མི་ཉག་ཀུན་དགའ་བཀྲ་ཤིས།
ལུང་པ་ཞིག་དང་མི་རིགས་ཤིག་འོད་སྟོང་འཕྲོ་བའི་ཡར་རྒྱས་ཀྱི་ལམ་བུར་བསྐྱོད་དགོས་ན། ཆ་རྐྱེན་གཙོ་བོ་གཉིས་ངེས་པར་དུ་ཚང་དགོས། དང་པོ། ལུང་པ་དེའི་ངོ་བོའམ་བླ་སྲོག་ཏུ་གྱུར་པའི་རང་མི་རིགས་ཀྱི་སྐད་ཡིག་གི་རྨང་གཞི་ཧ་ཅང་བརྟན་པོ་ཞིག་འཛུགས་དགོས། གཉིས་པ། མི་རིགས་དེའི་སྐད་ཡིག་དེ་རང་གི་ནང་ཆེད་དུ་གཏན་འབེབས་བྱས་པའི་རང་རྐྱ་ཐུབ་པའི་ཨང་རྩིས་རིག་པ་དེ་ཡོད་དགོས། དེ་གཉིས་ཟུང་སྦྲེལ་གྱི་ལམ་ནས་དར་རྒྱས་ཕུན་སུམ་ཚོགས་པ་ཞིག་མ་བྱུང་བ་དང་། མཐར་ཕྱིན་པ་ཞིག་སློབ་སྦྱོང་བྱེད་པར་མི་རིགས་གཞན་གྱི་སྐད་ཡིག་ལ་མུ་མཐུད་དུ་བརྟེན་དགོས་པ་ཞིག་ཆགས་སོང་ན། མི་རིགས་དང་རྒྱལ་ཁབ་འཕེལ་རྒྱས་ཟེར་བའི་སྐད་ཆ་དེ་ཡང་ཁ་སྟོང་ནང་གི་ཚིག་སྟོང་ཙམ་རེད།
ཚན་རིག་དང་སྤྱི་ཚོགས་བདེ་དོན། ཆབ་སྲིད་དང་དཔལ་འབྱོར། ལོ་རྒྱུས་རིག་པ་དང་བཟོ་སྐྲུན་རིག་གནས། སྨན་བཅོས་འཕྲོད་བསྟེན་དང་བརྡ་འཕྲིན་རིག་གནས། དངོས་ཁམས་དང་ས་ཁམས། སྒྱུ་རྩལ་དང་གློག་བརྙན་སོགས་ཤེས་རིག་ཐམས་ཅད་ཀྱི་གནས་ལ་ཧ་ཅང་ཡར་ཐོན་གྱི་ཚད་གཞིར་སླེབས་པའི་ཡར་ཐོན་ཅན་གྱི་མི་རིགས་དག་གིས་ནི། ཐོག་མར་སོ་སོའི་སྐད་ཡིག་དང་། དེ་ནས་དེའི་ནང་ཨང་རྩིས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་ཡོད་པ་མི་རིགས་དེ་དག་གི་ལོ་རྒྱུས་ལ་བལྟས་ན་གསལ་པོ་རེད། དཔེར་ན་སྟོབས་ཤུགས་དང་འཕེལ་རྒྱས་ཅན་གྱི་རྒྱལ་ཁབ། ཉི་ཧོང་དང་ཨ་རི། དབྱིན་ཇི་དང་ཇར་མེ་ནི་སོགས་ལྟ་བུ་རེད། ད་ལྟའི་ཆར་རྒྱ་གར་དང་རྒྱ་ནག་གཉིས་འཛམ་གླིང་གི་ཨང་རྩིས་ཤེས་རིག་གི་ལྡུམ་རྭའི་ཁྲོད་རྩེ་ཏོག་གི་གྲས་སུ་སླེབས་ཐུབ་པ་བྱུང་བ་དང་མཉམ་དུ་རྒྱལ་ཁབ་དེ་དང་དེའི་དཔལ་ཡོན་དང་ཚན་རྩལ་རིག་པའི་དཔུང་པའི་ཞེང་ཁ་ཡང་ཉིན་རེ་བཞིན་ལུང་པ་གཞན་ལས་རྒྱ་ཆེ་རུ་འགྲོ་བཞིན་ཡོད་པ་རེད།
