མྱི་རྐྱང་སྨྱོན་པ།
གླེང་སློང་བ།
ཉིན་འདི་གར་དྲྭ་ཐོག་ཏུ་ཅུང་ཚ་ཚ་འུར་འུར་གྱིས་གླེང་གིན་པ་ཞིག་ནི་བཙན་བྱོལ་དབུས་བོད་མིའི་གྲོས་ཚོགས་ར་བ་ནས་མང་ཁ་ཉུང་གིས་མ་བརྟེན་པར་དཔལ་རྒྱལ་བ་ཇོ་ནང་བར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་མ་རག་པ་དང་། བོད་གཞིས་བྱེས་གཉིས་ཀྱི་ཇོ་ནང་བ་འབུམ་ཕྲག་གཉིས་ལ་ཉེ་བར་བློ་ཕམ་ཆེན་པོ་བྱུང་རྐྱེན། འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱིས་དབུ་ཁྲིད་བྱས་འོག་སེར་སྐྱ་བརྒྱ་ལ་ཉེ་བས་གྲོས་ཚོགས་ར་བའི་མདུན་ནས་ཞི་འབོད་ཐེངས་ཤིག་གནང་བ་དེ་རེད།
༡༽ ཇོ་ནང་བ་ཆོས་བརྒྱུད་ཅིག་ཡིན་ཚུལ།
དུས་རབས་བཅུ་གཅིག་པ་ནས་བཟུང་བོད་རང་ས་ནས་སྐུ་འཁྲུངས་པའི་གྲུབ་བརྙེས་ཀྱི་སྐྱེས་བུ་དུ་མས་དཔལ་ནཱ་ལེནྜ་པ་ནས་རིམ་བརྒྱུད་བྱས་པའི་ཆོས་བརྒྱུད་དྲི་མ་མེད་པ་འདི་ཉིད་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་བྱས་ནས་འོང་བ་ཞིག་ཡིན་པ་ལོ་རྒྱུས་དང་ཆོས་འབྱུང་ཁག་ཏུ་གསལ་བོར་འཁོད་ཡོད་ཕྱིར་འབྲི་བའི་དགོས་པ་མ་མཐོང་། ཡིན་ནའང་བར་ལམ་ཆབ་སྲིད་ཀྱི་འགྱུར་ལྡོག་དབང་གིས་ཇོ་ནང་བར་ཉམ་ཉེས་ཆེན་པོ་བྱུང་ཡོད། མདོ་སྨད་ཕྱོགས་ནས་ཇོ་ནང་བའི་ཆོས་བརྒྱུད་འདི་ཉིད་བསྐྱར་དར་གྱིས་ད་ཆར་བོད་གཞིས་ཀྱི་དམར་བོའི་ཁྲིམས་འོག་ཏུ་བོད་སྤྱི་དང་ཆོས་བརྒྱུད་སྤྱི་མཚུངས་ལྟར་མཉམ་སྐྱོད་བྱེད་ཀྱིན་ཡོད། འོན་ཏེ་བཙན་བྱོལ་ནང་རྐྱེན་དུ་མ་ཞིག་གིས་ཇོ་ནང་བ་ཆོས་བརྒྱུད་ཀྱི་གྲལ་དུ་མིང་ཙམ་ཡང་བཞག་མེད་པས་གཞིས་བྱེས་གཉིས་ཀྱི་ཇོ་ནང་བ་རྣམ་པས་ཆོས་བརྒྱུད་སྤྱི་མཚུངས་ཀྱི་མཚན་ཐོབ་ཅིག་གནང་བར་སྙན་ཞུ་བརྒྱ་ཕྲག་གཉིས་ལྷག་ལོ་ངོ་བཅོ་བརྒྱད་ཙམ་གྱིས་རིང་བཙན་བྱོལ་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལྷན་ཁང་ཁག་ལ་ཕུལ་ནས་རེ་ཞུ་བྱ་དགོས་བྱུང་།
༧སྤྱི་ནོར་༧གོང་ས་སྐྱབས་མགོན་༧རྒྱལ་བའི་དབང་བོ་མཆོག་གིས། “དུས་ནས་དུས་སུ་བསྟན་པ་དང་འགྲོ་བའི་གཞན་དོན་རྒྱ་ཆེར་སྤེལ་བའི་ཐོག་ནས་ས་དགེ་བཀའ་རྙིང་ཇོ་ནང་ལ་སོགས་ཀྱི་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ལ་སོགས་པ་དེ་ཚོའི་གྲས་དེ་བྱུང་གི་ཡོད་པ་རེད།” ཅེས་དང་། “ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པ་ཚང་མ་དངོས་གནས་རང་དཔལ་ནཱ་ལེནྜའི་ཆོས་བརྒྱུད་འཛིན་མཁན་གཅིག་གྱུར་ཡིན་པ་གསལ་བོ་རེད།” ཅེས་སོགས་དཔལ་ནཱ་ལེནྜ་ནས་བརྒྱུད་པའི་ཆོས་རྒྱུན་དྲི་མ་མེད་པ་ཞིག་ཡིན་པར་ངོས་འཛིན་གནང་བཞིན་ཡོད་པ་དང་།
