རྒྱང་འདྲི་བ། དཀའ་ཐུབ།
བདག་གི་དངོས་མིང་ལ་སྦྱིན་པ་རྒྱ་མཚོ་ཞེས་འབོད་ཀྱིན་ཡོད་ལ། སྨྱུག་མིང་ལ་མགལ་དུམ་ཞེས་འབོད་སྲོལ་ཡང་ཡོད། བོད་མདོ་སྨད་ཕྱོགས་ཀྱི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཡུ་སྒང་རྫོང་ནི་ཕྲན་པའི་ཕ་ཡུལ་ཡིན། དགོས་དབང་གིས་ས་མཐར་འཁྱམ་ཞིང་ཡང་མཐར་མྱུལ་ཏེ་དེང་སང་ཨོ་གླིང་(Australia 澳大利亚)དུ་ཡོད། དེ་མིན་གཞན་གླེང་རིན་ཡོད་པའི་མི་ཚེའི་བརྒྱུད་རིམ་གཞན་འདྲ་མེད་པ་འདྲ།
༡༽ བོད་ནང་ནས་ཕྱི་གླིང་དུ་སོང་བའི་བརྒྱུད་རིམ་ཞིབ་ཆ་ཡོད་པ་ཞིག་ཤོད་དང་།
སྟོང་ལོ་བཅུ་བའི་ལོ་མཇུག་ཅིག་ལ་ཕ་མ་གཙོ་བའི་ཡུལ་མི་ཚོ་རྒྱབ་ཏུ་བཞག་ཏེ་རྒྱ་གར་དུ་འགྲོ་རྒྱུར་ཐག་གིས་བཅད་དེ་ལམ་ལ་ཆས་པ་ཡིན། ཉིས་སྟོང་བཅུ་གཅིག་གི་ལོ་འགོ་ཏག་ཏག་ལ་རྒྱ་གར་དུ་འབྱོར་ཏེ་༧མགོན་པོ་གང་དེའི་གསེར་ཞལ་ལ་མཇལ་རྒྱུ་བྱུང་། དེ་ནས་བཙན་བྱོལ་བོད་གཞུང་གི་བཀའ་དྲིན་གྱིས་རང་གི་འདོད་མོས་ཡོད་པའི་སློབ་གྲྭ་(Tibetan Children’s Village School,Suja) ཞིག་ལ་འགྲོ་བའི་གོ་སྐབས་ཐོབ་སོང་། སྟོང་ལོ་བཅུ་གསུམ་ལོར་བོད་ཀྱི་མཐོ་སློབ་( College For Higher Tibetan Studies,Sarah)ཅིག་ཏུ་ཡིག་རྒྱུགས་འཕྲོད་ཁུལ་གྱིས་དེ་རུ་སོང་བ་ཡིན། རེད་དེ། རང་ག་གཞུང་གིས་ལོ་ལྟར་ཆབ་སྲིད་དང་འབྲེལ་བ་ཡོད་པའི་བོད་མི་མང་དག་ཅིག་ཨོ་གླིང་དུ་བཏང་དང་གཏོང་གིན་ཡོད་པ་རེད་ལ། སྟོང་ལོ་བཅུ་བཞི་ལོར་ཁོ་བོའང་དེ་གའི་གོ་སྐབས་ཤིག་ཐོབ་ཏེ་ཨོ་གླིང་དུ་ཡོང་བ་ཡིན། ཞིབ་ཚགས་ཀྱིས་འགྲེལ་དགོས་པ་ཡིན་ན་གནོད་འགྲོ་ས་རེ་ཟུང་ཡོད་པས་འདི་ཙམ་གྱིས་གོ་བརྡ་འཕྲོད་འགྲོ་བར་རེ་བ་བྱས་ཡོད།
༢༽ བོད་ནས་རྒྱ་གར་དུ་འགྲོ་དུས་ལམ་བར་དུ་དཀའ་ཁག་གང་གང་འཕྲད་སོང་། འདིའི་སྐོར་ནས་ཁ་བརྡ་ཞིག་བྱོས་དང་།