བོད་མི་རིགས་འདི་ཡར་ཐོན་ཅན་གྱི་མི་རིགས་གཞན་གྱི་རྗེས་ཟིན་པར་བྱེད་དགོས་ན། ཐོག་མར། ཛ་དྲག་གི་ཚུལ་དུ། ཕྱོགས་མཐའ་ཁག་གི་མཁས་པ་དང་། ཆེད་ལས་པ། དེ་བཞིན་ལམ་སྟོན་པ་གང་མང་གདན་དྲངས་ནས་མགྱོགས་མྱུར་བོད་ཡིག་གི་ནང་ཨང་རྩིས་གཏན་འབེབས་བྱེད་ཐུབ་པར་བྱ་དགོས། ཨང་རྩིས་རིག་གནས་མ་ལག་དང་བཅས་པ་ནང་འདྲེན་བྱེད་པའི་གལ་གནད་ཆེ་བའི་ལས་གཞི་དེ་ལྟ་བུ་ཞིག་ལེགས་གྲུབ་བྱུང་ན། ད་གཟོད་ད་སྔ་བཞིན་གཞན་ནས་དབྱིན་སྐད་དང་རྒྱ་སྐད་སོགས་གཡར་པོ་བྱེད་མི་དགོས་པར་བོད་ཡིག་རང་གི་ནང་ཨང་རྩིས་ཀྱི་སློབ་ཁྲིད་བྱ་ཐུབ་རྒྱུ་དང་། རིམ་བཞིན་ཚན་རིག་སོགས་གནའ་དེང་རིག་གནས་ཡོངས་སུ་རྫོགས་པ་བོད་ཡིག་ནང་ཡོད་པའི་སློབ་དེབ་བསྒྲིག་རྒྱུ་དང་སློབ་ཁྲིད་བྱ་རྒྱུར་དཀའ་ངལ་མེད་པར་ཅི་ནས་ཀྱང་ཆགས་འགྲོ། རྒྱུ་མཚན་ནི། ཨང་རྩིས་ནི་ཤེས་བྱ་ཐམས་ཅད་ཀྱི་ཨ་མའམ་རྩ་བ། ཡང་ན་གཞི་མ་དངོས་གནས་དེ་རེད།
བོད་མི་རིགས་ཀྱི་ཡར་རྒྱས་དང་མདུན་སྐྱོད་ལ་སྨན་པའི་བཟོ་སྐྲུན་རིག་གནས་སོགས་སློབ་ཚན་ཆ་ཚང་བོད་ཡིག་གི་ནང་འཁྲིད་རྒྱུ་ཡོད་པ་ཞིག་བྱུང་བའི་ཉིན་མོ་དེ་ནས་བཟུང་བོད་སྐད་ཡིག་གཉིས་ཀྱང་ངང་ངམ་ཤུགས་ཀྱིས་དར་སྤེལ་འགྲོ་བ་ནི་རང་བཞིན་ཞིག་དང་ཆོས་ཉིད་ཅིག་ཀྱང་རེད་ལ། མི་རིགས་ཀྱི་བླ་སྲོག་ཏུ་གྱུར་པའི་སྐད་ཡིག་འདི་ཉམས་པ་སླར་གསོ་དང་། མི་ཉམས་རྒྱུན་འཛིན། ད་ཡོད་གོང་འཕེལ་དུ་གཏོང་བའི་ཕུགས་རྒྱང་རིང་བའི་དམིགས་འདུན་གྱི་འཕྲུལ་ཆས་དེའི་ངར་སྒྲ་སྒྲོག་པའི་ཐོག་མ་དང་རྒྱལ་ཁའི་མགོ་འཛུགས་ཀྱང་རེད།