ཡང་ཁོང་གིས། “རྩ་བའི་ཇོ་ནང་སྐོར་ངོས་ཀྱིས་ནམ་རྒྱུན་བཀའ་ཆོས་སྐབས་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་གི་ཉམས་ལེན་ལ་ཐུག་སྐབས་དེའི་བསྟན་པ་ད་བར་ཇོ་ནང་གིས་འཛིན་ཏེ་བསྡད་ཡོད་པས། བཀའ་དྲིན་རྗེས་སུ་དྲན་དགོས་པ་རེད།” ཅེས་དུས་འཁོར་ལུགས་ཀྱི་ཇོ་ནང་བའི་སྦྱོར་དྲུག་གི་ཉམས་ལེན་དེ་ནི་ཆོས་བརྒྱུད་གཞན་ལ་མེད་ཅིང་ཁྱད་དུ་འཕགས་པ་ཞིག་ཡིན་པར་ཡང་ནས་ཡང་དུ་གསུང་བཞིན་པ་དང་། མ་ཟད་ཆོས་ལུགས་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྟེང་དུ་༧གོང་ས་མཆོག་དབུར་བཞུགས་ཀྱིས་དཔལ་ས་སྐྱ་གོང་མ་རིན་པོ་ཆེ་སོགས་ཆོས་བརྒྱུད་ཁག་གི་བླ་ཆེན་ཆེ་ཁག་ཐམས་ཅད་མཉམ་འཛོམས་ཀྱིས། “རྒྱལ་བ་ཇོ་ནང་བ་ནི། ལྟ་གྲུབ་དང་ཆོས་བརྒྱུད་ཀྱི་ཆ་ནས་རང་རྐང་ཚུགས་པ་ཞིག་ཡིན་པར་ཆོས་ཚོགས་འདིའི་ཐོག་ནས་ངོས་འཛིན་བྱུང་བར་བརྟེན། ཞིབ་འཇུག་ཚོགས་ཆུང་དགོས་གལ་མ་མཆིས།” ཞེས་སོགས་ཆོས་བརྒྱུད་ཡང་དག་ཅིག་ཡིན་པ་ཡོངས་ཁྱབ་གསལ་བསྒྲགས་གནང་ཟིན་པ་རེད། དེ་དག་ལ་ཞིབ་ཏུ་སོམས་དང་ཆོས་བརྒྱུད་ཡང་དག་ཅིག་ཡིན་མིན་ལ་ངེས་པ་གཏིང་ནས་མི་རྙེད་དམ།
༢༽ བཙན་བྱོལ་ཁྲོད་ཇོ་ནང་བར་ཐོབ་ཐང་མེད་ཚུལ།
ལ་ཤས་ཀྱིས་ཇོ་ནང་བར་བཙན་བྱོལ་ཁྲོད་འདྲ་མཉམ་གྱི་ཐོབ་ཐང་ཡོད་ནའང་ཇོ་ནང་བ་རྣམས་སྤྱི་འཐུས་ཀྱི་རྐུབ་སྟེགས་ཙམ་ལ་ཞེན་ནས་ཐོབ་མི་འོས་པ་ཞིག་ལ་འཐམ་ནས་ཨུ་ཚུགས་བྱེད་ཀྱིན་འདུག་སྙམ་ཡོད། བསམ་ཚུལ་དེ་ནི་ཕྱོགས་ཡོངས་མ་མཐོང་བའི་སེམས་ཁམས་འཁྱོགས་པོ་ཞིག་ལས་བྱུང་བ་གོར་མ་ཆག་སྟེ། བཙན་བྱོལ་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཚང་མའི་སློབ་གཞིར་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་ཀྱི་ཆོས་འབྱུང་དང་ལྟ་གྲུབ་སྐོར་རགས་ཙམ་རེ་བདམས་ཡོད་ནའང་ཇོ་ནང་བའི་མིང་ཙམ་ཡང་མཐོང་ཡུལ་དུ་མི་སྣང་། དེའི་ཕྱིར་བཙན་བྱོལ་སྤྱི་ཚོགས་ཁྲོད་ཇོ་ནང་བ་ཞེས་པ་མི་ཞིག་གི་མིང་ངམ། ཡང་ན་དགོན་པ་ག་གེ་མོ་ཞིག་ཨེ་ཡིན་ནམ་སྙམ་པ་ཙམ་རེ་ཡོད་ན་མ་གཏོགས་མིང་ཙམ་ཡང་ཤེས་མཁན་དཀོན་པའི་སྐབས་སུ། མིག་སྐྲང་སྟེང་ཁུ་ཚུར་ཞེས་པའི་དཔེ་ལྟར་བཀའ་ཟུར་ཟམ་གདོང་བླ་མས་ཁེ་ཕན་ཉི་ཚེ་བ་ཞིག་གི་ཆེད་དུ། ༧གོང་ས་བླ་མའི་བཀའ་དང་དངོས་ཡོད་གནས་ལུགས་དག་ཅི་མི་སྙམ་པར་རྡོག་བརྫིས་བྱས་ཤིང་ཇོ་ནང་བ་ནང་བསྟན་པའི་གྲལ་ནས་ཕུད་པར་བརྩོན་ཡོད་དེ།
