གཅན་ཡེ་རྒྱམ།
དེ་རིང་ནི་བསིལ་རླུང་འཇམ་ཞིང་ལྗང་མདོག་རྒྱས་ལ། མཛེས་པའི་མེ་ཏོག་གི་ཞལ་ཁ་བཞད་པ་མཐོང་རྒྱུ་ཡོད་པའི་དཔྱིད་ཟླ་ར་བའི་ཉིན་མོ་ཞིག་རེད། ང་རང་གཅིག་པུས་མཚོ་འགྲམ་དུ་གྲང་ཤུར་ཤུར་གྱི་དུས་ཚིགས་ཤིག་རྒྱབ་ཏུ་བསྐྱུར་ཞིང་། དྲོད་འཇམ་འཇམ་གྱི་ནམ་ཟླ་ཞིག་གི་གདོང་བསུས་ནས་དྲོ་འཇམ་གྱི་རླུང་བུ་དང་ཉི་འོད་ལོངས་སུ་སྤྱོད་ཞོར་འཚོ་བ་ནི་ཅི་འདྲའི་སྐྱིད་པ་ལའང་སྙམ་ནས་སྡོད་སྐབས། གློ་བུར་དུ་ཉེ་ཆར་རང་ཉིད་ཀྱི་གྲོགས་པོ་དོན་འགྲུབ་དང་ཁོང་གི་བཟའ་ཟླ་ཆོས་བཟང་སྒྲོལ་མ་གཉིས་ཀྱི་བར་ལ་བྱུང་བའི་གནས་ཚུལ་ཞིག་སེམས་ལ་ལྷང་ངེར་དྲན་བྱུང་། དེར་བརྟེན། དེ་རིང་ངས་ཁོང་གཉིས་ཀྱི་བར་དུ་བྱུང་བའི་རྙོག་འཛིངས་ཅན་གྱི་གནས་ཚུལ་དེའི་སྐོར་ཁ་བརྡ་ཐུང་ཐུང་ཞིག་བྱས་པའི་བརྒྱུད་རིམ་ཞིག་ཞུ་ན་བསམ་བྱུང་།
དེ་ཡང་ཆོས་བཟང་སྒྲོལ་མས་ང་ལ་འདི་འདྲ་ཞིག་གསུངས་བྱུང་། “དོན་འགྲུབ་དང་ངེད་གཉིས་ལ་ཆ་མཚོན་ན་གཞན་སུ་ཞིག་གིས་ཀྱང་ཕན་ཚུན་ངོ་སྤྲོད་བྱེད་མ་དགོས་པར་རང་འདོད་ཀྱིས་དགའ་རོགས་བསྒྲིགས་པ་ཡིན་ལ། ད་དུང་སུ་དང་གང་གིས་ཀྱང་འགན་འཁུར་མི་དགོས་པར་བཟའ་ཚང་གི་འཚོ་བ་མཉམ་སྐྱེལ་བྱེད་རྒྱུ་བྱས་པ་ཡིན། དང་པོ་ངའི་མི་ཚེའི་ནང་གི་གནས་ཚུལ་ཁ་ཤས་དོན་འགྲུབ་ལ་གསང་བ་བྱས་ཏེ་མ་བཤད་པ་བདེན་པ་ཡིན། གསང་བ་བྱས་པ་དེ་ང་རང་གི་ནོར་འཁྲུལ་ཞིག་ཡིན་པའང་ངས་ད་ལྟ་ཤེས་ཡོད། ཡིན་ནའང་། ད་ནི་ཡོད་ཚད་ཕྱིས་དྲགས་པ་རེད། ཐོག་མ་ཉིད་ནས་ནོར་འཁྲུལ་དེ་ལྟར་ཤོར་སོང་། ནོར་འཁྲུལ་ཤོར་སྟངས་དེ་ཅུང་མ་ཞུས་ན་ང་རང་ངོས་ནས་མ་འགྲིག་པ་ཞིག་ཏུ་མཐོང་གི་འདུག ང་ཚོ་གནས་སྡོད་བྱེད་སའི་ས་གནས་སུ་དོན་འགྲུབ་མིང་ཅན་གྱི་སྐྱེས་པ་ཁ་ཤས་ཡོད། དོན་འགྲུབ་རིང་པོ་དང་། དོན་འགྲུབ་ནག་པོ་དང་། དོན་འགྲུབ་དཀར་བོ་བཅས་དོན་འགྲུབ་འདི་གསུམ་ནི་ངས་ང་རང་ཚོའི་ས་གནས་སུ་ངོ་ཤེས་པའི་དོན་འགྲུབ་གསུམ་དེ་རེད། འོན་ཀྱང་དོན་འགྲུབ་འདི་དག་ལས་ད་དུང་གཞན་པའི་དོན་འགྲུབ་་ཡོད་ངེས་ཀྱང་ངས་མི་ཤེས། གང་ལྟར་ངའི་དགའ་རོགས་དོན་འགྲུབ་ནི་དོན་འགྲུབ་དཀར་པོ་ཞེས་པ་དེ་རེད། ངེད་གཉིས་ངོ་མ་ཤེས་སྔོན་ནས་ཁོང་ང་ཚོའི་ས་གནས་སུ་ཕོ་གསར་མིང་གྲགས་ཡོད་མཁན་ཞིག་རེད། དེ་ཡང་ས་གནས་ཀྱི་གཞོན་ནུ་བུ་མོ་ཚོའི་ཁྲོད་ན་རྒྱུན་དུ་རྩོད་གཞི་དང་ཀུན་གྱི་གླེང་གཞིར་གྱུར་བའི་ཕོ་གསར་སྟག་འདྲ་བ་དེའང་ཡིན་པས། ཕོ་གསར་ཁོང་འདྲ་བར་སེམས་ཤོར་བ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཡིན་པ་བུ་མོ་ཚང་མའི་སེམས་ན་ཤེས་ཤེས་ལྟ་བུ་ཡིན། ནམ་རྒྱུན་ང་རང་ལས་ཀར་འགྲོ་དུས་དང་། དེ་བཞིན་བོད་མི་འདུ་འཛོམས་བྱེད་སྐབས་སོགས་སུ་ཁོ་དང་ཡང་ཡང་འཕྲད་ཅིང་ཡང་ཡང་ཐུག་གི་འདུག་ནའང་ཁོང་དང་མཉམ་དུ་སྐད་ཆ་བཤད་པའི་སྤོབས་པ་ང་ཡིས་རྙེད་མ་བྱུང་།
གང་ལྟར་ཐེངས་ཤིག་ང་ཚོ་གྲོགས་མོ་འགའ་ས་གནས་ཀྱི་མཚན་ཚོགས་ཤིག་ཏུ་འགྲོ་སྐབས་ཁོ་ཡང་དེར་འདུག་པ་མཐོང་བྱུང་། སྐབས་དེར་ངའི་གྲོགས་མོ་བདེ་སྐྱིད་ཀྱིས་ངའི་ཨ་མཆོག་ནང་དུ་ “ཝེ་ཆོས་བཟང་སྒྲོལ་མ། ཕར་ལྟོས་དང་། ཁྱོད་རང་ནམ་རྒྱུན་དགའ་ཡི་འདུག་ཟེར་སའི་ཕོ་གསར་དོན་འགྲུབ་ཕ་གིར་འདུག ཁོང་དང་མཉམ་དུ་ཞབས་བྲོ་འཁྲབ་པར་འགྲོ།” ཅེས་ངའི་རྣ་རྩར་སྐད་ཤུགས་ཆེན་པོས་བཤད་ཞོར་བདག་གི་གཡོན་ལག་ལ་འཇུས་ནས་ཡར་འཐེན་བྱུང་། ཡིན་ནའང། ང་རང་བློ་ཁོག་གིས་མ་འདང་བས་ཁོའི་ཉེ་སར་འགྲོ་ཕོད་མ་སོང་།
གློག་འོད་དཀར་སེར་དམར་ལྗང་འཁྱུག་ཙམ་ཡལ་ཙམ་བྱེད་པའི་མག་མོག་གི་མཚན་ཚོགས་ཁང་དུ་ཕོ་གསར་མོ་གསར་ཚོས་དེང་རབས་རོལ་དབྱངས་ཀྱི་འཕར་ཤུགས་དང་བསྟུན་ནས་མགོ་དང་སྐྲ་ལོ། ལག་པ་དང་རྐང་པ། ད་དུང་རྐུབ་སོགས་ཕར་གཡུག་ཚུར་གཡུག་བྱེད་ཀྱིན་པའི་རྣམ་པ་ནི་ཧ་ཅང་དགོད་བྲོ་བ་ཞིག་ཡིན་ནའང་། མི་ཚོགས་ཀྱི་ངོ་གདོང་ཡོངས་རྫོགས་འཛུམ་གྱིས་ཁེངས་བའི་རྣམ་འགྱུར་ལ་བལྟས་ན་མཚན་ཚོགས་ཟེར་བ་འདི་ལའང་དོན་གྱི་སྙིང་པོ་ཞིག་ཡོད་པ་འདྲ་ཨང་སྙམ་པའི་ཚོར་བ་ཞིག་བྱུང་།
ངས་མཚན་ཚོགས་ཁང་གི་ཟུར་ཞིག་ནས་སྦི་རག་ཅིག་ཧུབ་འཐུང་བྱེད་བཞིན་དོན་འགྲུབ་ཀྱི་ཕྱོགས་ལ་བལྟས་ནས་བསྡད་པ་ཡིན། ཁོས་ཞབས་བྲོ་འཁྲབ་དུས་ཧ་ཅང་ཉམས་འགྱུར་ལྡན་པ་མ་ཟད། འཁྲབ་རོགས་ཀྱི་ཕོ་མོའི་དབྱེ་བ་དང་། རྒན་གཞོན་གྱི་དབྱེ་བ་སོགས་གང་ཡང་མེད་པར་འཁྲབ་བཞིན་འདུག ལྷག་པར་དུ་ངོ་གདོང་ལ་འཛུམ་མདངས་ཚད་མེད་ཅིག་བསྣམས་ནས་གང་འདོད་དུ་ཞབས་བྲོ་འཁྲབ་བཞིན་པར་བལྟས་ན་སྣང་བ་སྐྱིད་མདོག་ཁ་པོ་ཞིག་འདུག ཁོང་གིས་ཨིན་ཇིའི་ཞབས་བྲོ་འཁྲབ་ཤེས་པ་མ་ཟད། ད་དུང་རྒྱ་གར་གྱི་ཞབས་བྲོ་དང་། བོད་བྲོ་སོགས་ཀྱང་གང་འདོད་ལྟར་འཁྲབ་པས། ང་ལའང་ཁོང་དང་མཉམ་དུ་ཞབས་བྲོ་འཁྲབ་ན་སྙམ་པའི་འདོད་པ་དྲག་པོ་ཞིག་སྐྱེས་པ་དང་མཉམ་དུ་སེམས་ཀྱི་ནང་དངངས་འཚབ་ཅིག་ཀྱང་ངང་གིས་ལངས་བྱུང་།
