མི་རྐང་གླིང་བུ།
འདི་ནི་གླང་བྲ་འཕུར་ལྡིང་ཅན་ཞིག་སྟེ། བྲ་བའི་རིགས་སུ་གཏོགས། གཟུགས་པོའི་བོངས་ཚོད་བྱི་བ་ཙམ་དང་། སྤུ་མདོག་རྒྱབ་ཕྱོགས་སུ་ཁམ་ནག་དང༌། མདུན་ངོས་སུ་དཀར་ཤས་ཅན། མིག་ཀོང་ནག་པོ། རྔ་མ་རིང་ལ་སྤུ་མཐུག་པ། རྒྱུན་དུ་རྔ་མ་གྱེན་དུ་བསླངས་ནས་ལུས་ཀྱི་བོངས་ཚོད་དང་མཉམ་ལ་ཁད་པ། གོམ་འགྲོས་ཤིན་ཏུ་མགྱོགས་པ། ཤིང་སྡོང་གི་ཡལ་ག་སོགས་ཀྱི་སྟེང་དུ་ཅི་བདེར་བགྲོད་ཐུབ་པ། ཤིང་འབྲས་དང་འབྲུའི་རིགས་སོགས་སུ་སྤྱོད་པ། རྣམ་རིག་དང་སྤྱང་གྲུང་ཤིན་ཏུ་ཆེ་བས་ཟས་རིགས་འཚོལ་མཁས་པ། རྐུ་མའི་གཡའ་ཅུང་ཟད་ཡོད་པ་ཡིན།
དམིགས་བསལ་གྱི་ཁྱད་ཆོས་ནི། ལུས་ཀྱི་འདབ་བཞིའི་པགས་པ་ལྷུག་པོ་ཡོད་པས་ཤིང་སྡོང་གཡས་གཡོན་གྱི་བར་དང༌། ལུང་འགག་ཅུང་ཆུང་བའི་ཕ་རི་དང་ཚུར་རི་འཕུར་ཐུབ་པ། ཁོ་ཡི་འཕུར་སྟངས་དེ་ནི་འདབ་ཆགས་བྱ་ཡི་འཕུར་སྟངས་དེ་མ་ཡིན་པར་དེང་རབས་དམག་འཐབ་ཀྱི་གནམ་གྲུ་ནས་དམག་མི་གདུགས་མཆོང་བྱེད་པའི་རྣམ་འགྱུར་ལྡན། དེང་རབས་ཀྱི་གདུགས་མཆོང་བྱེད་ཐབས་དེའང་སྲོག་ཆགས་འདི་ཡི་འཕྲུལ་རྩལ་ལས་རྐུ་བཤུ་བྱས་པ་ཡིན་སྲིད། ཆེ་ཞིང་ཡང་བའི་རྔ་མ་འདིས་ཁོ་ཡི་འཕུར་ཐབས་འདི་ལ་རམ་འདེགས་ངེས་ཅན་ཞིག་བྱེད་ཀྱི་མེད་དམ་སྙམ།
གནས་ཡུལ་ནི། བོད་ཁམས་ཚ་བ་རོང་སོགས་བོད་ཀྱི་རོང་ཆེན་རྣམས་སུ་འཚོ་གནས་བྱེད་ལ་འཛམ་གླིང་ཡུལ་གྲུ་གཞན་དུ་འདིའི་རིགས་ཡོད་ཀྱང་ཆེ་ཆུང་དང་སྤུ་མདོག་སོགས་ནི་གོང་གི་བཤད་པ་དེ་དང་མཐུན་པའི་ངེས་པ་མེད།
སྨན་གཞུང་དུ། བྱ་མ་བྱིའུ་རུས་བུ་འབྱིན་རྩ་ནད་སེལ།། ཞེས་སྲོག་ཆགས་འདི་ཡི་ཤ་རུས་བོད་ཀྱི་སྨན་རྫས་སུ་བེད་སྤྱོད་བྱེད་སྲོལ་ཡོད་པས་གནའ་སྔ་མོ་ནས་བོད་པས་དོ་སྣང་བྱུང་ཡོད། འོན་ཀྱང་སྨན་པ་འགའ་ཞིག་གིས་འདི་ཉིད་ཚུལ་བཞིན་དུ་ངོས་མ་ཟིན་ནས་སྲོག་ཆགས་ཕ་ཝང་དང་འཕྲུལ་ནས་ཡོད། དེ་ལ་དེའུ་དམར་དགེ་བཤེས་ནས།
དེང་སང་འདི་ན་བྱ་མ་བྱི་འུ་དང༌།།
ཕ་ཝང་སྐྱི་ལྷེབ་ནོར་བ་མི་འདུག་གམ།། *
ཞེས་སོགས་ཀྱིས་སྐྱོན་སེལ་མཛད། སྔོན་མ་ནས་སྲོག་ཆགས་རིག་པ་བ་དེ་དག་གི་བར་དུ་ནོར་འཕྲུལ་བྱུང་བའི་དབང་གིས་ཕྱིས་སུ་༼བོད་རྒྱ་ཚིག་མཛོད་ཆེན་མོ་༽སོགས་སུ་ནོར་བ་དེ་ཉིད་རྒྱུན་འབྱམས་སུ་སོང་ནས་ཕ་ཝང་དང་འདི་གཉིས་འགྲེལ་བཤད་གཅིག་པ་བྱས་ནས་ནོར་ཡོད་པས་ཆེད་དུ་བཀོད་དོ། །
*ཚིག་རྐང་གཉིས་པོ་འདི་དེའུ་དམར་ཚང་གི་གསུང་ཡིན་ཡང་གཞུང་གང་ཡིན་མ་དྲན་ལ་དག་མིན་ཡང་ཞུ་མི་ཐིག
བྱ་མ་བྱིའུ་འཕུར་བསྐྱོད་ཀྱི་གློག་བརྙན་གཟིགས་འདོད་ན་ཁ་བྱང་འདིར་འདུག
http://www.evtv1.com/player.aspx?itemnum=7855
འདིའི་མིང་ལ་ནགས་བྱེའུ་ཟེར། བྱ་མ་བྱེའུ་འདི་གཉིས་ནོར་ནས་སྨན་སྡེབ་ན་ད་སྨན་དེས་ཕན་ནུས་ཅི་འདྲ་ཞིག་ཐོན་མིན་སུས་ཤེས། བྱ་མ་བྱེའུ་ནི་བྱེའུ་ཀོ་ལེབ་དང་ཕ་ཝང་ཡིན། དྲིན་ཆེན་པོ་འདིས་ཡང་སྨན་ལ་སྡེབ་ཀ་གཞན་པ་ཅིག་ཁས་ཡོང་གི་བསྡད་འདུག འ་རོགས་སྨན་པ་ཚོ། ཉམས་ཞོགས་འ།།
གྲོགས་པོ་མི་རྐང་གླིང་བུ། འདི་ན་གཅིག་གཟིགས་རོགས། http://www.tibettimes.net/blogs.php?id=234&post_id=7069
ངས་མིང་བཏགས་ན། ཐད་འཕར་ཐང་ལི་འམ། ཐད་འཕུར་ཐང་རྒྱུགས་ཟེར།
གཞོན་ནུ་ཟླ་མེད་ལགས།
༼དེང་སང་འདི་ན་བྱ་མ་བྱི་འུ་དང༌།།
ཕ་ཝང་སྐྱི་ལྷེབ་ནོར་བ་མི་འདུག་གམ།། ༽
བྱ་མ་བྱིའུ་དང་། ཕ་ཝང་གཉིས་གང་ཟག་སོ་སོར་ཡིན་པའི་ཁུངས་དགེ་བཤེས་དེའུ་དམར་ཚང་གི་གསུངས་དེ་ཕུལ་ཡོད། འོན་ཀྱང་གསུང་དེ་གཞུང་གང་དུ་ཡོད་པ་མ་དྲན་པས་མགྱོགས་པོ་ཁྱོད་ཀྱི་སྤྱན་ལམ་དུ་འབུལ་རྒྱུ་ཡིན། དེ་རྗེས་ཁྱོད་ཀྱིས་ང་ལ་བྱ་མ་བྱིའུ་དེ་ངོ་སྤྲོད་བྱེད་རྒྱུ་བརྗེད་མི་ཉན།
སྨྱུག་རྒོད་ལགས། འདི་རིགས་འཕུར་རྒྱུ་མེད་པ་དེ་ལ་གླང་བྲ་ཞེས་འབོད་དགོས། འགའ་ཞིག་གིས་གླང་བྲ་སྤུ་སུག་ཀྱང་ཟེར། བོད་ཡུལ་གང་སར་ཡོད། འོན་ཀྱང་འཕུར་ལྡིང་ཅན་འདི་ནི་སྔར་ཞུས་པ་ལྟར་བོད་ཀྱི་རོང་ཆེན་རྣམས་མ་གཏོགས་མེད་ཚོད།
ནགས་བྱི་དང་ཤིན་ཏུ་མཚུངས་པ་འདུག འོན་ཀྱང་ནགས་བྱི་འཕུར་ཐུབ་ནི་མ་རེད།
དྲ་གྲོགས་རྣམ་པས་ཐུགས་སྣང་གནང་བར་ཐུགས་རྗེ་ཆེ།
བོད་ཀྱི་ལོ་རྒྱུས་ཀྱི་བྱུང་རིམ་ནང་དུ་སྲོག་ཆགས་འདི་དག་གི་སྐོར་ལ་འདོད་ཚུལ་སྣ་ཚོགས་པ་ལས་གཅིག་གྱུར་གྱི་ངོས་འཛིན་བྱུང་མི་འདུག
དེས་ན་གུས་པས་ཡང་བསྐྱར་འབྲེལ་ཡོད་ཀྱི་ཡིག་ཆ་བཀླག་ནས་དོགས་བཅོད་འབུལ་རྒྱུ་ཡིན།