སྤྱིར་བཏང་རྒྱ་གར་དུ་ཡོང་མཁན་ཞིག་ཡིན་ན་ཕལ་ཆེ་བས་དམྱལ་ཁམས་ཤིག་མྱུལ་བ་ལྟ་བུའི་དཀའ་སྡུག་མྱོང་གིན་ཡོད་པ་རེད། ཉིན་དང་མཚན་མཐུད་དེ་རི་མཐོ་ས་དང་གངས་མཐུག་ས་ནས་ཡོང་དུས་མིག་ལོང་པར་གྱུར་འགྲོ་བ་དང་རྐང་ལག་ཆད་འགྲོ་བ་སོགས་དབང་པོ་སྐྱོན་ཅན་དུ་ལོག་འགྲོ་བ། རྒྱ་དམག་གི་མེ་མདའི་འོག་ནས་རྐྱེན་ལམ་དུ་ཆས་འགྲོ་བ་སོགས་སྡུག་པོ་ཡོད་ཚད་ཅིག་མྱོང་གིན་ཡོད་པ་རེད། ཁོ་བོར་དེ་འདྲའི་དཀའ་སྡུག་མང་པོ་ཞིག་འཕྲད་མ་སོང་། ཡིན་ཡང་། སྙིང་ཁ་ནས་ལོག་གྲབས་ཀྱི་འཇིགས་སྣང་མང་པོ་ལ་བརྒྱུད་པ་ཡིན། ཐོབ་ཐང་ལག་ཁྱེར་ཙམ་ཡང་མེད་པར་འགག་སྒོ་རབ་དང་རིམ་པ་ནས་ནུར་བ་དང་གོག་པ་ལ་སོགས་བྱས་པ་ཡིན། ད་དུང་དམག་མིས་མེ་མདའ་བཟུང་སྟེ་ཕར་འགྲོ་ཚུར་ཡོང་བྱེད་པའི་གྲིབ་མའི་འོག་ནས་ཡིབས་བཞིན་དུ་སོང་བ་ཡིན། སྐབས་དེར་ད་ནི་མེ་མདས་རྒྱག་གྲབས་མེད་འགྲོ་སྙམ་ན་འགྲོ་ཡང་ཐུབ་ཀྱིན་མི་འདུག རི་ཁ་དང་རྫ་ཁ་བསྙེག་དུས་ཟ་མ་མ་རག་པ་ནི་དོན་དག་ཆུང་ཆུང་ཞིག་ཏུ་བརྩིས་ན་མ་འགྲིག་པ་མེད། ལམ་ཁྲིད་པ་ལ་ཁྲིད་བླ་འབོར་ཆེན་པོ་སྤྲད་པས་ཉིན་མང་པོ་མ་འགོར་བར་བལ་ཡུལ་དུ་འབྱོར་སོང་།
༣༽ བལ་ཡུལ་དུ་སླེབས་རྗེས། ག་འདྲ་བྱུང་སོང་།
བོད་མི་མང་པོ་ཞིག་ལ་བལ་ཡུལ་དུ་སླེབས་རྗེས་ཀྱང་དཀའ་ངལ་མང་པོ་ཞིག་འཕྲད་ཀྱིན་ཡོད་རེད། ཁོ་བོ་བལ་ཡུལ་དུ་སླེབས་རྗེས་དམིགས་བསལ་གྱིས་དཀའ་ངལ་ཅི་ཡང་བྱུང་མ་སོང་། ཕྲན་པའི་ཨ་ཞང་ཞིག་བལ་ཡུལ་དུ་ཡོད་པས་ཁོང་གི་བཀའ་དྲིན་གྱིས་དཀའ་ངལ་ཅི་ཡང་འཕྲད་མ་སོང་། སྣེ་ལེན་ཁང་དུ་ཟླ་གཉིས་ལྷག་ལ་བསྡད་པ་ཡིན། དེ་ནས་རྒྱ་གར་དུ་བདེ་བླག་ངང་བསྐྱལ་སོང་།
༤༽ རེད་རེད། ཁྱོས་རྒྱ་གར་གྱི་བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་ལ་ལྟ་ཚུལ་ག་འདྲ་བཟུང་ཡོད།