ཁོང་གིས། “ཇོ་ནང་བའི་ཡུ་མོ་མི་བསྐྱོད་རྡོ་རྗེས་བདེ་གཤེགས་སྙིང་པོའི་མདོར་བརྟེན་ནས་ལྟ་བ་གསར་བ་ཞིག་བརྩམས་ཡོད་པ་རེད། དེ་ལ་རྒྱ་གར་མཁས་པའི་ཁུངས་ཕལ་ཆེར་འདི་ལ་ཐུག་གི་རེད་ཟེར་བ་ཞིག་ཡོད་མ་རེད་བསམ་གི་འདུག” ཅེས་དང་། ཕལ་ཆེར་རྒྱ་གར་གཞུང་དང་ནང་པའི་གཞུང་ལུགས་མང་པོ་ཞིག་དང་བསྟུན་པ་ཡིན་ན་ཏག་ཏག་སྡོད་ཐུབ་པ་དེ་ཁག་པོ་རེད།” ལྷག་པར་དུ་ནང་བའི་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞིའི་ནང་ལ་སྡོད་ཐུབ་ཡ་ཁག་པོ་ཡོད་རེད་བསམ་གི་འདུག” ཅེས་སོགས་གསུངས་རྐྱེན་ལོ་རྒྱུས་མི་ཤེས་ཤིང་བླ་མའི་བཀའ་དགོངས་མི་གཏོགས་མཁན་ཁག་ཅིག་རི་བོང་ཅལ་འདྲོག་བྱས་ཤིང་ཇོ་ནང་བ་ནང་བསྟན་པ་ཡིན་མིན་ལ་དོགས་པ་ཟ་ཁུལ་བྱས་པ་སོགས་ནི་ཟམ་གདོང་བླ་མའི་སྐུ་དྲིན་ལགས་ནའང་རེ་ཞིག་སྐབས་སུ་མ་བབ་པས་བསྐྱུར། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྒྲིག་གཞི་དང་སློབ་ཚན་སོགས་སུ་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་ལྔ་ཞེས་པ་ལས་ཇོ་ནང་གི་མིང་ཙམ་མེད་ཕྱིར་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཇོ་ནང་བའི་ཆོས་ཚོགས་དང་རྒྱ་བལ་གྱི་དགོན་པ་སོགས་སུ་གྲྭ་རྒྱུན་ཙམ་ཞིག་བསྡུ་བ་ལའང་བར་ཆད་ཆེན་པོ་བྱུང་དང་འབྱུང་གིན་ཡོད།
གཞན་བཙན་བྱོལ་ནང་ཆོས་བརྒྱུད་རིས་མེད་ཅེས་པའི་མིང་བྱང་འོག་ཆོས་ལུགས་ཀྱི་ཚོགས་ཆེན་རབས་དང་རིམ་པ་བསྡུས་ནས་རང་རང་གི་ལྟ་གྲུབ་སོགས་ལ་དཔྱད་གླེང་བྱ་བ་སོགས་ཀྱི་སྐབས་སུ་ཇོ་ནང་བར་གཞན་དག་དང་འདྲ་བར་ལྟ་གྲུབ་ཐུན་མོང་མ་ཡིན་པ་ཞིག་ཡོད་མོད་ཀྱང་། འདྲ་མཉམ་གྱི་གདན་ཐོབ་ལྟ་ཅི། ཐ་ན་ཚིག་གཅིག་བཤད་པའི་དབང་ཆའང་མེད་པ་རེད། དེ་ལ་གཞིགས་དང་འདྲ་མཉམ་གྱི་ཐོབ་ཐང་འདུག་གམ།
༣༽ ཞུ་འབོད་ཀྱི་འབྱུང་རྐྱེན་དང་ཁྲིམས་མཐུན་ཡིན་མིན།
གྲོས་ཚོགས་སུ་ས་སྐྱའི་སྤྱི་འཐུས་ཚེ་རིང་བོ་ལགས་ཀྱིས་རྒྱུ་མཚན་ཉི་ཚེ་བ་གསུམ་གྱིས་ཐོག་ནས་ཇོ་ནང་བར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་སྤྲད་པར་དགག་བྱ་གནང་བར་བརྟེན་༼དོན་ཚན་གསུམ་པོར་སྔོན་མར་ལན་ཐུང་ངུ་ཞིག་བྲིས་ཟིན།༽མང་གཙོ་ཞེས་པའི་ཐོག་ནས་ཇོ་ནང་བར་ཕམ་ཁ་རག་ཚུལ་བསྙད། དོན་དངོས་སུ་འཐུས་མི་དེ་ཚོས་ཡེ་ནས་དམངས་གཙོ་བྱས་མེད་དེ། དམངས་གཙོའི་གོ་དོན་རགས་པ་ནི། “མི་མང་ངམ་དམངས་ཀྱིས་སྤྱི་ཚོགས་ཁ་ལོ་སྒྱུར་བའམ་མང་ཚོགས་ཀྱིས་སྤྱི་ཚོགས་སྟངས་འཛིན་བྱེད་པ་ལ་ཟེར།” ཞེས་འཁོད་ཡོད། དེ་ལ་བསམ་ན་དམངས་གཙོའི་ཉིང་དོན་ནི་མི་མང་ངམ་མང་ཚོགས་ཀྱི་དགོས་འདུན་སྒྲུབ་བྱེད་ཅིག་ཡིན་པ་སྨོས་མེད་རེད།
དེར་བརྟེན། འུ་ཚོའི་གྲོས་ཚོགས་ར་བར་བཞུགས་པའི་འཐུས་མི་ཚོས་དམངས་ཀྱི་དགོས་འདུན་ལ་སྤྱན་ཟུར་ཙམ་ཡང་གཡར་མེད་པས་དམངས་གཙོར་ག་ལ་འགྱུར། དེ་ན་ཅིའི་ཕྱིར་ཇོ་ནང་བ་གྲོས་ཚོགས་ར་བ་ནས་ཕམ་པ་ཡིན་ནམ། འུ་ཅག་གི་གཞུང་འདི་དམངས་གཙོ་ཡང་དག་ཅིག་གི་ལམ་བུར་སྐྱོད་ཀྱིན་པ་མིན་ནམ་སྙམ་ན། དེ་ནི་འཐུས་མི་དག་གི་དམངས་གཙོའི་བསམ་བློ་མ་སྨིན་པ་དང་ཕྱོགས་ཞེན་གྱི་དབང་དུ་སོང་བ་ཙམ་ལས་གཞུང་འདི་དམངས་གཙོ་མིན་པར་མི་འགྱུར།