མཚམས་ཤིག་ལ་སྦི་རག་གིས་ཅུང་བཟི་ནས་བློ་ཁོག་རྒྱས་པས། ང་ཡང་ཁོ་ཡོད་སར་སོང་ནས་ཁོང་དང་མཉམ་དུ་གཞས་གཅིག་མ་རྫོགས་བར་དུ་ཞབས་བྲོ་འཁྲབ་པ་ཡིན། དེ་དང་མཉམ་དུ་ངས་ཁོང་གི་ཨམ་ཆོག་ནང་ལ་སྐད་ཆ་ཞིག་ཀྱང་བཤད་པ་ཡིན། ངས་བསམ་ནས་དོན་འགྲུབ་ཀྱིས་ངས་དེ་དུས་བཤད་པའི་སྐད་ཆ་དེ་ད་ལྟའི་བར་སུ་གང་ལའང་བཤད་ཡོད་ཀྱི་མ་རེད་སྙམ། རྒྱུ་མཚན་ནི་དེ་གསང་བ་ཞིག་ཡིན། གསང་བ་དེ་ང་ལའང་བཤད་འདོད་མེད།
གང་ལྟར་སྐད་ཆ་དེ་གོ་བ་དང་དོན་འགྲུབ་ཀྱིས་ངའི་ཕྱོགས་ལ་དམིགས་བསལ་གྱི་དོ་སྣང་ཞིག་སྤྲད་དེ་ང་དང་མཉམ་དུ་ཡང་བསྐྱར་ཞབས་བྲོ་འཁྲབ་འགོ་ཚུགས་ཤིང་། སྐབས་དེའི་གཞས་ནི་ཕུར་བུ་རྣམ་རྒྱལ་ལགས་ཀྱིས་བཏང་གནང་བའི་༼བྱམས་པ་སྒྲོལ་མ་ལགས༽ཞེས་པའི་གཞས་དེ་རེད། མི་ཚོགས་ཀྱིས་ཀྱང་སྐད་གསེང་མཐོན་པོས་གཞས་དེ་མཉམ་གཏོང་བྱེད་བཞིན་ཞབས་བྲོ་འཁྲབས་པས་དེར་འདུས་ཁྲོམ་པའི་མཁའ་དབུགས་དགའ་སྤྲོ་དང་སྐྱིད་སྣང་གིས་ཁེངས་འདུག ༼ཉམ་ཆུང་བུ་ངའི་སྙིང་གི་ཚི་ལུ་ཡིན་ལགས་ཞུས་པས་༽ཅེས་གཞས་ཚིག་ཚན་པ་དེ་གྲགས་སྐབས་དོན་འགྲུབ་ཀྱིས་ངའི་སྐེད་པར་འཐམས་ནས་ཞབས་བྲོ་འཁྲབས་པས། དེར་འདུས་མི་ཚོགས་ཀྱིས་ཀི་འདེད་པ་དང་སྐད་ཅོར་རྒྱག་བཞིན་ངེད་གཉིས་མི་མང་གི་དཀྱིལ་ལ་བཅུག་སོང་། སྐབས་དེར་ང་ནི་ངོ་ཚ་བ་མ་ཟད་ཁ་ཡང་སྐྱེངས་ནས་ཅི་བྱེད་འདི་བྱེད་མི་ཤེས་པའི་གནས་སུ་གྱར་སུ་བཅུག་སོང་མོད། ངས་གཞས་དེ་མ་རྫོགས་པར་ཨུ་ཚུགས་ཀྱིས་དོན་འགྲུབ་གློད་མེད། སྐབས་དེ་དུས་མི་མང་པོ་ཞིག་གིས་ང་ལ་དོ་སྣང་བྱུང་ཡོད་ཤག་རེད་ལ། རྒྱབ་བཤད་ཀྱང་གང་མང་ཞིག་བརྒྱབ་ཡོད་ཡོད་རེད། འོན་ཀྱང་མི་མང་གི་ཁ་སངས་རྒྱས་ཀྱིས་མི་ཆོད། ཅེས་པའི་དཔེ་ལྟར་གཞན་པས་ག་རེ་བཤད་ན་བཤད་དུ་ཆུག གང་ལྟར་ང་རང་ནི་སེམས་ཧ་ཅང་སྐྱིད་པོ་བྱུང་སོང་། ནང་དུ་འབྱོར་བ་དང་ལམ་སེང་ཉལ་བ་ཡིན་མོད། མཚན་ཚོགས་སྐབས་སུ་བྱུང་བའི་གནས་ཚུལ་དག་ཡིད་ལ་ཡང་ཡང་འཁོར་ནས་ཉལ་སའི་འགྲེ་ལོག་རྒྱག་པ་ལས་གཉིད་རྩ་བ་ནས་ཁུག་ཐུབ་མ་སོང་། ཞོགས་པའི་སྐྱ་རེངས་ཤར་དུས་གཞི་ནས་གཉིད་དུ་ཡུར་འདུག