དྲང་མོ་བཤད་ན་ང་རྒྱ་གར་ནས་ལོ་མང་པོར་བསྡད་ཡོད་པ་མ་རེད། རང་གི་ལྟ་ཚུལ་ལ་རྒྱ་གར་དུ་ཡོད་པའི་བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་ནི་ཧ་ཅང་འགྲིག་འདུག་སྙམ་བཞིན་ཡོད། རྒྱུ་མཚན་ནི་རྒྱ་གར་དུ་ཡོད་པའི་བོད་མི་ཚོས་གཞིས་ལུས་མི་མང་གི་ཆེད་དུ་ལབ་འདྲ་ན་། བོད་མི་རིགས་ཀྱི་ཆེད་དུ་ལབ་ན་རང་གི་འཇོན་ཚོད་ཀྱིས་ཕྱོགས་གང་ལ་འབད་ཀྱིན་ཡོད་པ་རེད། རིག་གཞུང་དང་གོམས་གཤིས་ཀྱི་ཆ་ནས་བཤད་ནའང་ཧ་ཅང་གི་ཕུན་སུམ་ཚོགས་པོ་ཡོད་པ་རེད། བོད་མ་མཐོང་བའི་མི་ཞིག་ཡིན་ཡང་རྒྱ་གར་གྱི་བོད་པའི་སྤྱི་ཚོགས་སུ་སླེབས་ན་བོད་ཅེས་པའི་མི་རིགས་དེ་ངོ་འཕྲོད་ཀིན་ཡོད་པ་རེད།
༥༽ དང་ཐོག་ཁྱོད་བོད་ནས་འབྲོ་དགོས་བསམ་པའི་རྒྱུ་རྐྱེན་ཅི་ཡིན།
བོད་ནས་རྒྱ་གར་དུ་འགྲོ་མཁན་གྱི་བོད་པ་ཞིག་ཡིན་ན་རྒྱུ་མཚན་དང་པོ་ནི་༧མགོན་པོ་གང་དེར་མཇལ་འདོད་ཡོད་པ་ནི་གཅིག་མཚུངས་ཀྱི་དམིགས་ཡུལ་དང་པོ་ཡིན་ནི་རེད། ཁོ་བོ་ཡང་དེ་ལས་མ་འདས། རྒྱུ་མཚན་གཞན་ཞིག་ནི་སློབ་སྦྱོང་ཞིག་བྱ་བསམ་པ་དེ་ཡིན། ད་དུང་རྒྱུ་རྐྱེན་གཞན་ཞིག་ཀྱང་ཡོད་མོད། དེ་འདི་རུ་འགྲེལ་དགོས་ན་ཅུང་རིང་བ་མ་ཟད་གླེང་ནའང་མི་འགྲིག་ས་ཡོད་པས། དགོངས་འགལ་མེད་པར་ཞུ།
༦༽ རྒྱ་གར་དུ་བསྡད་རིང་། ཁྱོད་ལ་ཁྱད་མཚར་པོའམ་སྐྱིད་པོ། བག་ཆགས་ཟབ་པའི་དོན་དག་འདྲ་ཨེ་འཕྲད་ཐ།
ཧ་ཧ་ཧ མ་འཕྲད་ཐལ་ཞེས་ལན་སྟབས་བདེ་ཞིག་རྒྱག་གྲབས་བྱས་མོད།ཁྱེད་ཀྱི་འདོད་པ་ཁེངས་རྒྱུ་མ་རེད།
རྒྱ་གར་ནས་བག་ཆགས་ཟབ་པའི་དོན་དག་ལབ་ན། བརྗེད་མི་སྲིད་པ་ཞིག་ལ་ངའི་མི་ཚེའི་ཀྱོག་མཚམས་ཤིག་དེ་ན་ཡོད། དེ་གཅིག་ཡིན། དེ་ཅི་རེད་ཅེས་བསྐྱར་དུ་མ་འདྲི་རོགས་གནང་། ཁྱེད་ཀྱིས་ཤེས་བསམ་ན་སྒེར་ནས་བཤད་དགོས། ཧཧ ད་དུང་ནམ་རྒྱུན་ཡིད་དུ་ཡང་ཡང་དྲན་པ་ཞིག་ལ། ས་མཐའ་ནས་གྲོགས་པོ་ཚོ་ང་དང་ཁྱེད་མེད་པར་རང་རང་ལ་གང་ཡོད་པ་དེ་གྲོགས་པོ་ཚོས་མཉམ་ཟ་མཉམ་འཐུང་བྱེད་པ་རེད་ལ། ལྟོགས་ནའང་མཉམ་དུ་ལྟོགས་སུ་འཇུག་གི་རེད། ས་མཐའི་འཚོ་བ་ཅུང་སྐྱོ་མོད། མཉམ་ཟ་དང་མཉམ་འཐུང་བྱེད་པའི་གོམས་གཤིས་དེས་རྐྱེན་པས་སྐྱོ་སྣང་ཅང་ཤར་མ་མྱོང་། དེ་གྲོགས་པོ་ཚོའི་བཀའ་དྲིན་ཁོ་ན་ཡིན།
༧༽ ཡ་ཡ། ཨོ་སི་ཁྲི་རི་ཡ་ན་ཁྱོས་ལས་ཀ་ག་འདྲ་སྒྲུབ་ཀྱིན་ཡོད། ཁྱོད་འཚོ་བའི་གནས་སྟངས་སྐོར་ནས་ཁ་བརྡ་ཞིག་བྱེད་ན།
དེང་སང་ང་སློབ་གྲྭ་(The Northern Sydney institute part of TAFE college NSW)ལ་འགྲོ་བཞིན་ཡོད། མཚམས་མཚམས་སུ་ཞོར་ལས་ཕྲན་ཙམ་རེ་བྱེད་བཞིན་ཡོད། དེ་རང་གི་འཚོ་བའི་ཕྱིར་དུ་ཡིན། མ་གཞི་ཨོ་གླིང་ནི་ཕྱོགས་གང་ནས་བལྟས་ཀྱང་ཧ་ཅང་སྔོན་ཐོན་རེད་འདུག ཁོར་ཡུག་དང་གནམ་གཤིས། འཕྲོད་བསྟེན་དང་བདེ་འཇགས། སློབ་སྦྱོང་དང་འཚོ་བ་སོགས་གང་ཅིའི་ཐད་ནས་གཞུང་གིས་ལྟ་རྟོགས་དང་བདག་སྐྱོང་ཡག་པོ་གནང་གིན་པས་འཚོ་བ་ཟེར་ན་རང་གི་འདོད་བློ་ཡོངས་སུ་ཁེངས་བསྡད་ཡོད།
༨༽ཁྱོས་བལྟས་ན་བོད་དང་རྒྱ་གར། དེ་མིན་ཨོ་གླིང་བཅས་ཀྱི་མི་འདྲ་ས་གཙོ་བོ་ག་རེ་རེད་འདོད་ཀི
ཨོ་རེད། དེ་གསུམ་མི་འདྲ་བ་གཙོ་བོ་ནི་སློབ་སྦྱོང་དང་བསམ་བློ་ལ་ཧེ་བག་ཆེན་པོ་ཞིག་ཡོད་པ་འདྲ། ད་དུང་ངལ་རྩོལ་གྱི་ཆ་ནས་ཀྱང་མི་འདྲ་བ་མང་པོ་འདུག ཨོ་གླིང་གི་མི་ཞིག་ཡིན་ན། ལོ་བཅོ་བརྒྱད་ལ་སླེབས་པ་ནས་རང་གི་འཚོ་བ་རང་གིས་འགན་འཁུར་དགོས་ཀྱིན་ཡོད་པ་རེད། ནད་པ་དང་དབང་པོ་སྐྱོན་ཅན་ཕུད་པས་ས་འདི་ནས་ཉི་མ་གཏོང་ཐབས་བྱས་ནས་འདུག་མཁན་ཞིག་ཡོད་པ་མ་རེད། རང་རང་གི་ལས་ཀ་གང་ཡིན་པ་དེར་རང་རང་གིས་དཀའ་ལས་རྒྱག་གིན་ཡོད་པ་རེད། དེ་ལྟར་མི་རེ་རེ་ནས་དཀའ་ལས་བརྒྱབ་ཏེ་རང་རང་གི་འཚོ་བ་དང་སློབ་སྦྱོང་ཡག་ཐག་ཆོད་ཅིག་བྱས་ན་རྒྱལ་ཁབ་ཅིག་སྔོན་ཐོན་ཆགས་པ་ནི་ཞེ་དྲག་གི་དཀའ་ངལ་ཅང་མེད