བྱ་མདོ་སྐལ་རྒྱམ།
__<< དཀར་བོ >>__
ཁ་དོག་འདི མཛམ་གླིང་གི་དབུ་རྩེ་ན་བདག་མེད་དུ་འགྱིང་བའི་བོད་མིའི་བླ་རིའི་ཁ་དོག་ཡིན་ལ
ཁ་དོག་འདི ང་ཚོའི་སྣོད་བཅུད་མཐའ་ནས་སྐྱོར་བའི་རི་བརྒྱུད་ཅིག་གི་ཁ་དོག་ཀྱང་ཡིན
ཁ་དོག་འདི མུ་མེད་ཀྱི་རྩྭ་ཐང་ལ་འཐོར་བའི་གཡང་དཀར་མུ་ཏིག་གི་ཁ་དོག་ཡིན་ལ
ཁ་དོག་འདི ཨ་མས་ང་ལ་སྤྲོས་པའི་རྟག་བརྟན་འཛུམ་མདངས་ཀྱི་ཁ་དོག་ཡིན
ཁ་དོག་འདི མི་ལོ་ཉི་ཤུའི་རྨི་ལམ་ལ་བསྐུངས་པའི་ཞལ་རས་སྒོར་སྒོར་ཞིག་གི་ཁ་དོག་ཡིན་ལ
ཁ་དོག་འདི གཉིད་མི་ཁུག་པའི་མཚན་མོར་ཟླ་བས་ང་ལ་འཕངས་པའི་ཟུར་མིག་གི་ཁ་དོག་ཡིན
ཁ་དོག་འདི སྟོན་མཇུག་གི་སྤྲིན་པ་ལྟ་བུའི་དྭངས་གཙང་སེམས་ཀྱི་ཁ་དོག་ཡིན་ལ
ཁ་དོག་འདི རྟག་ཏུ་ཁྱོད་ལ་བཅིངས་པའི་ཡལ་མེད་སྨོན་འདུན་ཞིག་གི་ཁ་དོག་ཡིན
ཁ་དོག་འདི ཉི་ཟླ་འོད་དུ་སྦྲུམ་པའི་རིག་གཞུང་ཞིག་གི་ཁ་དོག་ཡིན་ལ
ཁ་དོག་འདི རིག་གཞུང་དེ་ལ་བཅིངས་པའི་ལྷག་བསམ་ཟོལ་མེད་ཀྱི་ཁ་དོག་ཡིན
ངས་སྦྱངས་པའི་དཔེ་ཆར། རྩ་བའི་ཁ་དོག་བཞི་ནི། དཀར་པོ། དམར་པོ། སེར་པོ། སྔོན་པོ་དང་བཞིའོ་ཞེས་བྲིས་འདུག