ལོ་རྒྱུས་དང་། སྙན་ངག། རྩོམ་རིག ཆབ་སྲིད། དེ་བཞིན་ནང་བསྟན་སོགས་ལ་མཁས་པའི་མིང་དུ་གྲགས་པའི་འདས་པ་དང་། ད་ལྟའི་བོད་ཀྱི་མཁས་པ་ཕལ་མོ་ཆེ་ནི་མཐའ་ན་ཆེས་དམའ་རིམ་གྱི་ཨང་རྩིས་རིག་པ་ལ་ཤིན་ཏུ་རྨོངས་པས་རྒྱལ་སྤྱིའི་སྟེང་བོད་མིས་ཤེས་རིག་དང་ཚན་རིག་སོགས་ཀྱི་ཐད་ལ་བག་ཆགས་གཏིང་ཟབ་བཞག་ཐུབ་མེད་པ་མ་ཟད། ད་ལྟ་མི་རིགས་གཞན་དག་གི་གཙུག་ལག་སློབ་གཉེར་ཁང་འབུམ་ཕྲག་མང་པོའི་ནང་ལོ་བརྒྱ་ཕྲག་སྔོན་ནས་ངོ་སྤྲོད་བྱས་ཟིན་པའི་བརྗོད་བྱ་མི་འདྲ་བའི་ཡར་ཐོན་ཅན་གྱི་སློབ་ཚན་ཁྲི་ཕྲག་མང་པོའི་ནང་གི་བརྒྱ་ཆ་གཅིག་ཙམ་ཡང་འུ་ཅག་བོད་མི་རིགས་ཀྱི་སློབ་གྲྭ་ཁག་ཏུ་མེད་པ་རེད། དེའི་རྐྱེན་གྱིས་ང་ཚོ་ད་དུང་རྗེས་ལུས་ཀྱི་འདམ་རྫབ་ལས་ཐར་ཐུབ་མེད་པ་རེད་ལ། དེ་ལས་ཐར་དགོས་ཚེ། ད་དུང་མི་རབས་འགའ་ཤས་ཀྱི་དུས་ཚོད་དགོས་ངེས་རེད། འོན་ཀྱང་ད་ལྟ་བོད་ཡིག་རྩ་བརླག་ཏུ་སོང་མེད་པའི་གོ་སྐབས་དང་བསྟུན་ནས་ཨང་རྩིས་བོད་ཡིག་ནང་སྦྱང་ཆོག་པ་ཞིག་བཟོ་དགོས་ལ། ལས་གཞི་འཐུས་ཚང་དང་ཡང་དག་པ་བསྒྲིག་དགོས། དེ་བརྩམ་པར་ཕྱིར་འཐེན་དང་དུས་འགྱངས་རྐྱང་རྐྱང་བྱས་ནས་སང་ཉིན་ལ་རེ་སྒྲུག་བྱེད་ན། ནམ་ཞིག་ཕྱི་དྲགས་འགྲོ་བ་ལས་ལམ་ཁ་གཞན་ཞིག་ནི་བསྐྲུན་ཐབས་མེད།
ཨང་རྩིས་བོད་ཡིག་གི་ནང་ནང་འདྲེན་དང་བསྒྱུར་རྒྱུའི་ལས་འགན་གཙོ་བོ་དེ་གཞིས་བྱེས་གཉིས་སུ་ཡོད་པའི་ཨང་རྩིས་དང་བོད་ཡིག་ལ་མཁས་པའི་ཤེས་ཡོན་པའི་སྡེ་ཁག་དང་གནས་ཡོད་མི་སྣ་རྣམས་ལ་འཁྲི་ཡོད། གང་བསྒྱུརད་བ་དང་ནང་འདྲེན་བྱས་པ་ཁག་བོད་ཕྱི་ནང་གཉིས་སུ་མིང་ཚིག་དང་ཐ་སྙད་ཀྱི་ཐད་གཅིག་གྱུར་དང་ཡོངས་ཁྱབ་བཟོ་དགོས་པ་ལས་གཞིས་བྱེས་གཉིས་སུ་གྱེས་པ་ལྟར་ཨང་རྩིས་ཀྱི་ཐ་སྙད་རྣམས་ཀྱང་ཕྱོགས་གཉིས་སུ་གྱེས་ན། མ་འོངས་པར་དོན་མེད་བསྐྱར་སྒྲིག་གི་ལས་དོན་གསར་པ་འཛུགས་དགོས་པའི་དཀའ་ངལ་ཆེན་པོ་ཞིག་ཏུ་འགྱུར་མི་སྲིད་པ་གཏན་ནས་མ་རེད།།
