན་བཅོས་ལ་བརྟེན་ནས་ཟབ་མོའི་དོན་ལ་དཔྱིས་ཕྱིན་པའི་ངེས་པ་རྙེད་ཡོང་བས་དེ་ལྟར་མཛད་ཅིང་རེ་ཞིག་གི་བར་དུ་བྱ་བྲལ་འཆད་ཉན་མཛད་ན་འགྲོ་ཕན་ཆེ་ཞེས་སོགས་ཞུས་པས། ཁོང་གིས་ཀྱང་གསན་དགོངས་མཛད། བདག་གི་ས་ཆ་ཡར་མར་རྣམས་སུ་ཟླ་བ་བདུན་དུ་བཞུགས། ལྷོ་བྲག་གི་གྲྭ་བུ་སློབ་སྐྱེ་བོའི་ཚོགས་དང་བཅས་པ་ལ་གསུང་ཆོས་མང་དུ་གནང་ངོ༌། །བདག་གིས་ཁོང་གི་སྐུ་བསོད་རྒྱས་པའི་ཕྱིར་རྣམ་སྲས་ལ་གཏོར་མ་ཕུལ་བས། དེའི་ནུབ་མོ་རྡོ་རྗེ་རྣམ་འཇོམས་ལ་རྣམ་སྲས་བཞིས་བསྐོར་བ་ཞལ་མཐོང་ཞིང་དེའི་སྒྲུབ་ཐབས་ལས་མཐའ་དང་བཅས་པ་གསུངས་སོ། །དཀའ་བཞི་པ་དང་མཇལ་ཚུལ་ཟུར་ཙམ་བཀོད་པའོ།། །།
1. མཚོ་སྔོན་པར་མའི་ཤོག་ངོས་༢༡༨ ནས་ 219
2. བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་པར་མའི་ཤོག་ངོས་ 305
3. བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་པར་མའི་ཤོག་ངོས་ 347
4. རྩོམ་པ་པོ་དཔེ་སྐྲུན་ཁང་གི་པར་མའི་ཤོག་ངོས་ 171
5. གོང་གསལ་པར་མའི་ཤོག་ངོས་ 172
6. མཚོ་སྔོན་པར་མའི་ཤོག་ངོས་ 220-221
7. བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་པར་མའི་ཤོག་ངོས་ 306
ཀླུ་སྨྱོན་ལགས་ནི། དག་སྣང་དང་། རྣམ་དཔྱོད་རྩེ་མོར་བཞུགས་པ། ལྗགས་རྩོམ་སྲོང་པོར་སྨྲ་ཐུབ་མཁན། ཆོས་དང་སྲིད་ལེགས་ཉེད་འབྱེད་མཁས་ཅན་ངོས་འཛིན་ཡོད་མཁན། ཕྱོགས་རེས་ཆགས
འཛིན་མིན་པའི་གང་ཟག་ཞིག་རེད་བཞག ངས་ཁྱེད་ལ་བཀྲིས་བདེ་ལེགས་ཞུ་ཡག་ཡིན
་་་་་་་་་་ སྐལ་བ་དང་ལྡན་པ་གཞན་དག་ལའང་རྒྱ་ཆེར་སྤེལ་བའི་བརྒྱུད་སྲོལ་བྱུང་བ་ནི་ཡི་དམ་གསང་བའི་བདག་པོའི་ལུང་བསྟན་ལས།
དད་པ་ཐོབ་པ་འབུམ་ཚོ་གཅིག །
ངེས་པར་གྲོལ་བ་ལྔ་བཅུ་སྟེ། །
རྩོད་མེད་གྲུབ་ཐོབ་བརྒྱུད་དུ་ངེས། །
འགྲན་གྱི་དོ་མེད་བློ་བཟང་ཡིན། །ཞེས་གསུངས་པ་ལྟར་བསྟན་འཛིན་དམ་པ་མང་དུ་བྱོན་ཅིང་། ་་་་་་་་་་་་