་པ་འདྲ། བོད་དང་རྒྱ་གར་ལྟ་བུར་མཚོན་ན་གཞན་བསྟེན་གྱི་བསམ་བློ་དང་སྒྱིད་ལུག་གི་རྣམ་པ་ཧ་ཅང་ཤུགས་ཆེན་པོ་རེད། ལས་ཀ་ལས་རྒྱུ་དང་སློབ་སྦྱོང་བྱ་རྒྱུར་མི་དགའ་མཁན་ཧ་ཅང་མང་པོ་ཡོད་རེད། འདིས་རང་ཉིད་ལ་གནོད་པ་མ་ཟད་མི་རིགས་ཤིག་ལའང་རང་བཞིན་གྱིས་གནོད་བཞིན་ཡོད་པ་འདྲ་། ད་དུང་ཨོ་གླིང་གི་མིའི་ཀུན་སྤྱོད་བཤད་ན་བོད་པ་ཚོ་ཡ་རབས་ཡིན་ཚུལ་ལབ་པ་ནི་ཅི་ཡང་རེད་མི་འདུག ཆང་འཐུང་ར་བཟི་ཞིག་ཡིན་ནའང་ཀུན་སྤྱོད་ཟེར་བ་ནམ་ཡང་མཉམ་དུ་ཡོད་པ་རེད། ད་དུང་མ་འདྲ་བའི་ཆ་མང་པོ་ཡོད་པ་རེད། མདོར་ཙམ་ཞིག་བཤད་ན་དེ་འདྲ་རེད།
༩༽ མ་འོངས་པར་ལས་ཀ་ག་འདྲ་སྒྲུབ་རྩིས་ཡོད།
མ་འོངས་པ་ལབ་ན་ཧ་ཅང་གི་ལྐོག་གྱུར་ཞིག་རེད། རེད་དེ། མི་ཞིག་ཡིན་པ་ནས་རང་ཚོད་ཀྱིས་རང་རང་ལ་རྨི་ལམ་ཞིག་ཡོད་དགོས་པ་རེད། ངའི་མ་འོངས་པའི་རྨི་ལམ་ནི་རང་གི་བུ་རབས་དང་རྗེས་རབས་པ་ཚོར་བོད་སྐད་ཡིག་གི་རིན་ཐང་གི་བཤད་ཐུབ་ན་སྙམ་པ་དེ་དང་། རང་གི་འཇོན་ཚོད་ཀྱིས་མི་རིགས་ཀྱི་བདེ་སྡུག་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན།
༡༠༽ རེད་རེད། སློབ་མཐར་ཕྱིན་རྗེས་བོད་ལ་ལོག་རྩིས་ཡོད་དམ། ཡང་ན་དེ་རུ་ཅུང་ཙམ་འདུག་རྩིས་ཡོད།
བོད་ལ་ལོག་རྩིས་ཡོད། ཡིན་ཡང་། ནམ་ཞིག་ལ་ལོག་ཡོང་མིན་དེ་ད་དུང་གནས་སྟངས་མང་པོ་ཞིག་ལ་བལྟ་དགོས་པ་རེད།
༡༡༽ ཁྱོད་རང་རྩོམ་རིག་ལ་དགའ་པོ་འདུག་ཀ
རྩོམ་རིག་མི་ཤེས་མོད། རྩོམ་རིག་ལ་ཧ་ཅང་དགའ། ཆོས་ལུགས་ལ་རྨོངས་དད་བྱེད་པའི་ཚབ་ལ་རྩོམ་རིག་ལ་རྨོངས་དད་བྱེད་བཞིན་ཡོད།
༡༢༽ ཁྱོད་རང་གི་ཉམས་མྱོང་དང་སྦྲགས་ནས་བརྩེ་དུང་སྐོར་ནས་ཁ་བརྡ་ཟིག་བྱོས་དང་།