གཞན་བོད་སྤྱིའི་མགྲིན་ཚབ་པར་གྱུར་བའི་འཐུས་མི་དག་གིས་ང་ཚོ་ཇོ་ནང་བ་ལ་གཞི་རྩའི་འགྲོ་མིའི་ཐོབ་ཐང་ཙམ་ཡང་སྤྲད་མེད་དེ། མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་ནང་། “བོད་ཀྱི་ཡུལ་མི་ཚང་མ་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན། ཕོ་མོ་དང༌། རིགས་རུས། སྐད་ཡིག ཆོས་ལུགས། སེར་སྐྱ། ཤ་མདོག གནས་སྟངས་གཞན་དག་གང་ཅིའི་ཐོག་དབྱེ་འབྱེད་མེད་པར་ཐོབ་ཐང་ཁག་ལ་ལོངས་སུ་སྤྱོད་ཆོག་པ་ཡིན།” ཞེས་གསལ་བོར་འཁོད་ཡོད། ཡིན་ནའང་གྲོས་ཚོགས་ནང་བགྲོ་གླེང་ཙམ་ཡང་མེད་པར་ཐག་གཅོད་བྱས་སོང་བ་ནི་ཇི་འདྲའི་བློ་ཡུལ་ལས་འདས་པ་ཞིག་མ་ཡིན་ནམ། མི་མང་ཉིས་འབུམ་མ་ཟིན་ཙམ་གྱི་རེ་འདུན་ཟབ་མོ་གཟར་བོའི་གཡང་ལ་བསྐྱུར་བ་རེད།
གྲོས་ར་ནས་དམངས་ཀྱི་དགོས་འདུན་ལ་ཅི་གང་མི་སྙམ་པར་འཐེན་འཁྱེར་གྱི་ཕྱོགས་ཞེན་བྱས་སོང་བ་ནི་ཁྲིམས་དང་མཐུན་ནམ། ༧གོང་ས་མཆོག་གི་སྐུ་པར་མཐོང་བ་དོན་ལྡན་གྱི་མདུན་ནས་འཐུས་མི་རེ་རེ་བཞིན་བོད་སྤྱིའི་བསྟན་པ་ཆབ་སྲིད་ཆེད་དུ་ཞབས་ཞུ་ཡང་དག་བྱ་བའི་དམ་འབུལ་བྱས་སོང་བས་བླ་མའི་བཀའ་དང་མི་ཆོས་བཟང་སྤྱོད་དང་ཡོངས་འགལ་བྱས་སོང་ཕྱིར་གནས་ལུགས་དང་མཐུན་ནམ། རུལ་བཞིན་པའི་གྲོས་ཚོགས་ར་བར་ཇོ་ནང་བ་འགས་དམངས་ཀྱི་ཚབ་ཏུ་ཞི་འབོད་ཐེངས་ཤིག་གམ་བདེན་ལུགས་ཐེངས་ཤིག་སྤེལ་བ་དེ་ནི་དམངས་གཙོའི་སྙིང་སྟོབས་རུས་གསེང་ནས་སྨིན་བཞིན་པའི་རྟགས་མཚན་ཞིག་ཡིན་པ་མ་ཟད། དབུ་མའི་ལམ་དང་མཐུན་པ། འཚེ་མེད་ཞི་བའི་སྤྱོད་པ་སོགས་དང་ཟུར་ཙམ་ཡང་མ་འགལ་བའི་རྐྱེན་གྱིས་དེ་ནི་ཁྲིམས་དང་ཕྱོགས་ཐམས་ཅད་ནས་མཐུན་པ་ཞིག་ཅི་ལ་མིན།
༤༽ ཞི་འབོད་ཀྱི་དགོས་དོན།
སྤྱིར་དམངས་གཙོ་ཞེས་པ་གོང་ནས་མར་གསོལ་རས་སུ་བསྩལ་རྒྱུ་ཞིག་མ་ཡིན་པར་དམངས་ཀྱི་རྟོགས་པ་སད་དེ་རྩོད་ལེན་བྱས་ནས་ཐོབ་རྒྱུ་ཞིག་ཡིན་པ་འདྲ། འོན་ཏེ། ༧གོང་ས་མཆོག་གིས་ཉམ་ངན་ཉག་ཕྲའི་བོད་ཀྱི་གནས་སྟངས་ལ་དགོངས་ནས་དམངས་ལ་མར་གསོལ་རས་སུ་བསྩལ་ནས་ལོ་ངོ་ལྔ་བཅུ་ལྷག་ཙམ་གྱི་རིང་ལ་གོ་རྟོགས་སད་རྒྱུར་སྒུག་ཡོད་མོད། གཡོན་ཐལ་བ་འགས་དེ་ཉིད་ལག་ཆར་སྤྱད་ནས་རང་གི་དམིགས་འདུན་འགྲུབ་པར་བྲེལ་གྱིན་ཡོད། དེ་འདྲའི་རུལ་སུངས་ཀྱི་གྲོས་ར་གོར་མོ་འདིས་དྲང་བདེན་དང་གནས་ལུགས་ལྟ་ཅི། བོད་སྤྱིའི་ད་ལྟའི་གནས་བབ་ཙམ་ལའང་ཐུགས་གཞིག་མི་བཏང་བར་སྤྱི་རྡོག་པོ་ཞིག་ཁ་ལ་ཁྱེར་ནས་རང་གི་རིག་གཞུང་གཏོར་བཤིག་བྱེད་ཀྱིན་ཡོད། མི་རིགས་ཀྱི་མཐུན་སྒྲིལ་རྩ་གཏོར་གཏོང་གིན་ཡོད། དེའི་ཕྱིར་ཇོ་ནང་བའི་ཞི་འབོད་འདིས་རུལ་བཞིན་པ་མིག་ལ་སྟོན་གྱིན་ཡོད། གཡོན་ཐལ་བ་ཕྱི་རུ་ཕུད་ཀྱིན་ཡོད།