བདུན་ཕྲག་གཅིག་གི་རྗེས་ཏག་ཏག་ཅིག་ལ་ངེད་གཉིས་ཟ་ཁང་ཞིག་ལ་དུས་ཆད་བྱས་ཤིང་། ཟ་ཁང་སྒོ་མ་བརྒྱབ་བར་དུ་ཁ་བརྡ་མང་པོ་ཞིག་བྱས་ནས་བསྡད་པ་ཡིན། དངོས་གནས་བྱས་ན་འབྲེལ་བ་གང་ཞིག་དང་པོ་འགོ་འཛུགས་དུས་འདས་ཟིན་པའི་གནས་ཚུལ་ཡག་སྡུག་གང་ཞིག་ཡིན་རུང་མ་གསང་བར་ཕན་ཚུན་ལ་གསལ་གསལ་ཐང་ཐང་ཞིག་བཟོ་དགོས་ངེས་ཡིན་པ་བཞིན། དོན་འགྲུབ་ཀྱིས་ཀྱང་རང་ཉིད་དང་འབྲེལ་བའི་གནས་ཚུལ་དག་ང་ལ་གསལ་བོར་བཤད་བྱུང་ལ། ངས་ཀྱང་རང་ཉིད་ལ་དགའ་རོགས་ཡོད་པ་དང་། ད་དུང་ཕྲུ་གུ་ཡོད་པའི་གནས་ཚུལ་མ་གཏོགས་གཞན་ཚང་མ་ཁོང་ལ་བརྗོད་པ་ཡིན། ངས་འདི་ལྟར་བྱེད་དགོས་པའི་རྒྱུ་མཚན་ནི་རང་ལ་དོན་འགྲུབ་ལྟ་བུའི་ཕོ་རྒོད་ཞིག་དགའ་རོགས་སུ་རེག་ན་དགའ་རོགས་གཞན་དེ་སེམས་ནས་དོར་ཆོག་ཆོག་ཅིག་ཡིན་མོད། རང་ཉིད་ཀྱི་ཤ་ལས་མཆེད་པའི་ཕྲུ་གུ་ཚོ་དེ་ལྟར་དོར་ཐབས་ག་ལ་ཡོད། ལྷག་པར་ཕ་མེད་ཀྱི་ཕྲུ་གུ་ཚོ་ང་གཅིག་པུ་ལ་རེ་ཞིང་བརྟེན་ནས་ཡོད་པས། ངས་ཁོང་ཚོ་བསྐྱུར་བ་ཡིན་ན་འཇིག་རྟེན་གྱི་ཆོས་ཉིད་དང་མི་མཐུན་ལ། ལས་རྒྱུ་འབྲས་ལའང་མི་འགྲོ། འདི་ལྟར་བསམས་པས་ངས་ཕྲུ་གུའི་སྐོར་ཁོང་ལ་ཚིག་གཅིག་ཀྱང་བཤད་མ་ཕོད། ངས་བསམ་ནས་དོན་འགྲུབ་ཀྱིས་ཀྱང་ང་ལ་ཕྲུ་གུ་ཡོད་མེད་ཀྱི་ཕྱོགས་ལ་བསམ་བློ་བཏང་ཡོད་རྒྱུ་མ་རེད་ལ། དགའ་རོགས་ཡོད་མེད་སྐོར་ལའང་དེ་དུས་གང་ཡང་དྲིས་མ་སོང་། གང་ལྟར་ངས་ཚིག་ཐག་བཅད་ནས་བཤད་ཆོག་པ་ཞིག་ནི་གལ་ཏེ་ཁོང་གིས་ང་ལ་ཕྲུ་གུ་དང་དགའ་རོགས་ཡོད་པ་ཤེས་ན་ཁོ་ང་མཉམ་དུ་མི་སྡོད་པ་ནི་ངས་མ་བཤད་ཀྱང་ཀུན་གྱིས་གསལ་བོར་ཚོད་དཔག་བྱེད་ཐུབ་པ་ཞིག་མ་ཡིན་ནམ། དེར་བརྟེན་ང་ཇི་འདྲའི་ཐབས་སྐྱོ་ནའང་གནས་ཚུལ་དེ་ནི་གསང་བ་བྱེད་དགོས་པ་རང་ཉིད་ཀྱི་སེམས་ལ་གསལ་བོར་བཟུང་ཡོད། དེ་ནི་ང་ཁོང་ལ་དགའ་དྲགས་པས་ཡིན་པ་ལས་གང་ཡང་མིན།
སྐབས་དེ་དུས་ངས་ཁོང་དང་མཉམ་དུ་མི་ཚེའི་དུས་ཡུན་གང་འདྲ་ཞིག་དང་། ལོ་དང་ཟླ་བ་ག་ཚོད་ཆོད་མིན་རྩིས་རྒྱག་རྒྱུ་མ་བྱུང་། ངེད་གཉིས་བར་དུ་ལུས་འབྲེལ་མ་བྱུང་བར་དུ་ང་ཁོང་གི་རྗེས་ཏག་ཏག་ལ་རྒྱུགས་ནས་བསྡད་པ་ཡིན། ངེད་གཉིས་ལུས་འབྲེལ་བྱུང་རྗེས་གཞི་ནས་ང་བློ་བདེ་བོ་བྱུང་། རིམ་བཞིན་ངའི་ཕྲུ་གུ་ཚོ་ཡང་རྒྱ་གར་ནས་གནས་འདིར་རེ་རེ་བཞིན་འབྱོར་བས་ང་ལ་ཕྲུ་གུ་ཡོད་པའི་གནས་ཚུལ་དེ་གསལ་ཁ་བྱུང་ནའང་ཁོང་ལ་དམིགས་བསལ་གྱི་རྣམ་འགྱུར་གང་ཡང་སྟོན་རྒྱུ་མི་འདུག་པར་བལྟས་ན་ཁོང་མི་ཡག་པོ་ཞིག་ཡིན་པ་གསལ་བོ་རེད། ཡིན་ནའང་། དོན་འགྲུབ་ཁོ་རང་གིས་བུ་མོ་གཞོན་ནུ་མ་ཚོ་མཐོང་བ་དང་ཞི་མིས་ཤ་མཐོང་བ་ལྟར་གདོང་ལ་འཛུམ་གྱིས་ཁེངས། ཁོག་ལ་གཡོ་སྒྱུས་ཁེངས་བཞིན་དགའ་མདོག་མདོག་གིས་རྗེས་སུ་རྒྱུགས་འགྲོ་བ་རེད། དེ་ནི་ངས་བཟོད་པ་སྒོམ་མི་ཐུབ་པའི་ཁོང་གི་བྱ་སྤྱོད་གཅིག་པོ་དེ་ཡིན་ཞེས་ངེད་གཉིས་བར་དུ་ཁ་རྩོད་མང་དག་ཅིག་བྱུང་བའི་གནད་འགག་དང་རྒྱུ་རྐྱེན་ཡང་འདི་ཡིན།” ཞེས་ང་ལ་བརྗོད་བྱུང་།
དོན་འགྲུབ་ཀྱིས་བཤད་ན་ “ཆོས་བཟང་སྒྲོལ་མ་ངེད་གཉིས་དགའ་རོགས་བྱས་ནས་ཟླ་ངོ་འགའ་འགོར་སྐབས་ངས་ཐབས་ཤེས་གང་ཡོང་སྤྱད་ནས་གཞུང་གི་དངུལ་ཁང་ནས་དངུལ་བུན་ཆེན་པོ་ཞིག་གཡར་ནས་དོ་སྐྱེལ་རླངས་འཁོར་ཆེན་པོ་ཞིག་ཉོས་པ་དང་། ལོ་གཅིག་དང་ཕྱེད་ཙམ་རིང་ངས་དོ་སྐྱེལ་རླངས་འཁོར་དེ་བཏང་ནས་གཞན་གྱི་ཚོང་ཟོག་དང་ཅ་དངོས་ཕར་སྐྱེལ་ཚུར་ལེན་བྱས་པ་ལས་ཡོང་སྒོ་ཡང་གང་ཙམ་བསགས་ཐུབ་པ་བྱུང་། ངས་ཉིན་མཚན་ལྟོས་མེད་དུ་དཀའ་ལས་བརྒྱབ་པའི་འབྲས་བུར་ཁང་པ་ཞིག་ཀྱང་བུ་ལོན་དང་མཉམ་དུ་ཉོ་ཐུབ་པ་བྱུང་། ལམ་འགྲོ་རྒྱུགས་པའི་སྐབས་སུ་ཁྱིམ་ཚང་གི་གནས་སྟངས་ཀྱང་གང་འགྱོགས་ཡར་རྒྱས་ཕྱིན་པ་རེད་མོད། ལས་ལ་གང་བཀོད་མ་གཏོགས་སེམས་ལ་གང་དྲན་མ་རེད་ཅེས་པའི་གཏམ་དཔེ་བཞིན། ལས་དང་ལམ་འགྲོ་མེད་པ་ཡིན་ན་གང་ཡིན་གང་ལྟར་ང་ལ་ཕྱི་ནང་གི་རྐྱེན་ངན་འཚང་ཀ་ཤུག་ཤུག་གིས་འཕྲད་དེ་ཉིན་ཞིག་གློ་བུར་དུ་ཞེད་སྣང་ཚ་བོའི་འགྲུལ་བཞུད་དོན་རྐྱེན་ཞིག་བྱུང་ནས་དོ་སྐྱེལ་རླངས་འཁོར་གཞུང་བཞེས་ཀྱིས་མེད་པར་གྱུར་སོང་། དོ་སྐྱེལ་རླངས་འཁོར་དེ་མེད་པར་གྱུར་བ་ནས་བཟུང་ཁྱིམ་ཚང་འདི་ཡང་སྟོང་མགོ་ཚུགས་སོང་ལ། དེས་མ་ཚད་འགྲུལ་བཞུད་དོན་རྐྱེན་དེའི་དབང་གིས་གྱོད་དོན་ཁྲིམས་ཁང་དུ་ཚུད་པ་དང་། ཁྲིམས་རར་ཡང་ཡང་ནས་ཡང་དུ་འགྲོ་དགོས་པ་མ་ཟད། ཉེས་ཆད་ཀྱི་དངུལ་ཡང་ཕོན་ཆེན་སྤྲོད་དགོས་ཀྱི་ཡོད་པས། འདི་ནི་འཚོ་བ་དང་མི་ཚེའི་དཀའ་ངལ་ཆེ་ཤོས་ཤིག་རེད། །