ཞུས་ལན་བདུད་རྩིའི་སྨན་མཆོག་ཀྱང་འདི་དང་སྦྲེལ་ཏེ་གླེང་རྒྱུ་འདྲ་ལྷག་མེད་དམ།
ཞུས་ལན་བདུད་རྩིའི་སྨན་མཆོག་མ་གླེང་ཐབས་མེད་རེད། ལྷོ་བྲག་གྲུབ་ཆེན་གྱི་གདམས་པའི་སྙིང་པོ། རྗེ་ཙོང་ཁ་པའི་ཐུགས་དམ། རྗེས་འཇུག་ཀུན་ལ་རྩོད་མེད་དུ་གྲུབ་པའི་མནོག་ཆོས་ཟབ་མོ་རེད། །རྗེའི་གསུང་འབུམ་པར་མ་ཀུན་ན་ཞུས་ལན་བདུད་རྩིའི་སྨན་མཅོག་གཅིག་ལས་མེད། དེ་གཞིན་གསང་འདུས་དྲིས་ལན་ཤོག་དྲིལ་ཡང་གནད་ཆེ།
ཞུས་ལན་སྨན་མཆོག་བདུད་རྩིའི་ཕྲེང་བ།
རྗེ་རིན་པོ་ཆེས་ལྷོ་བྲག་མཁན་ཆེན་ལ་ཕུལ་བའི་ཞུ་ཡིག་ཅིག་ཏུ། འདི་ལྟར།
“སྐུ་ཁམས་རིན་པོ་ཆེ་འགྲོ་བའི་དཔལ་དུ་བརྟན་པའི་ཐད་ནས་གསུང་ཤོག་སྒ་སྐྱའི་རྟེན་དང་བཅས་པ་དགེ་བཤེས་གཞོན་སེང་གིས་འཕྲོད་པས་ཐུགས་ལ་བཏགས་ཤིང་ཁྱད་པར་དུ་རྒྱལ་བ་སྲས་བཅས་ཀྱི་དགོངས་པའི་གནད་དྲིལ་བའི་མན་ངག་འཕགས་པ་ལག་ན་རྡོ་རྗེའི་གསང་ཚིག ཞུས་ལན་སྨན་མཆོག་བདུད་རྩིའི་ཕྲེང་བ་གསང་བདག་གི་ཞལ་སྔ་ནས་ཇི་ལྟར་གནང་བ་བཞིན་ལྷག་ཆད་ནོར་གསུམ་དང་བྲལ་བ་ཡི་གེར་བཀོད་པ་གནང་བ་འཕྲོད་པ་ན། གསང་བདག་གསུང་གི་བདུད་རྩི་ཡིས། །ཡིད་ཀྱི་རེ་བ་རྫོགས་པར་བྱས། །ཉོན་མོངས་ནད་ལས་རྒྱལ་བར་འགྱུར། །ལྕང་ལོ་ཅན་དུ་ཕྱིན་པ་སྙམ། །” ཞེས་གསུངས་འདུག
རྗེའི་གསུང་ཐོར་བུའི་གློག་དེབ་ཡོད་ན་གནང་རོགས། ང་ལག་པར་འདི་རིགས་མི་ཆུད་ཀི
བཀའ་དྲིན་ཆེ།
རྗེ་རིན་པོ་ཆེས་ཕྱག་ན་རྡོ་རྗེའི་སྤྲུལ་པ་གྲུབ་ཆེན་ལྷོ་བྲག་ནམ་མཁའ་རྒྱལ་མཚན་གྱིས་དྲུང་ནས་ཕྱག་རྡོར་གྱི་ཆོས་སྐོར་བསན་པ་ཡོངས་གྲགས་རེད། འོན་ཀྱང་ལམ་རིམ་སོགས་གསན་པ་གྲུབ་ཆེན་གྱི་ཕྱག་ཡིག་ནང་ལ་མཇལ་རྒྱུ་མིན་འདུག་ལ། རྗེའི་ཕྱག་ཡིག་ལ་མི་གསལ། རྗེའི་ལོ་རྒྱུས་སྔ་མ་རྣམས་ལ་མཇལ་བ་མི་དྲན། དེ་ཕྱིས་སུ་གནམ་ཡིག་ལྟ་བུ་གནམ་ལས་ལྷུང་བ་འདྲ་པོ་འདུག འདི་ལ་རྒན་ཀླུ་སྨྱོན་དང་འཇིགས་མེད་བློ་གྲོས་ཀྱིས་ང་ལ་གསལ་ཁ་ཞིག་སྟེར་རོགས། དཔེར་ན་རྗེའི་རྣམ་ཐར་གང་གི་ནང་ལ་ལམ་རིམ་གསན་པ་འཁོད་ཡོད་པ་དང་། གང་གི་ནང་ལ་འཁོད་མེད་པ་དཔེ་བསྡུར་ཞིག་བྱོས་དང་། གསལ་པོ་འོངས་སྙམས།
་་་་་་་་་་་་ ཞུས་ལན་སྨན་མཆོག་བདུད་རྩིའི་ཕྲེང་བ་གསང་བདག་གི་ཞལ་སྔ་ནས་ཇི་ལྟར་གནང་བ་བཞིན་ལྷག་ཆད་ནོར་གསུམ་དང་བྲལ་བ་ཡི་གེར་བཀོད་པ་གནང་བ་འཕྲོད་པ་ན།
གསང་བདག་གསུང་གི་བདུད་རྩི་ཡིས། །
ཡིད་ཀྱི་རེ་བ་རྫོགས་པར་བྱས། །
ཉོན་མོངས་ནད་ལས་རྒྱལ་བར་འགྱུར། །
ལྕང་ལོ་ཅན་དུ་ཕྱིན་པ་སྙམ། །” ཞེས་གསུངས་འདུག ་་་་་་་་་་་་་་་
་་་་་་་་་་་་་་ གྲུབ་ཆེན་ལྷོ་བྲག་ནམ་མཁའ་རྒྱལ་མཚན་གྱིས་དྲུང་ནས་ཕྱག་རྡོར་གྱི་ཆོས་སྐོར་བསན་པ་ཡོངས་གྲགས་རེད། འོན་ཀྱང་ལམ་རིམ་སོགས་གསན་པ་གྲུབ་ཆེན་གྱི་ཕྱག་ཡིག་ནང་ལ་མཇལ་རྒྱུ་མིན་འདུག་་་་་་་་་་་་་་་
བགྲོ་གླེང་གིས། བློ་སྐྱེད་བྱུང་། ཐུགས་རྗེ་ཆེ།
ཟུར་གནས་ལགས། གོང་དུ་དྲངས་པའི་རྗེའི་རྣམ་ཐར་ཆེན་མོ་དང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་གཉིས་སུ་ཧ་ཅང་གསལ་བོ་འདུག ངའི་དཔྱད་རྩོམ་གྱི་མཇུག་ཏུ་ཡོད་པའི་དེབ་ཀྱི་ཤོག་ངོས་དེ་དག་ལ་གཟིགས་རོགས།
གཞན་ལྷོ་བྲག་གྲུབ་ཆེན་གྱིས་རྗེ་འདི་ལ་ལམ་རིམ་གྱི་ཁྲིད་རྒྱུན་གནང་ཚུལ་ཅུང་ཞལ་གསལ་བ་ཞིག་ནི་ལམ་རིམ་བླ་བརྒྱུད་ལས། “དེ་ལྟར་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ཞེས་མཚན་ཡོངས་སུ་གྲགས་པའི་བདག་ཉིད་ཆེན་པོ་འདིས་དགེ་བཤེས་སྟོན་པ་ནས་དགོན་པ་བ། དེ་ནས་སྣེའུ་ཟུར་བ་སོགས་ལ་བརྒྱུད་པའི་ལམ་རིམ་དང་། དགེ་བཤེས་སྟོན་པ་ནས་སྤྱན་སྔ་བ། དེ་ནས་བྱ་ཡུལ་བ་སོགས་ལ་རིམ་གྱིས་བརྒྱུད་པའི་ལམ་རིམ་སྟེ་བྱང་ཆུབ་ལམ་གྱི་རིམ་པ་བརྒྱུད་པའི་ཆུ་བོ་གཉིས་འདྲེས་ཀྱི་མན་ངག་རྣམས་རང་གིས་ཐུགས་ཉམས་སུ་བཞེས་ནས་རྟོགས་པ་མཆོག་ཐོབ་ཅིང་། སྐལ་བ་དང་ལྡན་པ་གཞན་དག་ལའང་རྒྱ་ཆེར་སྤེལ་བའི་བརྒྱུད་སྲོལ་བྱུང་བ་ནི་ཡི་དམ་གསང་བའི་བདག་པོའི་ལུང་བསྟན་ལས། དད་པ་ཐོབ་པ་འབུམ་ཚོ་གཅིག །ངེས་པར་གྲོལ་བ་ལྔ་བཅུ་སྟེ། །རྩོད་མེད་གྲུབ་ཐོབ་བརྒྱུད་དུ་ངེས། །འགྲན་གྱི་དོ་མེད་བློ་བཟང་ཡིན། །ཞེས་གསུངས་པ་ལྟར་བསྟན་འཛིན་དམ་པ་མང་དུ་བྱོན་ཅིང་། འཕྲིན་ལས་རྒྱ་ཆེར་སྤེལ་བ་གངས་རིའི་ཁྲོད་ན་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ་ནི་རྗེ་བཙུན་ཆོས་རྒྱལ་པོ་ཙོང་ཁ་པ་ཆེན་པོའོ།།”7 ཞེས་གསུངས་པ་འདིས་གསལ་བོར་རྟོགས་ཐུབ།
རྗེའི་རྣམ་ཐར་ཆེན་མོ་ལས། “རྗེ་ཉིད་ཀྱིས་མཁན་ཆེན་ཉིད་ཀྱི་དྲུང་ནས་གྲུབ་ཆེན་ཉིད་ཀྱི་བཀའ་འབུམ་དང་བྱང་ཆུབ་ལམ་གྱི་རིམ་པའི་བཀའ་བབ་གཉིས་ཀྱི་ཁྲིད། ཕྱག་ན་རྡོ་རྗེས་གསུངས་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་ཁྲིད་ལུང་རྗེས་གནང་། ཕྱག་རྡོར་སྐུ་ལྔའི་རྗེས་གནང་། ཞུ་ལན་རྡོ་རྗེའི་ཕྲེང་བ། ཞུ་ལན་གཅེས་ཕྲེང་གི་ལུང་རྗེས་གནང་། ཕྱག་ན་རྡོ་རྗེ་ཁྱུང་ལྔའི་དབང་དང་རྗེས་གནང་། དྲེགས་པ་ཀུན་འདུལ་གྱི་དབང་། རྟ་མགྲིན་དཔའ་བོ་གཅིག་པ་ཞལ་གསུམ་ཕྱག་དྲུག་གི་རྗེས་གནང་སོགས་གསན
ལྷོ་བྲག་གྲུབ་ཆེན་གྱི་རྣམ་ཐར་དུ། ༼བཀའ་བཞི་པ་བློ་བཟང་གྲགས་པ་ལ་མཇལ་ཚུལ་ཟུར་ཙམ་བཀོད་པ་ལས༽བྱང་ཆུབ་ལམ་གྱི་རིམ་པའི་བཀའ་བབ་གསུམ་གྱི་ཁྲིད། ཕྱག་ན་རྡོ་རྗེས་གསུངས་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་ཁྲིད་ལུང་རྗེས་གནང་། ཞུ་ལན་རྡོ་རྗེའི་ཕྲེང་བ། ཞུ་ལན་གཅེས་ཕྲེང་གི་ལུང་རྗེས་གནང་། ཕྱག་ན་རྡོ་རྗེ་ཁྱུང་ལྔའི་དབང་དང་རྗེས་གནང་། དྲེགས་པ་ཀུན་འདུལ་གྱི་དབང་། རྟ་མགྲིན་དཔའ་བོ་གཅིག་པ་ཞལ་གསུམ་ཕྱག་དྲུག་གི་རྗེས་གནང་སོགས་བྱས་པའི་དུས། རྗེས་གནང་དང་དབག་གི་བྱ་བ་ཌཱཀི་རྣམས་ཀྱིས་བྱེད་པ་དང་། བདུད་རྩི་ཀ་པ་ལ་གང་ཁོང་ལ་ཕུལ་བས། དེར་ལྦུ་བ་ཤར་བའི་ནང་དུ་འཇམ་དབྱངས། ཛམ་ལ། རྣམ་སྲས་རྣམས་རེ་རེ་བཞུགས་པ་གཟིགས་ཤིང་། རྟག་ངོ་མཚར་ཅན་མང་ཞིག་བྱུང་སྟེ་བཤད་ཀྱིས་མ་ལང་། ཁོང་གི་འཁོར་བླ་མ་འཇམ་དཀར་པ་སོགས། ཕུན་སུམ་ཚོགས་པ་མང་བར་འདུག་པ་རྣམས་ལའང་བདག་གི་ཆོས་ལུང་མང་དུ་བྱས། དཔོན་སློབ་ཐམས་ཅད་དད་པ་ཐོབ་པོ། །ཞེས་འཁོད་འདུག །རྗེའི་རྣམ་ཐར་ཆེན་མོ་དང་ཚིག་རིས་ཕལ་ཆེར་གཅིག་པ་རེད་འདུག ། བཀའ་བབ་གསུམ་དང་གཉིས་ཀྱི་ཁྱད་འདུག །
ལྷོ་བྲག་ཕྱག་རྡོར་པའི་ཕྱིའི་རྣམ་ཐར་དུ། གདུང་རྒྱུད་ནི། རྗེ་འབངས་ཉེར་ལྔའི་ནང་གི་ཤུད་པུ་དཔལ་གྱི་སེངྒེའི་གདུང་བརྒྱུད་རྫོགས་པ་ཆེན་པོའི་རྣལ་འབྱོར་གྲུབ་པའི་དབང་ཕྱུག་བར་མ་ཆད་པ་བྱོན་པ་འི་བརྒྱུད་དུ་འཁྲུངས་ཚུལ་དང་། མི་རབས་བརྒྱུད་པའི་ཡི་དམ་མ་ཤིན་ཕུར་གསུམ་ཡིན་ཚུལ། ཁྱད་པར་ཤུད་ཕུ་དཔལ་སེང་གེས་དེ་ཁོ་ན་ཉིད་སྒྲོན་མ་ཞེས་བྱ་བ། ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་ཅད་རྫོགས་པའི་རྒྱན་ཞེས་བསྟན་འགྱུར་དུ་བཞུགས་པ་དེ་བསྒྱུར་བས་ཕྱག་རྡོར་གྱི་བཀའ་བབ་ཡིན་ཚུལ་ལྟ་བུ་ཞིག་འཁོད་ཡོད་སྙམ། །
དྲི་མེད་ལྷག་བསམ་ཚང་ལགས་བཀའ་དྲིན་ཆེ།
ཨ་ལགས་ཀླུ་སྨྱོན་ལ་བཀྲ་ཤིས་བདེ་ལེགས་ཞུ། ཕུད་པའི་གདུང་རབས་ཕྱི་མ་མང་ཞིག་གིས་བཀའ་གདམས་གསུང་སྐོར་ཉམས་བཞེས་མཛད་པ་དང་། ཁྱད་པར་ཏུ་གདུང་རབས་༣༤་བ་ཤུད་ཕུ་རྒྱལ་སྲས་བཟང་པོས་མཁན་ཆེན་མཚོ་སྣ་པ་དང་། མཁན་ཆེན་སེངྒེ་བཟང་པོ་ལས་བཀའ་གདམས་པའི་གསུང་སྐོར་བྱང་ཆུབ་ལམ་རིམ་སོགས་གསན་ཏེ་ཉམས་སུ་བླང་པ་རེད། མཁན་ཆེན་རྒྱལ་སྲས་བཟང་པོ་ཕལ་ཆེར་ལྷོ་བྲག་གྲུབ་ཆེན་གྱི་ཁུབོར་གཏོགས་པ་ཞིག་རེད་སྙམ།
བཅོས། ཤུད་ཕུའི་གདུང་རབས། མཁན་ཆེན་རྒྱལ་སྲས་བཟང་པོ་ལས་ལྷོ་བྲག་གྲུབ་ཆེན་གྱིས་བྱང་ཆུབ་ལམ་རིམ་སོགས་གསན་པ་རེད།
དྲི་མེད་ལྷག་བསམ་ལགས། ལྷོ་བྲག་གྲུབ་ཆེན་གྱི་རྣམ་ཐར་གང་ན་ཐོབ་ཀྱི་རེད། ཀློང་ཆེན་ཆོས་འབྱུང་དང་གུ་བཀྲའི་ཆོས་འབྱུང་། བདུད་འཇོམས་ཆོས་འབྱུང་དང་རྫོགས་ཆེན་ཆོས་འབྱུང་སོགས་སུ་མཇལ་མ་བྱུང་།