ཐེངས་འདིར་ཇོ་ནང་བར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་སྤྲད་མིན་གྱི་གྲོས་འཆར་དེས་འཐུས་མི་རེ་རེ་ལ་མཐོ་རྒྱུགས་ཐེངས་ཤིག་བྱས་སོང་མོད། བརྡ་ལན་འདིས་བོད་སྤྱི་ལ་ངོ་ཚ་བཟོས་སོང་། བདེན་པའི་སྨྲ་ལྕེ་ལྐུགས་པར་བསྒྱུར་སོང་། རུལ་སུངས་དང་ཁ་བྲལ་ཞེས་འབོད་པའི་ཁོ་བ་ཚང་ལ་ཇི་ལྟར་ཁུངས་སྐྱེལ་བྱ། ངོ་མ་བློ་ཕམ་སོང་། ཁ་ཅིག་གིས། ཇོ་ནང་བས་སྤྱི་འཐུས་ཀྱི་རྐུབ་སྟེགས་རྩོད་ཀྱིན་ཡོད་དེ། གྲོས་འཆར་དེར། “རྙིང་མ་དང་། བཀའ་བརྒྱད། ས་སྐྱ། དགེ་ལུགས། བོན་པོ། ཇོ་ནང་བཅས་ལས་སྤྱི་འཐུས་གཉིས་རེ།” ཞེས་སྤྱི་འཐུས་གཉིས་ཀྱི་ས་མིག་དེར་རྒྱལ་ཁ་མ་ཐོབ་པ་ཙམ་ལ་དགོངས་འདུག་མོད། དེ་ལྟ་མ་ཡིན་པར། བཅའ་ཁྲིམས་བསྐྱར་བཅོས་མ་བྱས་བར་དུ་ཇོ་ནང་བར་སྤྱི་མཚུངས་ཀྱི་ཐོབ་ཐང་ཤིག་སྤྲད་དུ་མེད་པའི་འགྲོ་སྟངས་ཙམ་ཡང་མཁྱེན་མེད་ཚོད། སྤྱི་འཐུས་ནི་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་ལས་ཐོབ་ཐང་བྱེ་བྲག་པ་ཞིག་རེད་ལ། ང་ཚོ་སྟེ་སྲིད་ལ་ཐེ་གཏོགས་བྱས་མ་མྱོང་བའི་ལྷད་མེད་དྭངས་གཙང་གི་ཇོ་ནང་བའི་ཆོས་བརྒྱུད་འདིར་མཚོན་ན་དགོས་མཁོ་མེད་པའི་ཐོབ་ཐང་ལྷག་མ་ཞིག་ཀྱང་རེད། སྲིད་དོན་པའི་སྡིངས་ཆར་ཆོས་ལུགས་པར་ཞབས་སྟེགས་འཛུགས་པ་ནི་ནད་རྙིང་བསྐྱར་གསོ་བྱེད་ཐབས་ཤིག་ཡིན་ན་ལས་དགོས་གལ་མེད་པ་ཞིག་ཏུ་ཁོ་བོས་འདོད།
༥༽ ཞི་འབོད་ཕྱིར་འཐེན་བྱ་དོན།
ང་ཚོ་སེར་སྐྱ་བརྒྱ་ལ་ཉེ་བས་དགོས་འདུན་དོན་ཚན་བཞི་བཏོན་ནས་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་མདུན་དུ་མཉམ་འཛོམས་བྱས་ཤིང་། “བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག”སོགས་འཕྲེད་དར་འགའ་མདུན་ལ་བཤམས་ནས་ཞལ་འདོན་སྐྱོར་བཞིན་ཞུ་འབོད་བྱས། གྲོས་ཚོགས་ནས་བརྡ་ལན་ཡང་དག་ཅིག་མ་སྤྲད་ནའང་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་པོ་མཉམ་ཕེབས་ཀྱིས་གསལ་བཤད་དམ་བཀོད་རྒྱ་ཐུང་ཙམ་བྱས་རྗེས་ཞུ་འབོད་མཚམས་འཇོག་བྱ་རྒྱུའི་རེ་འདུན་བཏོན་བྱུང་། སྐབས་དེར་ང་ཚོ་ཇོ་ནང་བའི་ཚུལ་ལྡན་མི་སེར་གྱིས་ཚོགས་གཙོ་གཞོན་གཉིས་པོ་བོད་མི་སྤྱིའི་མགྲིན་ཚབ་པར་བརྩིས་ཤིང་རེ་སྐུལ་དེ་རྡོག་རོལ་གཏོང་བར་བློ་ཡིས་མ་བཟོད་པར་ཡང་བསྐྱར་གཉོམ་དུང་དུང་གིས་མིག་ཟུང་རྡོག་རྩེར་གཏད་ནས་ཤུགས་རིང་འཐེན་བཞིན་ཕྱིར་བསྡུ་བྱས། དེ་ནི་ཁ་དཔེར། ཤ་བོར་མདའ་དགུ་བརྒྱབས་ཀྱང་གསོན་ལ་རེ་བཞག་ཅེས་པ་ལྟར་རོ།།