མི་ཉག་ཀུན་དགའ་བཀྲ་ཤིས་ཀྱིས་དབྱིན་ཡུལ་ནས་སྤྱི་ལོ་༢༠༡༥ ཟླ་༠༣ ཚེས་༡༤ ལ་བྲིས།།
ཤ་ཉེ་འདི་དག་སྔར་ལོ་རབས་བརྒྱད་ཅུ་ནས་བོད་ཡིག་ནང་རིམ་པས་ཐོན་ཡོད། ༢༠༡༠ལོ་ནས་མེད་པ་གཏོང་འགོ་ཚུགས་པས་ཨ་མདོ་མཚོ་སྔོན་ནང་སློབ་ཕྲུག་གི་ཡར་ལངས་བྱུང་པ་རེད། ལྷན་རྒྱས་ག་རེ་དགོས་ཀྱི་ཡོད་དམ། བཙན་བྱོལ་ནང་སློབ་དེབ་འདི་དག་སླེབས་ནས་ལོ་མང་ལོ་མང་རེད། ག་རེ་བྱེད་བསམ་གྱི་ཡོད་དམ། བོད་ནང་ཐོན་ཟིན་པ་ཡར་རྒྱས་གཏོང་འོས་མི་ལབ་དོན་ཅི།
་་་་་་་་་་་ མི་ཉག་ཀུན་དགའ་བཀྲ་ཤིས།
ལུང་པ་ཞིག་དང་མི་རིགས་ཤིག་འོད་སྟོང་འཕྲོ་བའི་ཡར་རྒྱས་ཀྱི་ལམ་བུར་བསྐྱོད་དགོས་ན། ཆ་རྐྱེན་གཙོ་བོ་གཉིས་ངེས་པར་དུ་ཚང་དགོས། དང་པོ། ལུང་པ་དེའི་ངོ་བོའམ་བླ་སྲོག་ཏུ་གྱུར་པའི་རང་མི་རིགས་ཀྱི་སྐད་ཡིག་གི་རྨང་གཞི་ཧ་ཅང་བརྟན་པོ་ཞིག་འཛུགས་དགོས། གཉིས་པ། མི་རིགས་དེའི་སྐད་ཡིག་དེ་རང་གི་ནང་ཆེད་དུ་གཏན་འབེབས་བྱས་པའི་རང་རྐྱ་ཐུབ་པའི་ཨང་རྩིས་རིག་པ་དེ་ཡོད་དགོས། ་་་་་་་་་་་་་་་་
ཨང་རྩིས་ནི་རྒྱལ་སྤྱིའི་འགྲོ་ལུགས་ལས། ཅིག་ནས་བསྒྱུར་དགོས་བ་ཞིག་ཨེ་ཡོད་དམ། དེ་ལ་དགྱ་ཡིག་གི་རྩི་ལུགས། དབྱིན་ཡིག་གི་རྩི་ཚུལ། བོད་པའི་རྩི་ལུགས་ཤིག་ཡོད་པ་མ་རེད།
ཚད་དང་གཞལ་བྱའི་རྣམ་གྲངས་ལ་མ་འདྲ་བ་ཙམ་ཡོད་པ་ལས། འབབ་ས་དེ་གཅིག་པ་ཡིན་པ་རེད། དེ་ལས་ཀྱང་གནད་ཆེ་བ་ནི། དངོས་པོའི་གཤིས་ལུགས་ཀྱི་ཚད་དང་། ལྗིད། བམ་དང་ནུས་བ་འཚོལ་ཐུབ་པ་དགོས་བ་རེད། ང་ཚོའི་བོད་ལ་དེ་འདྲ་མ་ཡོད་པ་དེ་འདྲ་མ་རེད། གཞལ་ཤེས་ན། ང་ཚོའི་ཆོས་དཔེ་ལ། སྟོང་གསུམ་གྱི་སྟོང་ཆེན་པོའི་ཞིང་ཁམས་གཞལ་ཐུབ་པའི་རྩིས་ཡོད་པ་འདྲ།