བརྩེ་དུང་ཟེར་བ་དེ་ཟུར་གསུམ་ཞིག་རེད་འདུག ལན་རེ་མངར་མོ་འདུག མཚམས་རེར་སྐྱུར་མོ་འདུག སྐབས་དེར་བྲོ་བ་ཁྱོན་ནས་མི་འདུག གང་ལྟར་བརྩེ་དུང་གི་ཕམ་ཁ་ཞིག་མྱངས་པའི་རྒྱུ་རིམ་ཁྲོད་ནས་བརྩེ་དུང་གི་རིན་ཐང་ཅུང་ཤེས་སོང་། བསམ་ཤེས་དང་ཡིད་ཆེས་གཙོ་བོ་རེད་འདུག ཕན་ཚུན་ལ་བསམ་ཤེས་ཡོད་ན་ཕན་ཚུན་ལ་ཡིད་ཆེས་སླེབས་ཀྱིན་འདུག ཕན་ཚུན་ལ་ཡིད་ཆེས་ཡོད་དུས་མཐུན་སྒྲིལ་ཟེར་བ་དེ་ཧ་ཅང་བརྟན་པོ་རེད་འདུག སྐབས་དེར་སླེབས་ན་བརྩེ་དུང་དངོས་མ་ཞིག་གི་འགོ་བརྩམས་ཐུབ་འདུག་པར་སྙམ་ལ། དེ་ནི་བདེ་སྐྱིད་དང་དགོད་སྒྲ་ཡོད་པའི་མི་ཚེ་ཞིག་གི་འགོ་བརྩམས་ཏེ་མཇུག་ཀྱང་བསྡུ་ཐུབ་སོང་བར་སྙམ། བརྩེ་དུང་ཡོད་པའི་ཁྱིམ་ཚང་ལ་མདུན་ལམ་ཡོད་པའི་བུ་ཕྲུག་ཀྱང་མང་པོ་སྐྱེ་ངེས་རེད།
༡༣༽ ངས་མ་དྲིས་ཀྱང་ཁྱོད་རང་གིས་བརྗོད་འདོད་པའི་སྐད་ཆ་ཨེ་ཡོད་ཀི ཡོད་ན་ཤོད་དང་ཆོག
ཁྱེད་ཀྱིས་ཅི་ཡང་མ་དྲིས་དུས་ངས་ཀྱང་དམིགས་བསལ་གྱིས་ཅི་ཞིག་ལབ་དགོས་མིན་ཡང་ཤེས་མ་སོང་ལ། ལབ་རྒྱུའང་མེད།
༡༤༽ རེད་རེད། ལུས་འབྲེལ་བྱུང་དུས། ཨོ་གླིང་གི་ཞི་མོ་དང་བོད་པའི་ཞི་མོ་གཉིས་ལ་ཁྱད་པར་ཅི་འདུག
ཧ་ཧ་ཧ ང་འདི་ལ་སླེབས་ནས་ཟླ་ཁ་ཤས་ལས་སོང་མེད་ལ། ཨོ་གླིང་བུ་མོ་ཞིག་ལ་འོ་ཙམ་ཡང་བྱེད་མྱོང་མེད།
༡༥༽ མིག་སྔར་ཁྱོད་ལ་འཕྲད་པའི་དཀའ་ཁག་ཆེ་ཤོས་དེ་ཅི་རེད།
རང་ཉིད་སྒེར་ངོས་ལ་བསམ་བློ་བཏང་ན་ཕ་མ་གཙོ་བའི་གཉེན་ཉེ་ཚོར་གང་འདོད་དུ་ཐུག་འཕྲད་མེད་པ་ཙམ་ལས་དཀའ་ཁག་གཞན་ཅི་ཡང་མེད། རེད་དེ། མི་རིགས་གི་གནས་བབ་ལ་བསམ་བློ་བཏང་ན་འུ་ཚོར་ཐུན་མོང་ཡོད་པའི་དཀའ་ཁག་གཅིག་དང་གཅིག་ཡིན་ངེས་རེད།
༡༦༽ ཧ་ཅང་སུན་སྣང་སྐྱེ་དུས་ཁྱོད་ག་རེ་བྱས་ཀྱིན་ཡོད །