གང་ལྟར་ཡང་རུལ་བཞིན་པའི་གྲོས་རར་ཁེངས་ར་བྱེད་ཀྱིན། བློ་ཕམ་ཀྱང་རང་སེམས་རང་གིས་གསོས་ཏེ་བསྡད་ནས་ཡོད། གསལ་བོར་བཤད་འདོད་པ་ཞིག་ལ། འགའ་རེས། བོད་སྤྱིར་རང་དབང་དང་ཐོབ་ཐང་མེད་སར་ཁྱེད་ཚོ་ཇོ་ནང་བས་ཉོག་དཀྲུག་གི་མ་འདུག་དང་། ངོ་རྒོལ་བྱ་ཡུལ་བོད་གཞུང་མ་རེད་ངར་ན་ཁོ་བ་ཚང་རེད་ཅེས་བཤད་མཁན་བྱུང་། ང་ཚོ་གཞུང་དང་སྒེར་སུ་ཞིག་ཡིན་ནའང་རྩོད་བཞིན་པ་ནི་སྐྱེས་བུ་སྒེར་གྱི་ཐོབ་ཐང་དང་རང་དབང་། འདྲ་མཉམ་སོགས་ཡིན་དགོས་པ་མ་གཏོགས་སྤྱི་བམ་པོ་ཞིག་གི་ཆེད་དུ་མིན་པའང་ཤེས་དགོས་ཚོད། མ་གཞི་དྲང་བདེན་མ་ཡིན་པའི་བཅའ་ཁྲིམས་སོགས་ལ་དམིགས་ཏེ། ཤེས་བཞིན་དུ་མི་བརྩི་བ་དང་། མི་སྲུང་བ་སོགས་གང་ལ་གནས་ན་སྤྱི་དམངས་ཀྱིས་དེ་རུ་མི་རྟོན་པའི་ལས་འགུལ་སྤེལ་ཆོག་ཅེས་གསུངས་པ་ལྟར་དྲང་བདེན་དང་གནས་ལུགས་མི་བརྩི་ན་དེ་ལ་ལས་འགུལ་སྤེལ་འོས་པ་ནི་དམངས་གཙོ་ཡིན་པའི་དགོས་པའང་རེད་འདོད་བྱུང་།
མཇུག་བསྡུ་བ།
“རང་དབང་ནི་ཐོབ་འོས་པ་དག་བྱེད་བཏུབས་པའི་ཐོབ་ཐང་ཞིག་ལས། གང་བྱུང་བྱེད་ཆོག་པའི་དབང་ཆ་ཞིག་ལར་ནས་མིན་”པ་ཤེས་རྒྱུ་གལ་ཆེའོ།།
ཇོ་ནང་རྒྱལ་ལོ།། བོད་རྒྱལ་ལོ།། མི་རིགས་རྒྱལ་ལོ།། མིའི་རིགས་རྒྱལ་ལོ།། དྲང་བདེན་རྒྱལ་ལོ།།
བོད་རྒྱལ་ལོ་ ༢༡༤༢ ཟླ་ ༢ ཚེས་ ༡༢
བོད་རང་བཙན་རྩོད་ས་མེད་ཡུལ་ཞིག་ནས་གྲུབ་མཐའ་བྱེ་བྲག་པ་ཞིག་རྩོད་ས་ལྷག་ཡོག་མ་རེད། འདིའང་ཡེ་ཤེས་དབྱིངས་དཔྱད་གཞན་ཞིག་རེད། གལ་སྲིད་སྐད་རྒྱག་ན་སྐུ་སྒེར་ཡིག་ཚང་གི་མདུན་སྒོར་འགྲོ་དགོས་པ་རེད། ད་མཁྱེན་སོང་ངམ།
བོད་ཀྱི་གནད་དོན་ནི་༸སྐུ་སྒེར་གྱི་མིན་ཞེས་ཐེངས་དུ་འགྲེལ་དགོས། གུང་ཁྲན་རྗེས་འབྲངས་བ་མིན་ན། བོད་མིའི་བདེ་སྡུག་ཡོངས་རྫོགས་༸སྐུ་སྒེར་དང་འབྲེལ་བ་ཡོད་ལུགས་བཤད་པ་དེ། ནང་ཆོས་ཀྱི་དྲི་ཙམ་ཡང་མི་བྲོ་བའི་འཇིག་རྟེན་བྱེད་པོ་འདོད་པའི་བརྗོད་སྟངས་ཤིག་ཏུ་ཁུམས་སྟེ། བོད་དང་བོད་མིའི་གནད་དོན་མཐའ་དག་༸གོང་ས་མཆོག་གི་དབུ་ཐོག་ཏུ་ཕངས་པའི་ཕྱིར། མ་གཞི་གུང་ཁྲན་གྱིས་བོད་ཀྱི་དོན་ཟེར་བ་མེད། ཏཱ་ལའི་བླ་མ་༸སྐུ་སྒེར་གྱི་གནད་དོན་ཡིན་ཞེས་རྒྱུན་དུ་ཅ་ཅོ་སྒྲོག་བཞིན་པ། བོད་མི་དྲིན་མ་ཤེས་པ་འགས་རྒྱབ་རྟེན་དུ་བྱས་ནས། ཁུངས་མེད་ཀུ་ཅོ་འདེབས་བཞིན་པ་དེ་དག་སྙིང་མ་རྗེ། ལུས་བོད་དུ་སྐྱེས། གྲོད་པ་༸གོང་ས་མཆོག་ལ་གཏད། བློ་སྙིང་གུང་ཁྲན་ལ་བཅོལ། དེ་རིགས་ཀྱིས་རང་གི་བུ་རབས་ཚ་རྒྱུད་ལ་ཇི་ལྟར་ངོ་སྟོན།