ནང་ཆོས་ཀྱི་གཞུང་ལུགས་ལྟར་རྩིས་རིག་ལ་ཡང་གཞུང་ལུགས་ཧ་ཅང་ཟབ་ཅིང་རྒྱ་ཆེ་བ་ཡོད་འདུག ང་ཚོས་དམའ་རིམ་གྱི་ཨང་རྩིས་ཙམ་ཤེས་པ་ལས་རང་རྐྱ་ཐུབ་པ་ཞིག་ཤེས་ཀྱི་མེད་ལ་བོད་ཡིག་གི་ནང་དུ་ཡང་མེད། རྩིས་རིག་ལ་དབྱེ་ན་གྲངས་ཚབ་རིག་པ། དབྱིབས་རྩིས་རིག་པ། ཨང་རྩིས་རིག་པ་སོགས་ཡོད། རེ་རེར་ནང་ཚན་གྱི་དབྱེ་བ་མི་འདྲ་བ་ཡང་ཧ་ཅང་མང་པོ་འདུག ང་ཚོས་རྩིས་མ་ཤེས་པ་དང་། གཞལ་མ་ཤེས་པའི་རྐྱེན་གྱིས་ང་ཚོའི་མཁས་པ་ཚོས་བྲིས་པའི་རྒྱལ་རབས་ཀྱི་དེབ་ཐེར་མི་འདྲ་བའི་བར་དང་སངས་རྒྱས་ཀྱི་འཁྲུངས་རབས་སོགས་ཀྱི་ཐད་ལོ་གྲངས་བརྒྱ་ཕྲག་དང་སྟོང་ཕྲག་གི་ཧེ་བག་ཤོར་ཡོད། ང་ཚོས་ང་ཚོའི་ནང་ཆོས་ནང་ལ་གཅིག་ཡོད་རེད། གཉིས་ཡོད་རེད་ཟེར་ནས་དལ་ལྷོད་ངང་བསྡད་པའི་དུས་ཤིག་ཡིན་མིན་ལ་བརྟག་མི་དགོས་སམ། མི་རིགས་གཞན་གྱིས་གཏན་ལ་ཕབ་པའི་རྒྱལ་སྤྱིའི་ཨང་རྩིས་རིག་པ་ང་ཚོའི་བོད་ཡིག་གི་ནང་ཆ་ཚང་བ་དེ་ཡོད་པ་ཡིན་ནམ། ཡོད་ཚེ། དེབ་དེ་དང་དེའི་མིང་གང་ཡིན་ནམ།
ཡག་པོ་གསུང་འདུག་་་་འདི་ལ་རྒྱུ་མཚན་འདུག་་་ང་ཚོའི་རྩིས་གཞུང་ལ་མ་ཚང་བའི་ཆ་མང་པོ་ཡོད་པ་རེད་་་་་ལྷག་པར་དེང་སང་གི་དུས་ལ་མཁོ་བའི་རྩིས་ཀྱི་སྐོར་མང་པོ་ཞིག་ང་ཚོར་མི་འདུག་པས་འདི་ལ་ངེས་པར་དུ་དོ་སྣང་བྱེད་དགོས་པ་ཞིག་རེད་
ངས་ནི་ཚན་རིག་དང་མཐུན་པའི་ཨང་རྩིས་ཤེས་པ་ལྟ་ཅི་ཨང་རྩིས་རགས་པ་ཙམ་ཡང་མི་ཤེས། བོད་དུ་ཚད་མའི་སྐོར་ལ་སློབ་སྦྱོང་བྱེད་པའི་དུས་སུ། གྲངས་ཅན་པའི་གྲུབ་མཐའ་ལ་བལྟས་པ་ན། དགེ་འདུན་གྲུབ་ཀྱི་རིགས་རྒྱན་དུ། ཁམས་གསུམ་པོ་འདི་དབྱེར་མེད་དུ་འཐིམ་པར་འགྱུར་བའི་གནས་ཡོད་པའི་ཕྱིར། ཞེས་པའི་གནས་དེ་དང་། ཚན་རིག་པས་འདོད་པའི་ནག་པོའི་ཁུང་བུ་ཞེས་པ་གཉིས་གཅིག་པ་འདྲ་ཞིག་འདུག་བསམས། ཚན་རིག་པས་ནག་པོའི་ཁུང་བུ་དེ་ཇི་ལྟར་ཤེས་དྲིས་པ་ན། ཨང་རྩིས་ཀྱི་སྒོ་ནས་ཤེས་ཟེར། འདི་ལ་བོད་ཀྱི་རིགས་པར་སྨྲ་བ་རྣམས་ཀྱིས་ལན་ཇི་ལྟར་འདེབས། ལེགས་སོ་ཞེས་ཟེར་རམ། ཡང་ན་ལན་གཞན་ཞིག་ཡོད།