ཆོས་བཟང་སྒྲོལ་མ་ངེད་གཉིས་མཉམ་སྡོད་བྱེད་འགོ་བཙུགས་ནས་ཟླ་ངོ་ཁ་ཤས་འཁོར་ཙམ་ལ་མ་གཏོགས་ངས་མོ་རང་ལ་ཕྲུ་གུ་ཡོད་པ་ཤེས་མ་སོང་མོད། ངས་ཁོ་མོར་འཁང་ར་དང་ལས་བདའ་བྱས་མ་མྱོང་ལ། བྱས་ཀྱང་ཕན་ཐོགས་གང་ཡང་མི་འདུག རྒྱ་གར་ནས་ཁོ་མོའི་ཕྲུ་གུ་དག་ཚུར་ལེན་པའི་ལས་དོན་ཐད་ངས་ཀྱང་ཕྱོགས་ཡོངས་ནས་འབད་བརྩོན་བྱས་པ་ཡིན། དང་པོར་ཕྲུ་གུ་བུ་ཞིག་འབྱོར་བ་རེད། བུ་དེ་ནི་བློ་རིག་བཀྲ་ཞིང་སློབ་སྦྱོང་ལ་བརྩོན་འགྲུས་ཆེ་བས་ང་རང་ཡང་ཧ་ཅང་བློ་ཡིད་ཚིམ་པ་ཞིག་བྱུང་ལ། ད་དུང་རང་ཉིད་ལ་བུ་ཚབ་འདི་འདྲ་ཞིག་བྱུང་བ་ནི་རང་ཉིད་ཀྱི་བསོད་ནམས་ཡིན་བསམ་བཞིན་ངས་ཀྱང་ཁོང་ལ་གང་ཡག་བྱས་པ་ཡིན། བུ་ཡིས་ཀྱང་ང་ལ་པཱ་ལགས་ཟེར་བཞིན་བརྩི་བཀུར་ཆེ་བས། ངས་ཀྱང་རང་ལ་ད་བར་ཕྲུ་གུ་གཅིག་ཀྱང་མེད་པའི་རྐྱེན་གྱིས་ཁོ་ལ་རང་གི་ཤ་ལས་མཆེད་པའི་བུ་ཕྲུག་ནང་བཞིན་གང་ཡོང་ཅི་ལྕོགས་ཀྱིས་ཤ་ཚ་ཚ་དང་སྙིང་ཉེ་ཉེ་བྱས་པ་ཡིན། དེ་ལྟར་ཟླ་བ་འགའི་རྗེས་སུ་ངེད་གཉིས་ཀྱི་བར་ལ་ཕ་བུ་ངོ་མ་ལྟ་བུའི་བརྩེ་དུང་ཟབ་མོ་ཞིག་སླེབས་བྱུང་།
དེ་ནས་ཡང་བསྐྱར་ལོ་གཅིག་དང་ཕྱེད་ཀྱི་རྗེས་སུ་བུ་མོ་གསུམ་འབྱོར་བ་དང་། དེའི་ཁྲོད་ཀྱི་གཅིག་ནི་ལོ་བཅུ་བཞི་དང་གཞན་དེ་གཉིས་ནི་ལོ་བཅུ་དྲུག་དང་ལོ་བཅུ་བདུན་བཅས་རེད། ཁོང་གསུམ་ས་གནས་འདི་གར་སླེབས་ནས་ཟླ་བ་བདུན་གྱི་རྗེས་སུ་ངའི་ཚོང་ཟོག་དང་ཅ་དངོས་སྐྱེལ་འདྲེན་གྱི་ཚོང་ལས་ཀྱང་ཉམས་རྒུད་དུ་གྱུར་བ་དང་། ཁྱིམ་མི་མང་དུ་ཕྱིན་པས་འཚོ་བར་ཡང་དཀའ་ངལ་འཕྲད་འགོ་ཚུགས་སོང་། འོན་ཀྱང་ངས་རང་ཉིད་ཀྱི་ནུས་ཤུགས་ཡོད་རྒུ་རྩལ་དུ་བཏོན་ནས་ཁྱིམ་ཚང་འདི་ཕོངས་ནས་ཁ་མི་འཐོར་བར་འབད་བརྩོན་གང་མང་བྱས་པ་ཡིན་མོད། དེ་ནི་ཕར་བལྟས་ཚོད་ཀྱིས་ང་མི་གཅིག་པུའི་ལས་འགན་ཞིག་ལས་གཞན་ཚོར་སེམས་ཁྲེལ་གྱི་ཚོར་བ་ཅི་ཡང་མེད་པ་ལྟར་འདུག་པས། འདི་ནི་ང་མི་གཅིག་གིས་ལྕོགས་པའི་ལས་ཀ་ལས་སླ་མོ་ཞིག་ག་ལ་ཡིན། ག་ལེར་ངའི་ལུས་ལ་ངལ་དུབ་དང་སེམས་ལ་གནོན་ཤུགས་སོགས་མང་དག་ཅིག་རིམ་གྱིས་བྱུང་ནས་ངའང་དཀའ་ངལ་གྱི་དབྱིངས་ལ་འཁྲིད་སོང་། གནའ་མི་བོད་ཀྱི་གཏམ་དཔེ་ལ་”འབྱོར་བའི་ཚེ་ན་ཐམས་ཅད་གཉེན། རྒུད་པའི་ཚེ་ན་ཐམས་ཅད་དགྲ།”ཟེར་བའི་དཔེ་ལྟར། ཕྱི་མི་ཕར་ཞོག་ཐ་ན་ནང་མི་དང་གཉེན་ཉེ་ཡིན་ཟེར་མཁན་ཚོས་ཀྱང་ཁྱོད་ཀྱི་ལས་ཀ་བྱེད་སྟངས་འདིས་ཡོད་ཚད་སྡུག་ལ་སྦྱར་རབས་དང་། ཁྱོད་ཀྱི་བྱས་ཉེས་དེས་ང་ཚོ་ཡོངས་རྫོགས་ངོ་གནོངས་དགོས་པ་བཟོས་ཚུལ་བཤད་ནས་སྡུག་དམོད་དང་། འཁང་ར། ལེ་བདག་སོགས་ཡང་ཡང་བྱས་བྱུང་། ཁྱེད་རང་གིས་གཟིགས་དང་། ད་ངས་གང་འདྲ་བྱས་ན་དགའ་སམ། །