ཆོས་པ་ཚོ། ཆོས་དང་འབྲེལ་བའི་ལུང་རྟོགས་ཀྱི་གོ་ས་འཐོབ་ཐབས་ལ་འབད་བརྩོན་མ་བྱས་པར། འཇིག་རྟེན་ཕལ་པའི་བྱ་གཞག་ནང་ཚུད་ཐབས་བྱེད་པ་ནི་ཡ་མཚན་རེད། སྙིགས་མ་སྔ་དུས་ཟེར་ན་ངོ་མ་འདི་འདྲ་ཞིག་ལ་ཟེར་གྱི་ཡོད་པ་རེད་འདུག འདི་ལྟ་བུ་འཐོབ་ཐབས་རྩོད་ན་འཇོན་པོའི་གྲས་སུ་ཚུད་ཀྱི་ཡོད་པ་དང་། རྗེས་སུ་ཐོབ་ཐང་གཞན་ལའང་ངོ་ཚ་སྤངས་ནས་སྤོབས་པ་ཆེན་པོས་འཛམ་གླིང་རྒྱལ་སྤྱིའི་ནང་དུ་ཞུ་གཏུག་བྱེད་ཉེན་འདུག མ་བྱེད་དགུ་བྱེད་ཆོས་པ་ལས་ངན་དེ་ཚོས་བྱེད་ཀྱི་འདུག ཧ་ལས་པའི་བློ་ཕམ་ཡོད།
ཨོ་རྡོ་ལགས། སྙིགས་མ་སྔ་དུས་མ་རེད་ལྔ་བདོ་ཟེར། ཆོས་ཚིག་མ་ཤེས་ན་ཨུ་ཚུགས་མ་ཚད། ཆོས་པས་འཇིག་རྟེན་ཕལ་བར་རྩོད་ཟེར་བ་གང་ལ་གོ་དགོས་སམ། བོད་དོན་ཡིན་ཟེར་ན་ཁྱེད་ཀྱིས་ནོར་སོང་། བདག་ལ་མཚོན་ན། བོད་དོན་ནི་ཕན་བདེའི་འབྱུང་གནས་མཉམ་མེད་བུ་རམས་ཤིང་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེའི་དོན་ཡིན།
ཁུ་བྱུག་ལགས། ཐུགས་རྗེ་ཆེ། ཡིན་ནའང་ཕན་བདེའི་འབྱུང་གནས་ཕར་བཞག་གྲོས་ཚོགས་ཆུང་ཆུང་དེའི་ནང་ལ་ཟིང་ཆ་ག་འདྲ་བཟོས་སོང་། ཧ་ཧ།
དུས་རྒྱུན་ཆོལ་ཁའི་ཕྱོགས་རིས་གི་བཟི་བསྡད་པའི་མི་ངན་ཚོར་ངོ་རྒོལ་ཡོད།
རྩོམ་ཡིག་ཆ་ཚང་ཞིབ་མོར་ཀློག་པའི་དུས་ཚོད་མེད། སྦམ་ཀློག་ཙམ་བྱས་ཡིན། དེར་ཡང་ཇོ་ནང་ལ་ཆོས་རྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་མ་རེག་པའི་འུ་ཐུག་ཐབས་ཟད་ཀྱི་དཀའ་ངལ་ཞིག་བཤད་འདུག ངའི་བསམ་བློར་ཇོ་ནང་གི་དཀའ་ངལ་དྲ་ངོས་སུ་སྤུངས་ཏེ་ཐག་ཆོད་པ་ཞིག་གཏན་ནས་མ་རེད། ད་དུང་སྤྱི་འཐུས་འགར་མི་དགའ་བའི་རྣམ་འགྱུར་སྟོན་པ་དང་ཁོང་ཚོའི་པར་རིས་དྲ་ཐོག་ཏུ་བཤམ་སྟེ་གནས་ལུགས་ཡོད་མེད་ཀྱི་མཚང་འབྲུ་སྣ་ཚོགས་བྱས་པས་ཀྱང་ཕན་གི་མ་རེད། དོན་ལ་བཙན་བྱོལ་བོད་གཞུང་ཟེར་བ་ཕྱིའི་རྣམ་པ་ནས་དམངས་གཙོའི་གཞུང་ཞིག་ཡིན་ཁུལ་ཡིན་ཡང་ནང་དོན་གྱི་ཆ་ནས་མི་ཆེན་དབང་ཆེན་ཁག་ཅིག་གིས་མགོ་མནན་བསྡད་ཡོད་པ་ཤེས་ཤེས་པ་རེད། དེས་ན་ཁོང་ཚོའི་རྣ་ལྟག་ཏུ་རླུང་བུ་དྲག་ཙམ་གཡུག་རྒྱུའི་ཐབས་ཤེས་ཐོངས། ཇོ་ནང་ཚོ། ཤེས་སོང་བ།
ཇོ་ནང་ལ་ཇོ་ཆོས་ལས། ཁ་བདེ་པོ། ཁོག་ནག་པོ་ཅན། ཆོས་ཀྱང་མི་ཤེེས། སྲིད་ནི་དེ་བས་མི་ཤེས་བའི་གྲྭ་སྨྱོན་ཞིག་གིས། བོད་མི་མང་ཞིག་ཕར་ལ་བཞག། མཐའ་ན། ཇོ་ནང་རྡོག་པུ་འགའ་བོར་ཡང་ཕན་པོ་བྱེད་ནི་ཞིག་ཡོང་མི་སྲིད་པ་རེད། ད་གཡུགས་བཞག་ན་ཡག་ཤོས་རེད།
ཇོ་ནང་ཚང་གིས་བོད་སྤྱི་ཕན་ལ་ཡོད་ནིའི་ཆབ་སྲིད་ཀྱི་ལྟ་གྲུབ་ཅི་ཞིག་གྲོས་ཚོགས་ར་བར་ཁུར་ཡོང་འདོད་ཡིན་ནམ། ཆོས་ལུགས་ཀྱི་འཐེན་འཁྱེར་ཙམ་ཡིན་ན། ད་མང་སོང་། ཁྱེད་རང་ཚོས་ཨུ་ཚུགས་མ་བྱས་ན་ཡོང་པ་ཨ།
