ཨེ་མ་ཧོ།
ན་མོ་གུ་རུ་པདྨ་ཛྙྰ་ན་ཡེ།།
༡
ཀ་དག་སྤྲོས་བྲལ་ཆོས་དབྱིངས་ངང་ཉིད་ལས།།
ལྷུན་གྲུབ་ཡེ་ཤེས་འཇའ་འོད་སྣ་ལྔའི་ཀློང་།།
སྐྱབས་གནས་རྒྱ་མཚོའི་སྤྱི་གཟུགས་བླ་མ་རྗེ།།
པདྨ་རྒྱལ་པོ་འཁོར་འདས་དབང་བསྒྱུར་རྒྱལ།།
༢
ཆོས་སྐུ་ཀུན་བཟང་ལོངས་སྐུ་རྡོ་རྗེ་སེམས།།
སྤྲུལ་སྐུ་དགའ་རབ་རྡོ་རྗེ་ཤྰཀྱའི་རྒྱལ།།
འཇམ་དཔལ་བཤེས་གཉེན་ཤྲྰི་སེངྷ་དང་།།
ཛྙྰ་ན་སུ་ཏྲ་པཎ་ཆེན་བི་མ་ལ།།
༣
པདྨ་འབྱུང་གནས་ཡེ་ཤེས་མཚོ་རྒྱལ་དང།།
སངས་རྒྱས་ཡེ་ཤེས་རོང་ཀློང་རྣམ་པ་གཉིས།།
འཇིགས་གླིང་ཡབ་སྲས་དཔལ་སྤྲུལ་མི་ཕམ་རྗེ།།
ཡོན་ཏན་རྒྱ་མཚོ་ཐུབ་དགའ་ཡབ་སྲས་རྒྱལ།།
༤
འཇིགས་མེད་རྣམ་གཉིས་པདྨ་ཚེ་དབང་མཆོག།།
ཆོས་དབྱིངས་ཁྱབ་གདལ་ཆོས་དབྱིངས་རྡོ་རྗེ་དང།།
འཕྲིན་ལས་དབང་རྒྱལ་རྒྱལ་དབང་ཞི་བདེ་གླིང་།།
དངོས་རྒྱུད་དཔལ་ལྡན་བླ་མ་གསོལ་བ་འདེབས།།
༥
བླ་མ་དགོངས་འདུས་བདེ་གཤེགས་ཀུན་འདུས་དཔལ།།
ཞི་ཁྲོ་རབ་འབྱམས་བཀའ་བརྒྱད་ལྷ་ཚོགས་དང་།།
རྗེ་བཙུན་སྒྲོལ་མ་མཁའ་འགྲོ་རྒྱ་མཚོའི་རིགས།།
ཆོས་སྐྱོང་དམ་ཅན་སྲུང་མར་གསོལ་བ་འདེབས།།
༦
རྣམ་དག་ངེས་འབྱུང་རྣལ་མའི་ཞིང་ས་བརྟན།།
ཡང་དག་བྱང་ཆུབ་སེམས་ཀྱི་མྱུ་གུ་འཁྲུངས།།
དག་རྫོགས་སྨིན་གྲོལ་གསང་ཆེན་འབྲས་བཟང་བརྟས།།
རྫོགས་ཆེན་བཀའ་གཏེར་འགྲོ་དོན་ལྷུན་གྲུབ་ཤོག།
ཅེས་པ་འདི་ཡང་རབ་རྒྱན་ཤིང་ལུག་དབོ་ཟླའི་དཀར་ཕྱོགས་རྒྱལ་བ་གསུམ་པར་དཔལ་ཆེན་རྡོ་རྗེའོ་ཆོས་ཚོགས་ཀྱིས་པད་གླིང་གཏེར་གསར་གྱི་ཞལ་ཐང་མཐོང་གྲོལ་ཆེན་པོ་བཟོ་རྩལ་མཁས་དབང་ཀུན་དགའ་ཆོས་འཕེལ་གྱིས་བཞེངས་འཆར་གསོལ་འདེབས་སུ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེ་འམ་ཨེ་མ་ཧོ་དབྱིན་ཡུལ་ཀུན་བཟང་བདེ་ཆེན་གླིང་ནས་བྲིས་པར་དགེའོ།། །།
དཔལ་གསེར་ལྗོངས་ལི་མདོའི་ཆོས་སྒར་ཆེན་པོར་མངོན་བསྟོད་བཀྲ་ཤིས་རྟགས་བརྒྱད།
ན་མོ་གུ་རུ་དྷརྨྰ་དྷརྟུ་ར་ཛ་ཀྰ་ཡ་ཡེ།།
ཆོས་དབྱིངས་ཀ་དག་ངོ་བོ་ཀུན་ཏུ་བཟང་།།
ཁྱབ་གདལ་ལྷུན་གྲུབ་རང་བཞིན་རྡོ་རྗེ་འཆང་།།
སྣ་ཚོགས་འགྲོ་འདུལ་ཐུགས་རྗེ་པདྨ་འབྱུང་།།
བྱ་བྲལ་མཁན་ཆེན་དམ་པས་དགེ་ལེགས་སྩོལ།།
༡༽
ཆོས་ཉིད་ཁྱབ་གདལ་རིག་པའི་འོད་སྣང་འབུམ།།
ནམ་མཁའ་མཉམ་པའི་རྒྱལ་བསྟན་དབུ་འཕང་ཉིད།།
ཡིད་འོང་མཛེས་པའི་སྒྱུ་འཕྲུལ་མི་ཡུལ་ཀུན།།
ལེགས་བཤད་རྒྱལ་བའི་རྒྱལ་མཚན་རྣམ་པར་རྒྱལ།།
༢༽
མཐའ་ཡས་ཤེས་བྱ་རྒྱ་མཚོའི་མཇིངས་ཟབ་ལས།།
རྣམ་དཔྱོད་གསེར་མིག་འཇའ་རིས་རྒྱས་པའི་དཔལ།།
མྱུར་ཤུགས་རིག་པའི་གསེར་ཤོག་གཏིང་མཐའ་བརྒལ།།
གཟུར་གནས་བློ་ལྡན་གསེར་ཉ་རྣམ་པར་རྒྱལ།།
༣༽
གསེར་ལྗོངས་བསོད་ནམས་གཏེར་གྱི་མངལ་རྒྱ་སྦྲུམ།།
ལུགས་གཉིས་རིན་ཆེན་ནོར་བུའི་བང་མཛོད་གཏམས།།
འཇིག་རྟེན་སྣོད་བཅུད་རྒུད་ཚོགས་ཀུན་སེལ་བའི།།
བཤད་སྒྲུབ་འདོད་འབྱུང་བུམ་བཟང་རྣམ་པར་རྒྱལ།།
༤༽
སྲིད་ཞིའི་ཕུན་ཚོགས་བདེ་ཆེན་རྫིང་བུ་འཁྱིལ།།
དྲི་མེད་མཛེས་སྡུག་འདབ་སྟོང་བཀྲག་མདངས་བཞད།།
དུང་བརྩེའི་སྐལ་བཟང་སྦྲང་དཀར་ཡོངས་སུ་འཁོར།།
རྫོགས་ཆེན་པདྨའི་དགའ་ཚལ་རྣམ་པར་རྒྱལ།།
༥༽
ཚངས་དབང་འཚམས་རྟགས་གཡས་འཁྱིལ་རི་མོ་མཛེས།།
སྙན་འཇེབས་ཟབ་རྒྱས་ཚངས་དབྱངས་གདམས་ངག་འཇོ།།
མ་རིག་གཏི་མུག་གཉིད་ལས་སློང་མཛད་པའི།།
མདོ་སྔགས་ཆོས་དུང་དཀར་པོ་རྣམ་པར་རྒྱལ།།
༦༽
ཐོས་བསམ་སྒོམ་པའི་ཉམས་རྟོགས་རི་མོ་བཀྲ།།
འཆད་རྩོད་རྩོམ་པའི་མཁས་བཙུན་མིག་སྟོང་ཤིས།།
གར་དབྱངས་ཐིག་རྩའི་གཟི་དཔལ་བདེ་ལེགས་ངང་།།
