རོཧིཏ་ཁུརཱནཱ་ཡིས་གསུངས། རང་འཚོལ་གྱིས་ཧིན་ཡིག་ལས་བསྒྱུར།
ང་ཚོ་ཚང་མས་རེ་འདོད་ལ་མཚམས་ཐིག་གཏན་ནས་མེད་པར་གསལ་པོ་ཤེས་ཀྱི་ཡོད། མཚམས་རེ་ང་ཚོས་མཉམ་པ་མི་བཞག་པར། སོ་སོའི་མི་ཚེ་ལ་དོ་གལ་གང་ཡང་མེད་པའི་མི་དེ་འདྲ་ལ་ཡང་རེ་བ་ཆེན་པོ་བྱེད་ཀྱིན་སྡོད་ཡོད། རེ་འདོད་ཀྱིས་ང་ཚོའི་མི་ཚེ་ལ་དབང་སྒྱུར་དུས་དེའི་མཇུག་འབྲས་ནི་བློ་ཕམ་ཉག་ཅིག་ལས་གང་ཡང་མེད། མི་ཚེའི་ནང་ང་ཚོ་བློ་ཕམ་སྐྱེ་བའི་དུས་ན། སོ་སོའི་ལེགས་འགྲུབ་མ་བྱུང་བ་ཐམས་ཅད་ཀྱི་རྒྱུ་རྐྱེན་ནི་རང་ཉིད་ལ་ཁག་འཇོག་གི་ཡོད། གལ་ཏེ་ང་ཚོས་རང་གི་ཆེད་དུ་རེ་འདོད་ལ་ཚད་གཞི་ཞིག་བཟོས་པ་ཡིན་ན། དེ་འདྲའི་ཡིད་ཆད་དེ་ཕལ་ཆེར་ཇེ་ཆུང་དུ་འགྲོ་གི་རེད།
གལ་ཏེ་ང་ཚོས་མི་ཁ་ཅིག་ལ་རེ་བ་རྒྱབ་འོས་པ་དང་འགའ་རེ་ལ་རེ་བ་རྒྱབ་རྒྱུ་མེད་པར་ཤེས་ན། ང་ཚོའི་མི་ཚེའི་དཀའ་ངལ་གང་མཚམས་ཤིག་དེ་རང་གིས་ཆུང་དུ་འགྲོ་གི་རེད། རེ་འདོད་ལ་ཡང་དབྱེ་བ་གཉིས་ཡོད་དེ། གཅིག་ནི་ང་ཚོས་མི་གཞན་དག་ལ་རེ་འདོད་བྱ་རྒྱུ་དེ་དང་། གཉིས་པ་དེ་ང་ཚོས་རང་ཉིད་ལ་རེ་འདོད་བྱ་རྒྱུ་དེ་ཡིན། རེ་འདོད་གཉིས་པོ་དེར་དོ་དམ་ཇི་ལྟར་བྱེད་མིན་ནི་ང་ཚོར་ཡོངས་སུ་རག་ལུས་ཡོད། དཔེར་ན་ང་ཚོས་ཉིན་གང་ལས་ཀ་བྱས་ནས་ནང་ལ་ལོག་དུས། སོ་སོའི་ཨ་མ་དང་སྐྱེས་དམན་དང་སྲིང་མོ་གང་རུང་ཞིག་གིས་ང་ཚོར་ཏན་ཏན་ཆུ་དྲང་གི་རེད་སྙམ་པའི་རེ་བ་རྒྱབ་ཀྱི་ཡོད། གལ་ཏེ་དེ་ལྟ་མ་བྱུང་ཚེ་ང་ཚོའི་སེམས་ནང་ལ་བློ་ཕམ་དང་ཡང་ན་ཁོང་ཚོར་ཁོང་ཁྲོ་ལངས་ཀྱི་རེད།
དེ་ལྟར་འབྱུང་དོན་ནི་ང་ཚོས་ཁོང་ཚོས་ཆུ་དྲང་ངེས་ཡིན་ཤག་གི་རེ་བ་ཆེ་དྲགས་པས་རེད། དེ་འདྲའི་སྐབས་སུ་རེ་འདོད་ཀྱི་མཐོ་དམའ་དེ་སྙོམས་སྒྲིག་བྱ་རྒྱུ་གལ་ཆེན་ཡིན། མི་གང་ཞིག་ལ་རེ་བ་ཚད་འདས་བརྒྱབ་ན། ང་ཚོའི་ཚོར་བ་དྲག་པོ་དེ་མི་དེར་ག་དུས་ལོག་པ་ཆགས་འགྲོ་གི་ཡོད་མེད་ང་ཚོ་རང་ཉིད་ཀྱིས་ཀྱང་ཚོར་གྱི་མེད། དོན་ངོ་མ་ནི། ང་ཚོས་མི་དེའི་ཆེད་དུ་ག་རེ་དང་ག་ཚོད་བྱས་ཡོད་ཀྱང་། ང་ཚོས་སུ་གང་ལས་ཀྱང་ཁེ་ཕན་གྱི་རེ་བ་བརྒྱབ་རྒྱུ་མེད། དེ་ལྟར་འབྲེལ་ལམ་ཟབ་མོའི་ཁྲོད་དུའང་རེ་འདོད་ཀྱི་རྒྱུ་རྐྱེན་ཁོ་ནའི་དབང་གིས་དཀའ་རྙོག་ཡོང་གི་ཡོད།
དེ་རིང་ང་ཚོས་སོ་སོའི་གྲོགས་པོའི་ཆེད་དུ་ལས་དོན་ཞིག་སྒྲུབ་ཡོད་ཅིང་། སང་ཉིན་གྲོགས་པོ་དེ་རྒྱུ་རྐྱེན་ཞིག་གི་རྐྱེན་པས་ཐབས་མེད་གྱུར་ནས་ང་ཚོའི་ཆེད་དུ་གང་ཡང་བྱེད་མ་ཐུབ་ཚེ། དེ་འདྲ་བ་དེ་མཛའ་འབྲེལ་གྱི་དམ་ཚིག་ཉམས་རྐྱེན་ཆགས་ཉེན་ཡོད་པ་རེད། གནས་སྟངས་དེ་འདྲའི་སྐབས་སུ་ང་ཚོས་རང་གི་གྲོགས་པོ་ཐབས་ཟད་དུ་གྱུར་པ་དེར་དགོངས་སེལ་གྱི་བསམ་ཤེས་བྱེད་ཀྱི་ཡོད། ལས་བཟང་བསྒྲུབས་ནས་མཚོ་རུ་གཡུག་ཅེས་པའི་ཁ་དཔེ་དེ་ཁྱེད་ཚོས་ཏན་ཏན་གོ་མྱོང་ཡོད་རྒྱུ་རེད། དེ་ནི་གལ་ཏེ་ང་ཚོས་སུ་ཞིག་གི་ཆེད་དུ་ལས་དོན་ཡག་པོ་ཞིག་སྒྲུབ་ཡོད་ན་དེ་དྲན་པ་བརྗེད་ན་ལེགས་ཞེས་པའི་དོན་ཡིན།
དྲན་པ་བརྗེད་ཅེས་པ་ནི། མི་དེ་ལས་དེའི་ཚབ་ཅིག་ཚུར་རག་རྒྱུའི་རེ་བ་མ་རྒྱབ་ཅེས་པའི་དོན་ཡིན། སྐད་ཆ་དེ་མི་ཚེའི་འཚོ་ལས་སྒྲུབ་དུས་རང་ཉིད་ཀྱི་ལས་རོགས་དང་རྒན་པ་དང་སྦྱིན་བདག་སོགས་ཀྱིས་རེ་འདོད་བྱས་ན། ཁོང་ཚོར་རྒྱབ་བརྟེན་བྱ་རྒྱུ་དེ་ང་ཚོར་གལ་ཆེ་ཡིན། དེས་ང་ཚོས་སོ་སོའི་ལས་དོན་རྣམས་འགན་འཁྲི་ཡི་ཐོག་ནས་སྒྲུབ་ཀྱི་ཡོད་པ་དང་ཆབས་ཅིག རང་ཉིད་ཀྱི་ཉེ་འཁོར་གྱི་མི་རྣམས་ལ་ཡང་དོ་སྣང་བྱེད་ཀྱི་ཡོད་པར་མཚོན་གྱི་ཡོད། འདིའི་སྐབས་སུ་རེ་འདོད་དེ་ཡི་རངས་དང་འབྲེལ་བ་ཆགས་ཡོད། ང་ཚོ་མངག་མི་དགོས་པར་སོ་སོའི་སྦྱིན་བདག་གི་རེ་བ་ཡོངས་སུ་སྒྲུབ་ཀྱི་ཡོད་ན། གང་ཞིག་ནས་ཀྱང་དེའི་ཤུགས་རྐྱེན་དེ་ང་ཚོའི་མི་ཚེའི་འཚོ་ལས་ལ་ཐེབས་ངེས་པ་རེད། ང་ཚོའི་སྦྱིན་བདག་དང་ལས་རོགས་དང་རྒན་པ་རྣམས་ང་ཚོར་དགའ་བ་སྒོམ་དགོས་པ་ཆགས་ཀྱི་རེད།