་་་་་་་་་་་་་་་གྲངས་ཅན་པའི་གྲུབ་མཐའ་ལ་བལྟས་པ་ན། དགེ་འདུན་གྲུབ་ཀྱི་རིགས་རྒྱན་དུ། ཁམས་གསུམ་པོ་འདི་དབྱེར་མེད་དུ་འཐིམ་པར་འགྱུར་བའི་གནས་ཡོད་པའི་ཕྱིར། ཞེས་པའི་གནས་དེ་དང་། ཚན་རིག་པས་འདོད་པའི་ནག་པོའི་ཁུང་བུ་ཞེས་པ་གཉིས་གཅིག་པ་འདྲ་ཞིག་འདུག་བསམས། ་་་་་་་་་་་་་་་་་་་་
་་་་་་་་་ ཁམས་གསུམ་པོ་འདི་དབྱེར་མེད་དུ་འཐིམ་པར་འགྱུར་བའི་གནས་ཡོད་པའི་ཕྱིར། ་་་་་་ ཞེས་པ་འདི། གྲངས་ཅན་པའི་ལུགས་ཡིན་ནམ། ནང་པི་ལུགས་སུ་རེད། ལགས། རྒན་འཇམ་དཔལ་ལགས།
ཀརྡོ་གཉེར་ཕྱག་མཆོག་ལ་བདག་གིས་གསལ་པོ་མ་བྲིས་པར་དགོངས་དག་ཞུ།
ཁམས་གསུམ་པོ་འདི་དབྱེར་མེད་དུ་འཐིམ་པར་འགྱུར་བའི་གནས་ཡོད་པའི་ཕྱིར། ཞེས་པ་འདི་གྲངས་ཅན་པས་སྤྱི་གཙོ་བོ་ཡོད་པའི་སྒྲུབ་བྱེད་དུ་བཀོལ་ཞེས་ཚད་མ་རིགས་རྒྱན་དུ་དགེ་འདུན་གྲུབ་ཀྱིས་གསུངས་སོ།
སློབ་སྦྱོང་གི་གནས་ཡུལ་གང་ཞིག་ཡིན་རུང་ཨང་རྩིས་རིག་པ་མེད་ན་དེ་ནི་སྟོང་ཆ་ཆེན་པོ་ཞིག་རེད།
གྲངས་པའི་བདག་ཤྲི་སྐྱེས་དུ་དེ། སྤྱི་གཙོ་བོའི་རྣམ་འགྱུར་དེ་བུད་མེད་ཅིག ཁྱོ་གཞན་འོག་ཏུ་ཉལ་དུས་ངོ་ཚ་བ་ལྟར། རང་གི་རྣམ་འགྱུར་བསྡུས་ནས་ཐར་པ་ཐོབ་སྟངས་ཤིག བཤད་ཡོད་དྲན་ཡུལ་དུ་བསྡད་འདུག
ནོར་བཅོས།
གྲངས་ཅན་པའི་བདག་ཤྲི་སྐྱེས་བུ་དེ། སྤྱི་གཙོ་བོའི་རྣམ་འགྱུར་དེ་བུད་མེད་ཅིག ཁྱོ་གཞན་འོག་ཏུ་ཉལ་དུས་ངོ་ཚ་བ་ལྟར། རང་གི་རྣམ་འགྱུར་བསྡུས་ནས་མཐར། ཐར་པ་ཐོབ་སྟངས་ཤིག བཤད་ཡོད་སྙམ་པ་ཅིག དྲན་ཡུལ་དུ་བསྡད་འདུག
རྩོམ་པ་པོའི་བསམ་ཚུལ་ལ་ཧ་ཅང་མོས་མཐུན་ཡོད།