སུན་སྣང་སྐྱེ་བ་དང་བརྩེ་དུང་གི་དཀའ་ངལ་གཙོ་བའི་དཀའ་ངལ་དག་ལ་འཕྲད་དུས་གྲོགས་པོ་ཚོར་སྐད་ཆ་བཤད་བཞིན་ཡོད། སེམས་ནང་གི་དཀའ་ངལ་དག་གྲོགས་པོ་ཚོར་བཤད་བཞག་ཚེ་བློ་སེམས་བདེ་ལ་འབབ་བཞིན་འདུག སྐབས་རེར་སུ་ལའང་མ་བཤད་པར་རང་རང་གི་ངོས་ནས་བློ་སེམས་མི་བདེའི་ཕྱོགས་ལ་བློ་བསམ་གཏོང་གིན་ཡོད་ལ། དེབ་སོགས་ཀློག་ནས་དེས་རང་ལ་སེམས་གསོ་བྱ་ཐབས་བྱེད་བཞིན་ཡོད། དེབ་མང་པོ་ཀློག་ཐུབ་ཚེ་དཀའ་ངལ་དང་སུན་སྣང་ཕྲན་ཙམ་ལ་འཕྲད་ན་དེ་ནི་ཅི་ཡང་མིན་པ་མ་ཟད་གནད་འགག་གི་སྐབས་སུའང་རང་རང་ལ་ཆོད་སེམས་བརྟན་དུ་འགྲོ་ངེས་བར་སྙམ།
༡༧༽ ཁྱོས་རང་གི་ཁྱིམ་རྒྱུད་ཀྱི་མི་རབས་ག་ཚོད་ཙམ་ཡར་བརྩི་ཐུབ་ཀྱིན་འདུག
ང་རང་བརྩིས་པའི་མི་རབས་བཞི་བརྩི་ཐུབ་ཀྱིན་ཡོད།
༡༨༽ ད་ལྟའི་བར་ཁྱོས་རང་གིས་བསྒྲུབས་པའི་འགྱོད་པ་སྐྱེས་པའི་དོན་དག་ཅི་རེད།
བྱིས་དུས་སུ་སློབ་སྦྱོང་ཡག་པོ་ཞིག་མ་བྱས་པར་རང་མགོ་རང་གིས་གཡོག་ཏེ་ནམ་ཡང་ཕྱིར་ཡོང་མེད་པའི་དུས་ཚོད་མང་དག་ཆུད་ཟོས་སུ་བཏང་བ་དེ་རེད།
༡༩༽ ཁྱོས་ཁྱོད་རང་གི་མི་ཚེའི་འཁྲིག་པ་དང་པོ་དེ་ཕྱིེར་དྲན་ཞིག་བྱས་ན།
ཧ་ཧ་ཧ རེད་རེད། སྐབས་དེ་དུས་ང་ཅུང་ཆུང་རྒྱུ་རེད། ངེད་ཚང་གིས་ལོ་རྟག་ཏུ་གཞན་ལ་རྩྭ་ས་གླ་བཞིན་ཡོད་པ་རེད་། ལོ་ཞིག་ངེད་ཚང་གི་རྩྭ་ས་གླ་སའི་ཁྱིམ་ཚང་དེར་བྱིས་པ་ཆེ་ཆུང་གཉིས་ཀ་འདུག ང་ཚོ་རྟག་ཏུ་བེའུ་རྫི་ལ་སོང་ནས་རྩེད་མོ་འདྲ་མིན་རྩེ་གི་རེད། ཉིན་ཞིག་དེ་ཚང་ལ་བུ་མོ་ལོ་བཅུ་དྲུག་ཡས་མས་ཅན་ཞིག་ཡོད་པ་རེད། ང་ཚོ་མཉམ་དུ་རྩེད་མོ་རྩེས་པ་ཡིན། སྐབས་ཤིག་ལ་ཨ་ཕ་ཨ་མ་ཡིན་ཁུལ་གྱི་རྩེད་མོ་ཞིག་རྩེས་ཏེ་བུ་མོ་དེ་ཨ་མ་བྱས་ཤིང་ང་ཨ་ཕ་བྱས་པ་ཡིན། བུ་མོ་ཆུང་ཆུང་ཞིག་ཡོད་པ་དེ་བུ་ཕྲུག་ཡིན་ཁུལ་བྱས་ཏེ་རྩེད་མོ་རྩེས་པ་ཡིན། སྐབས་དེར་ཏག་ཏག་ཨ་ཕ་བྱེད་པའི་སྟ་གོན་བྱས་པ་ཡིན། དེ་ནི་མི་ཚེའི་ནང་གི་འཁྲུག་སྤྱོད་དང་པོ་ཡིན་ལ། ཚོར་བ་ཟེར་བ་ནའང་ཚ་བེར་བེར་ཙམ་ལས་ཅི་ཡང་མ་ཤེས་ཐལ།
༢༠༽ ཁྱོས་བལྟས་ན་བོད་ཀྱི་གནས་སྟངས་འདི་ལྟ་བུ་ཞིག་ཏུ་གྱུར་བའི་རྒྱུ་མཚན་ཅི་ཞིག་རེད་འདོད་ཀི