གང་དུ་འཚོ་ལས་ཀྱི་མི་ཚེ་ནང་རེ་འདོད་བསྒྲུབས་ནས་ཤུགས་རྐྱེན་བཟང་པོ་ཐེབས་ཀྱི་ཡོད་པར། དེར་སྒེར་གྱི་མི་ཚེར་རང་ཉིད་ཀྱི་རེ་བ་རྣམས་ཡོངས་སུ་བསྒྲུབས་ནས་ང་ཚོས་འབྲེལ་ལམ་ཡག་ཏུ་བཏང་ཐུབ་ཀྱི་རེད། ང་ཚོས་རེ་བ་མེད་པར་མི་གང་ཞིག་གི་ཆེད་ལས་དོན་ཞིག་བསྒྲུབས་ན། ང་ཚོའི་དཀའ་རྙོག་ཕྱེད་ཀ་དེ་རང་དུ་སེལ་འགྲོ་གི་རེད། གཞན་གྱི་དགའ་བ་ལ་རྗེས་སུ་ཡི་རངས་བྱ་རྒྱུ་དེ་གནད་ཆེ་ཡིན། ནམ་ཞིག་གི་ཉིན་མོར་མི་ཚང་མས་དེ་འདྲའི་བསམ་བློ་དེ་ཁུར་ཐུབ་ན། རང་ཉིད་ལ་བློ་ཕམ་སྐྱེ་འཇུག་གི་མ་རེད། འགྲོ། ང་ཚོས་མཉམ་རུབ་ཀྱིས་དེ་རིང་ནས་སུ་ལ་རོགས་བྱས་ཀྱང་། ཚུར་ཐོབ་རེ་གང་ཡང་མི་བྱེད་པའི་ཁ་ཆད་གཞག་རྒྱུ་ཡིན། སུ་གང་ལ་ཡང་རེ་བ་རྒྱབ་སྡོད་མཁན་གྱི་མི་རྣམས་ནི་ཉིན་ལྟར་བློ་ཕམ་གང་ཞིག་སྐྱེ་གི་སྡོད་ཡོད།
ང་ཚོས་མི་ཉུང་ཤས་ལ་སྙིང་ཉེ་བོ་བྱེད་པ་ནང་ལྟར། རེ་བ་ཡང་མི་ཉུས་ཤས་ལས་མ་རྒྱབ་ན་ང་ཚོར་སེམས་སྡུག་ཡོང་ཐུབ་ཀྱི་མ་རེད། སེམས་སྡུག་ཡོང་མི་ཡོང་དེ་ང་ཚོའི་གདམ་ག་ཡིན་པ་ཡིད་ལ་ཟུང་། རེ་བ་ནི་ཁྱེད་ལ་ཡིད་ཆད་མི་འཇུག་པའི་ཡིད་ཆེས་ཡོད་པའི་མི་དེ་ཁོ་ནར་བྱ་དགོས། དེ་ལྟ་ནང་འང་ངས་བལྟས་ན་ཁྱེད་ཀྱིས་སུ་ལ་ཡང་རེ་འདོད་བྱ་རྒྱུ་མེད། དེ་ཅུང་ཁག་པོ་ཡིན་ཀྱང་མི་སྲིད་པ་ཞིག་ནི་ག་ལ་ཡིན། ང་ཚོའི་བདེ་སྐྱིད་དེ་ནི་ཧ་ཅང་རིན་ཆེན་ཡིན་པས་རྒྱུ་རྐྱེན་གང་ཞིག་གི་རྐྱེན་པས་དེ་བོར་དུ་མ་འཇུག
༼རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་རོཧིཏ་ཁུརཱནཱ་ཡིས་གསུངས་པ་ཞིག ཨཡི་ནེཀས་ཞེས་པའི་ཧིནྡཱི་གསར་ཤོག་སྟེང་བཀོད་པ་ལས་བོད་བསྒྱུར་བྱས།༽
ནོར་བཅོས་་་་་་་དེ་ཅུང་ཁག་པོ་ཡིན་ཀྱང་མི་སྲིད་པ་ཞིག་ནི་ག་ལ་ཡིན།
བརྣབ་སེམས་ཡིད་ཀྱི་རེ་བ་འཇོམས། །ཞེས་གསུངས་པ་མཚུངས་པར་གསུངས་འདུག་སྙམ། བོད་བསྒྱུར་གྱིས་བོད་ཡིག་དང་། བོད་སྐད་ལ་ཕན།