ཞིབ་ཀློག་བྱས་ཏེ་སྐད་ཆ་དྲང་མོ་རེ་བཤད་པའི་རེ་བ་ལས། དོན་མེད་དུ་ཉོག་དཀྲུག་པས་ཕན་པར་མ་མཐོང་ལགས།
ཁྱོད་ཚོ་ཇོ་ནང་པས་ཤེས་དགོས་རྒྱུ། བཙན་བྱོལ་གཞུང་དམངས་གཙོ་ཡིན་པར་མ་སེམས། དེ་ལ་རེ་བ་མ་བྱེད། ད་ལྟའི་སྤྱི་འཐུས་རྣམས་ལ་འགྱུར་བ་ཐེབས་པའམ་མ་ཤི་བར་ཡར་རྒྱས་འགྲོ་བའི་ལམ་ཟད་ནས་ཡོད་པ་ཤེས་པར་མཛོད། ༼ཆོས་ལུགས་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྟེང་དུ་༧གོང་ས་མཆོག་དབུར་བཞུགས་ཀྱིས་དཔལ་ས་སྐྱ་གོང་མ་རིན་པོ་ཆེ་སོགས་ཆོས་བརྒྱུད་ཁག་གི་བླ་ཆེན་ཆེ་ཁག་ཐམས་ཅད་མཉམ་འཛོམས་ཀྱིས། “རྒྱལ་བ་ཇོ་ནང་བ་ནི། ལྟ་གྲུབ་དང་ཆོས་བརྒྱུད་ཀྱི་ཆ་ནས་རང་རྐང་ཚུགས་པ་ཞིག་ཡིན་པར་ཆོས་ཚོགས་འདིའི་ཐོག་ནས་ངོས་འཛིན་བྱུང་བར་བརྟེན། ཞིབ་འཇུག་ཚོགས་ཆུང་དགོས་གལ་མ་མཆིས།༽ཆོས་རྒྱུན་ཡིན་པ་ཆོས་ལུགས་ཚོགས་ཆེན་གྱིས་ཐག་བཅད་པ་ལས་གཞན་མི་དགོས། །ས་དགེ་ལ་ཡིད་ཆད་ནས་ཆོས་རྒྱུན་གཞན་གྱི་ཁུངས་སུ་འགྲོ་བའི་བསམ་བློ་མ་འཁོར། ༧ཐམས་ཅད་མཁྱེན་པ་ལ་ཡིད་ཆེས་ཀྱིས། བོད་མི་རིགས་ལ་བློ་གཏོད། དུས་རབས་ཉི་ཤུ་པའི་ཆོས་ལུགས་ལ་སྲིད་གཞུང་གི་ཐོབ་ཐང་མེད་ཀྱང་རུང་། སྤྱི་ཚོགས་ཀྱི་ངོས་ལེན་ཐོབ་པ་འགྲིག་པ་རེད། གཙོ་བོ་མཐུན་སྒྲིལ་གྱིས། རང་གི་དབུ་ཁྲིད་ལ་བརྩི་བཀུར་གྱིས། གྲོས་ཚོགས་སུ་ཨུ་ཚུགས་མ་བྱེད། ཇོ་ནང་ལྡོག་རྩ་གཅིག་སྒྲིལ་བྱས་ན་དེས་ཆོག ནང་དུ་བཀྲ་ཤིས་ན་ཕྱི་ལ་ལོ་ལེགས་པ་འོངས། །
མི་རྐྱང་སྨྱོན་པས་ཡམབསམ་འཆར་དང་རྒྱུ་མཚན་ཡག་པོ་བྲིས་འདུག་གང་ལྟར་ད་ལམ་གྱི་ཕམ་ཉེས་དེ་མཐར་ཐུག་གི་རྒྱལ་ཁར་བསམ་ནས་ཉམས་མྱོང་དང་རྐྱེན་ངན་གྲོགས་ཤར་གྱིས་རང་ཉིད་ཆོས་ལུགས་ལ་བདག་སྐྱོངས་དང་འཛིན་སྐྱོངས་སྤེལ་གསུམ་གྱིས་རང་ཉིད་ཀྱི་གྲྭ་རྒྱུན་དག་རང་དགོན་དུ་རང་གི་ལྟ་གྲུབ་ལ་སློབ་སྦྱོང་བྱས་ཏེ་སྤྱི་ཚོགས་ལ་རང་གི་ལྟ་གྲུབ་ངོ་སྤྲོད་དང་རང་རྐྱ་འཕེར་བའི་ཆོས་རྒྱུད་གཅིག་གི་ངོ་བོར་གནས་ཐབས་ལ་འབད་བརྩོན་གནང་རྒྱུ་ནི་མཐར་ཐུག་གི་གྲུབ་འབྲས་རེད་བསམ། ངས་ལྟས་ན་རང་ཉིད་ཀྱི་གྲྭ་རྒྱུན་རྣམས་གདན་ས་གཞན་དུ་གཏོང་མི་རིང་དེས་རང་གི་ལྟ་གྲུབ་ལ་བསྲེ་བསླད་ཆེན་པོ་བྱེད་སྲིད་གོ་ཐོས་ལ་ད་ལྟ་ཇོ་ནང་པའི་གྲྭ་རྒྱུན་རྣམས་ཆོས་རྒྱུད་གཞན་དུ་སློབ་སྦྱོང་ལ་འགྲོ་གི་ཡོད་པར་གོ་ཐོས་བྱུང། གང་ལྟར་ངས་ངོས་ནས་རྒྱབ་སྐྱོར་གཙང་མ་ཡོད། ཁྱེད་ཚོའི་རེ་སྨོན་མཐའ་དག་བགེགས་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཡོད། ཇོ་ནང་རྒྱལ་ལོ།
སྤྱི་དམངས་འདྲ་མཉམ་ནི་མི་རིགས་མཐུན་སྒྲིལ་གྱི་རྒྱུ་ཡིན་ལ། མི་རིགས་ཁ་བྲལ་ནི་སྤྱི་དམངས་དབྱེ་འབྱེད་བྱས་པའི་འབྲས་བུ་རེད།