བདག་གི་བསམ་ཚོད་ལ། འུ་ཚོ་བོད་པ་ཚོ་གཞན་ལ་རེ་བ་བྱ་རྒྱུ་དང་མགོ་སྒུར་རྒྱུར་ཧ་ཅང་དགའ་བོ་ཡོད་རེད། ཡོད་ཚད་དཀོན་མཆོག་གསུམ་པོ་མཁྱེན་ཟེེར་བ་ལས་རང་ངོས་ནས་དཀའ་ལས་རྒྱག་མཁན་ཧ་ཅང་ཉུང་ཉུང་རེད། རེ་ཟུང་ཡོད་པའང་སྤྱི་ཚོགས་ཀྱི་ཟུར་ལ་ཕུད་དེ་མི་གྲལ་དུ་མི་འཇོག་པ་སོགས་ཀྱི་གནས་སྟངས་མང་པོ་བྱུང་བ་རེད། མདོར་ན་གཞན་ལ་སྙིང་རྗེ་རྫུན་མ་འདྲ་བྱས་ཏེ་རང་ལ་གྱོང་གུད་ཚབས་ཆེན་སྤྲད་པའི་གོམས་གཤིས་ངན་པ་དེ་ཤུགས་དྲགས་པས་རེད་འདོད་ཀི འདི་ནི་ཕྱོགས་ཆུང་ཆུང་ཞིག་རེད། འདིའི་སྐོར་ན་བཤད་ཚུལ་མ་འདྲ་བ་དང་གནས་སྟངས་མ་འདྲ་བ་ཧ་ཅང་མང་པོ་ཡོད་མོད། སྐད་ཆ་ཐུང་ཐུང་ཞིག་གི་ནང་ལ་བཤད་ཐུབ་པ་ཞིག་མ་རེད།
་་་་་་་་་་་་་་ བོད་དང་རྒྱ་གར་ལྟ་བུར་མཚོན་ན་གཞན་བསྟེན་གྱི་བསམ་བློ་དང་སྒྱིད་ལུག་གི་རྣམ་པ་ཧ་ཅང་ཤུགས་ཆེན་པོ་རེད། ལས་ཀ་ལས་རྒྱུ་དང་སློབ་སྦྱོང་བྱ་རྒྱུར་མི་དགའ་མཁན་ཧ་ཅང་མང་པོ་ཡོད་རེད། འདིས་རང་ཉིད་ལ་གནོད་པ་མ་ཟད་མི་རིགས་ཤིག་ལའང་རང་བཞིན་གྱིས་གནོད་བཞིན་ཡོད་པ་འདྲ་། ད་དུང་ཨོ་གླིང་གི་མིའི་ཀུན་སྤྱོད་བཤད་ན་བོད་པ་ཚོ་ཡ་རབས་ཡིན་ཚུལ་ལབ་པ་ནི་ཅི་ཡང་རེད་མི་འདུག ་་་་་་་་་་་་་་་་
དྲི་བ་དང་ལན་གཉིས་ཀ་ཡག་པོ་རྒྱག་བགྱིད་འདུག ཁྱོད་ཀྱིས་བཤད་པ་དེས། མི་མང་པོར་ཕན་བགྱིན་ཡོད་པ་སྨྲ་མི་དགོས་པ་རེད་སྙམ་མོ། འདིར་ཁྱོད་ཀྱིས་ལ། ཁྱོས་ཞེས་བྲིས་པ་འདི་མ་དག་པ་ཆེན་པོ་རེད་དོ།།
ཁྱོས་ལབ་པ། ཁྱོ་ཡིས་ལབ་པ། ཁྱོ་ག་ཡིས་ལབ་པ་ལས། ཁྱོད་ཀྱིས་ལབ་པ་ཞེས་མི་གོ་ལགས།
བཀླགས་པ་ཡིན། དྲང་པོར་བྲིས་པ་དེས་ཆ་ཚང་ཀློག་ཏུ་བཅུག་སོང་པས་ཡག་པོ་འདུག ཐུགས་རྗེ་ཆེ།
གྲོགས་སྦྱིན་པ་རྒྱ་མཚོས་བཤད་པའི་སྐད་ཆ་ནི་དངོས་ནས་བོད་རིགས་གསར་འབྱོར་བ་ང་རང་ལྟ་བུ་དག་གིས་བཤད་ན་འདོད་པའི་སྐད་ཆ་ཤ་སྟག་རེད་འདུག