བཤད་སྒྲུབ་ཕྲིན་ལས་དཔལ་བེའུའི་རྣམ་པར་རྒྱལ།།
༧༽
ལས་ཉོན་ཚ་གདུང་ཞི་བསིལ་བདེ་དཔལ་བྱིན།།
དབང་ཐང་བརྒྱ་བྱིན་ལྷ་ཚོགས་སྤྱི་བོས་འདུད།།
གཞན་ཕན་དར་དཔྱངས་རིང་མོས་འགྲོ་ཀུན་བཅིངས།།
འཇིགས་པ་ཀུན་སྐྱོབ་གདུགས་དཀར་རྣམ་པར་རྒྱལ།།
༨༽
བློ་རིག་རྩིབས་སྟོང་དྲ་བའི་རྣམ་དཔྱོད་འབར།།
ཕྱི་ནང་ཤེས་རིག་རྒྱན་ཆའི་འོད་མདངས་འཚེར།།
བསྟན་སྲིད་གཞན་ཕན་ནོར་བུའི་དཀྱིལ་འཁོར་ཅན།།
གསེར་ལྗོངས་དམ་ཆོས་འཁོར་ལོ་རྣམ་པར་རྒྱལ།།
རིག་འཛིན་པདྨ་ཆོས་དབྱིངས་ཁྱབ་གདལ་ཞིང་།།
ཞིང་ཁམས་དག་རྫོགས་སྨིན་པའི་ཡོན་ཏན་ཀུན།།
ཀུན་བཟང་ཆོས་སྐུའི་དགོངས་པ་མངོན་གྱུར་ནས།།
སྔ་འགྱུར་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།།
ཅེས་པ་རབ་རྒྱན་ཤིང་ལུག་དབོ་ཟླའི་གཟའ་ཉི་མའི་སྐད་འཕྲིན་ལ་གཏམ་བཤད་དུ་སྙིང་ཉེ་བའི་ཆོས་མཆེད་དམ་པ་མཁན་སྤྲུལ་རྣམ་པར་བཀའ་མོལ་སྐབས་སུ་ཆོས་སྒར་ན་དགེ་འདུན་པ་བརྒྱད་བརྒྱ་ལྷག་གིས་ཉིན་མཚན་བར་མེད་དུ་འཆད་རྩོད་རྩོམ་པ་གནང་བཞིན་པ་དང་།གསེར་ལྗོངས་ལི་མདོའི་ངེས་དོན་མདོ་སྔགས་ཆོས་འཁོར་གླིང་གི་ལོ་འཇུག་གི་རྒྱུགས་སྤྲོད་ཆེན་མོའི་སྒྲ་བརྙན་སྐུ་དཔར་བཅས་མཇལ་བའི་དགའ་སྤྲོ་བརྟས་པའི་ཚོར་སྣང་དག་གང་ཤར་བཀྲ་ཤིས་རྟགས་བརྒྱད་ཀྱི་མངོན་བསྟོད་བདེན་ཚིག་གླུ་དབྱངས་སྙན་པའི་ངག་ཏུ་རྒྱལ་ཁམས་པ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེ་འམ་ཨེ་མ་ཧོས་དབྱིན་ཡུལ་ཀུན་བཟང་དཔལ་རིའི་དགའ་ཚལ་ནས་ཆོས་མཆེད་དགྱེས་པའི་མགུར་དུ་བཞེས་པར་དགེའོ།དགེའོ།དགེའོ།།
ཞི་ཁྲོ་རབ་འབྱམས་བཀའ་བརྒྱད་ལྷ་ཚོགས་དང་།།
ཞེས་པའི་བཀའ་བརྒྱད་ཀྱི་རྒྱུད་དང་། ལུང་ཁུངས་གང་དང་། གང་ཡོད་དམ། འདི་ནི་མི་ཤེས་ནས་དྲིས་པའོ།།