མི་ཞིག་ལ་མཚོན་ན་ང་རྒྱལ་ཡོད་ལ། སྤོབས་པའང་ཡོད་པས། གཞན་གྱི་བརྙས་བཅོས་དང་གཉའ་གནོན་ཏག་ཏག་ལ་མགོ་སྒུར་ག་ལ་ཐུབ། ངའི་བཟོད་པ་ལའང་ཚད་ཅིག་ཡོད་པ་ལྟར་ཆོས་བཟང་སྒྲོལ་མ་བུ་ཕྲུག་དང་བཅས་པའི་བྱ་སྤྱོད་ལ་བསམ་ཤེས་བྱེད་ཐབས་བྲལ་བའི་གནས་ཚུལ་འདི་དག་རེད། །
དང་པོ། ངས་ཅི་ཞིག་བྱས་ཀྱང་ཆོས་བཟང་སྒྲོལ་མའི་འདོད་པ་དང་རེ་བ་ལ་བསྟུན་དགོས་པ་མ་ཟད། ཁོ་མོའི་ཕྲུ་གུ་བཞི་ཡི་གདོང་གི་རྣམ་འགྱུར་ལའང་བལྟ་དགོས་པས་ཁོང་ཚོའི་ལུས་ངག་ཡིད་གསུམ་གྱི་རྣམ་འགྱུར་སྐྱུར་མོ་དེ་དག་གི་མནར་གཅོད་ཡང་ཡང་མྱངས་འདོད་དམ་། །
གཉིས་པ། ཆོས་བཟང་སྒྲོལ་མ་ར་བཟི་བ་དང་མོས་འཁྲུག་རྩོད་ཀྱི་འགོ་བསླངས་ཡོང་པ་རེད། འཁྲུག་རྩོད་ངར་ཤུགས་ཆེ་རུ་ཕྱིན་པ་དང་མོ་རང་གི་སྐད་ཤུགས་ཆེ་རུ་འགྲོ་ལ། སྐད་ཤུགས་ངར་མ་དེའི་ཁ་ནས་ཐོན་པའི་སྡུག་རྩུབ་ཀྱི་ཚིག་དེ་དག་གི་ངར་ཁ་བཙན་པོ་སྣ་ལ་གཟན་ཞིང་སེམས་ལ་གནགས། དེའི་མ་ཚད་ཕྲུ་གུ་ཚང་མ་ཨ་མའི་རྒྱབ་རྩར་ལངས་ནས་གདོང་ནས་རྣམ་འགྱུར་སྐྱུག་བྲོ་བ་ཞིག་དང་ཁ་ནས་མི་སྙན་པའི་ཚིག་རྩུབ་པོ་སྨྲ་བ་དེས་ངའི་ཉམ་ཆུང་གི་སེམས་པ་འདི་རྦད་དེ་བསད་སོང་། །
གསུམ་པ། ངས་ནངས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ལེ་བར་ཁྲི་ཕྲག་བརྒལ་བར་དོ་སྐྱེལ་རླངས་འཁོར་བཏང་ནས་ཐོབ་པའི་གླ་ཆ་དེ་དག་ཟ་ཤེས་འཐུང་ཤེས་ཀྱིས་ཁང་པའི་བུ་ལོན་དུ་སྤྲད། ལྷག་དངུལ་རྣམས་ཁོ་རང་ཚོའི་ཟས་གོས་སོགས་ཀྱི་འགྲོ་གྲོན་དུ་བྱིན་ནའང་མཚན་མོར་གཟིམས་འཇགས་གནང་ངོ་ཟེར་མཁན་མེད་ལ། ཞོགས་པར་གསོལ་ཇ་བཞེས་རོགས་ཟེར་མཁན་དེ་བས་ཀྱང་མེད་པས། འདི་ལྟར་རང་ཉིད་ཀྱི་ནུས་ཤུགས་དང་རྔུལ་ཁྲག་བཏང་ནས་བསགས་པའི་དངུལ་སྒོར་དེ་དག་དོན་མེད་གཙང་བོར་བསྐྱུར་བ་དང་གཅིག་པ་མ་ཡིན་ནམ། །