གལ་ཏེ་ཨང་རྩིས་བོད་ཡིག་ནང་ཡོད་ན་རྒྱལ་ཕྱི་ནང་གི་བོད་པའི་སློབ་ཕྲུག་ཚོའི་སྟེང་ལ་སྐད་ཅིག་ངང་ནས་ནམ་གར་བ་ཁོ་དག་ཡིན། རང་ལ་མཚོན་ནས་སློབ་ཆུང་ནས་དམའ་འབྲིང་མཇུག་བར་ཨང་རྩིས་ལ་ཧ་ཅང་ཡག་པོ་ཡོད། ཨང་རྩིས་སྐར་གྲགས་༩༥་མན་ལེན་མྱོང་མེད་དངོས་གནས་ཡིན། རྒྱུ་མཚན་ནི་ཨང་རྩིས་བོད་ཡིག་ཡིན་པས་ཕྱིར། ཡིན་ནའང་མཐོ་འབྲིང་སྐབས་སུ་ཨང་རྩིས་ཕྱི་རྒྱལ་ཞིག་གི་སྐད་སྟེང་ནས་སློབ་པ་ཡིན། དེའི་སྐབས་སུ་བདག་གིས་ཨང་གི་དག་དང་རྩིས་རྒྱག་ཅུང་མཁས་པོ་འདུག དེ་མ་གཏོགས་སྤྱི་འགྲོས་དང་གཞན་ཨང་རྩིས་རྩི་སྟངས་ཚང་མ་ཧ་གོ་ཁག་པོ་གྱུར་འདུག སྔོན་ལ་ཨང་རྩིས་ནི་ངའི་ཆེས་སློབ་འདོད་པའི་བརྗོད་བྱ་ཡིན་པ་དང་། ད་དུང་བདག་གི་རྒན་དང་སློབ་གྲོགས་མང་པོས་ང་ལ་ངས་རྗེས་མར་ཨང་རྩིས་ཆེད་སྦྱོང་བྱེད་རྒྱུ་གདམས་ན་ཨང་རྩིས་ཀྱི་མཁན་པ་ཆེན་པོར་འགྱུར་ངེས་རེད་ཟེར་མྱོང་ལ། མཐོ་འབྲིང་ནས་བདག་གིས་ཨང་རྩིས་ཕྱོགས་ལ་ཤུགས་ཇི་ལྟར་རྒྱག་གྱང་་་་བོད་ཀྱི་ཁ་དཔེ་ལྟར་རྡོ་སྟེང་ཆུ་བླུག་པ་ལྟ་བུ་་་མཇུག་འབྲས་ཡག་པོ་ཅི་ཡང་ཐོན་མ་སོང་། འདི་ནི་བརྗོད་བྱ་དེ་རང་སྐད་སྟིང་ནས་མ་ཡིན་པས་ཁྱོན་ནས་གོ་ཁག་པོ་རེད་འདུག དེ་ནས་ང་ཉིན་རེ་བཞིན་ཨང་རྩིས་ལ་སྤྲོ་བ་ཅེ་ཆུང་ནས་ཅེ་ཆུང་དུ་གྱུར་སོང་བས། མཐོ་རིམ་འཛིན་གྲྭར་མཐར་ཕྱིན་སྐབས་ཨང་རྩིས་སྐར་གྲངས་ནི་རང་སྐལ་ལོན་པ་ཁོ་ན་རེད་འདུག དུས་དེ་ནས་བཟུང་བདག་གིས་ནམ་ཡང་ང་ཚོས་ཡང་ཨང་རྩིས་བརྗོད་བྱ་གཞན་སྐད་ལ་རྟེན་མི་དགོས་པར་བོད་རང་གི་སྐད་སྟེང་ནས་སློབ་རྒྱུའི་གོ་སྐབས་རེ་ཡོད་ན་ཅི་མ་རུང་ཐེངས་མང་བསམ་མྱོང་།
ཆོས་སྐྱིད་ལགས་ཀྱིས་རྒྱུ་མཚན་ལྡན་པ་ཞིག་གསུངས་འདུག བོད་མི་རིགས་འདི་ཨང་རྩིས་ཀྱིས་ངོ་མ་ཕོངས་ནས་འདུག
ཆོས་སྐྱིད་ལགས་ཀྱིས་རྒྱུ་མཚན་ལྡན་པ་དང་སོ་སོའི་ཉམས་མྱོང་ལ་གཞིགས་པའི་དགོངས་ཚུལ་ཡག་པོ་ཞིག་གསུངས་འདུག བཀའ་དྲིན་ཆེ།