བཞི་བ། ང་ཤི་ན་མཉམ་ཤི་དང་གསོན་ན་མཉམ་གསོན་བྱེད་ཆོག་ཅེས་ཁས་ལེན་དང་དམ་བཅའ་བཞག་པའི་མཇུག་འབྲས་ནི་ཁ་སང་དཔལ་འབྱོར་ཡོད་དུས་དགའ་གྲོག་གྲོག་དང་། དེ་རིང་དཔལ་འབྱོར་མེད་དུས་སྡུག་གྲོག་གྲོག ཁ་ཚིག་སྙན་པོ་ཞིག་བཤད་རྒྱུ་མེད་པ། གདོང་ལ་འཛུམ་མདངས་སྟོན་རྒྱུ་མེད་པར་ང་ཁོ་ནར་ཁག་འདྲི་དང་ལེ་བདའ་ཏག་ཏག་ལས་བྱེད་མི་ཤེས་པའི་བྱ་སྤྱོད་ཅིག་ལས་མ་འདས་པས་ངས་བཟོད་སྒོམ་ཇི་ལྟར་བྱེད་དམ།” ཞེས་ཡིད་སྐྱོ་བའི་འུ་ཐུག་ཨ་ཆད་ཀྱི་རྣམ་འགྱུར་ཞིག་ཀྱང་ངོ་གདོང་ནས་རང་བཞིན་གྱིས་མངོན་བྱུང་། གང་ལྟར་ཁོང་གཉིས་ཀྱི་སྐད་ཆའི་ངོ་གདོང་ལ་བལྟས་ནས་ངས་ནི་ཁོང་གཉིས་ཀྱི་ནང་ནས་སུ་ཞིག་བདེན་མིན་དང་སུ་ཞིག་འགྲིག་མིན་ནི་བཤད་ཚོད་དཀའ་མོད། འོན་ཀྱང་ཡིད་ལ་དྲན་པ་ཞིག་ནི་བདེན་རྫུན་གྱི་དབྱེ་འབྱེད་ཐུབ་མཁན་ནི་བླ་མ་དཀོན་མཆོག་དང་ལས་རྒྱུ་འབྲས་ལས་གཞན་ཞིག་ཡོད་མི་སྲིད་འདོད་པའི་བློ་ཞིག་ཀྱང་རྒྱང་ནས་སྐྱེས་སོང་། སྐྱེས་བའི་མཐའ་མར་འཆི་བ་དང་། འཛོམས་པའི་མཐའ་མར་བྲལ་བ། ཞེས་པ་ལྟར་དོན་འགྲུབ་དང་ཆོས་བཟང་སྒྲོལ་མ་གཉིས་ཀྱི་གཏམ་རྒྱུད་ཀྱང་འདི་ལྟར་མཇུག་བསྡུས་སོང་ལ། འདི་ལྟ་བུའི་ཡིད་སྐྱོ་ཞིང་སེམས་སྡུག་པའི་གཏམ་རྒྱུད་རྫོགས་རྒྱུ་མེད་པ་ཞིག་ད་དུང་ཡང་འཇིག་རྟེན་གྱི་ཡུལ་གྲུ་གང་སར་བྱུང་དང་འབྱུང་བཞིན་པ་ནི་བཤད་མ་དགོས་པ་ཞིག་ལོས་ཡིན། མཚོ་རླབས་ཀྱིས་དེད་པའི་རླུང་བུ་གྲང་མོ་ཞིག་གིས་རང་ཉིད་ཀྱི་ངོ་གདོང་ལ་ཤུགས་ཀྱིས་གཡུགས་པས་ང་ཡང་ཕྱིར་དྲན་ཟབ་མོ་དེ་ལས་ཧོབ་ཀྱིས་དཀྲོགས་བྱུང་། དེ་རིང་ནི་ཁ་སང་ནང་བཞིན་ཉི་འོད་ཧ་ཅང་དྲོ་ལ། རླུང་བུ་ཡང་སྔར་བཞིན་ཤིན་ཏུ་འཇམ། མདུན་ཕྱོགས་ཀྱི་མཚོ་ཁ་ནས་གཞོན་ནུ་ཕོ་མོ་གཉིས་ཀྱིས་ཕན་ཚུན་གྱི་ལག་ཟུང་དམ་དུ་འཇུས་ནས་བདག་གི་ཕྱོགས་སུ་ག་ལེར་ཡོང་བཞིན་པའི་སྣང་བརྙན་ཞིག་ཀྱང་མཐོང་བྱུང་ཡང་། ང་ནི་རིམ་བཞིན་མཚོ་འགྲམ་འདི་དང་ཁ་གྱེས་དགོས་བྱུང་། །
དངོས་སྒུང་དང་རྩོམ་སྒྲུང་གང་ཡིན་ཅིང་སྙན་གཏམ་བྱུང།
སྣ་དེ་རྣ་ལ་བཅོས།
སྒྲུང་གཏམ་སྙན་པོ་བྱུང་་་་ཁྱེད་ཀྱི་གྲྭ་བ་མང་པོ་ཞིག་རྫོགས་གྲྭ་བ་མང་པོ་ཞིག་གཡུག དེའི་བསྐོར་ཀྱི་སྒྲུང་ཞིག་དངོས་ནས་ཀློགས་ན་འདོད་ཀི།
ཡུལ་གྱར་བའི་ཉིན་རེའི་འཚོ་བ་དངོས་དང་འབྲེལ་བའི་གསར་འགྱུར་རང་བཞིན་གྱི་སྒྲུང་གཏམ་འདི་རྩོམ་པ་པོས། རྒྱུ་ཆ་དངོས་འབྲེལ་གཞིར་བྱས་ནས་ཟུག་པོར་བཞེངས་པར་བྲོ་བ་ཆེན་པོས་ཆ་ཚང་བཀླགས་པ་ཡིན། ཡི་རང་ཞུ། ཤིན་ཏུ་ལེགས། ཁ་བརྡར་མཆན་ཉོག་བྲིས་པ་ལས་བརྩམས་སྒྲུང་འདི་རིགས་ཀློག་ན་དགེ་མཚན་དང་སྐྱིད་སྣང་ཤར།